User:Jampa Norgyal

ཡོང་ཁུངས་Wikipedia

རྗེ་བཙུན་བླ་མ་བྱམས་པ་ཆོས་གྲགས་དཔལ་བཟང་པོ།

   དེ་ཡང་ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེ་དགུ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་བཙུན་བྱམས་པ་ཆོས་གྲགས་དཔལ་བཟང་པོ་མཆོག་ནི་ཆབ་མདོ་རྫོང་ལས་ཐག་མི་རིང་བ་གཉའ་རྟ་གྱེན་སློང་ཚང་ཞེས་བྱ་བ་ན།  ཡབ་ཚེ་རིང་དངོས་གྲུབ་དང༌།  ཡུམ་གཡུ་སྒྲོན་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་༡༩༣༢ ལོར་ངོ་མཚར་བའི་ལྟས་དང་བཅས་སྐྱེ་དགུའི་བསོད་ནམས་མིག་གི་བདུད་རྩིར་མངོན་པར་གསལ་བར་གྱུར་ཏོ།།


   གང་ཉིད་དགུང་གྲངས་བཞིར་སོན་པ་ན། ༧སྐྱབས་རྗེ་རྡོ་རྗེ་འཆང་བདེ་ཆེན་སྙིང་པོས། ལུང་རྟོགས་ཡོན་ཏན་གྱི་དབང་ཕྱུག་དམ་པ་གདོང་ཀོང་སྤྲུལ་སྐུ་ངག་དབང་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་མཆོག་སྤྲུལ་དུ་ངོས་འཛིན་མཛད་དེ་དམ་པ་འདི་ཉིད་ཆབ་དགོན་མཚན་ཉིད་གྲྭ་ཚང་རང་གིས་བདག་པོ་བརྒྱབ་སྟེ་གྲྭ་ཚང་འདི་ཉིད་དུ་བཞུགས་སུ་གསོལ་ན་མ་འོངས་པར་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་ཆེན་པོ་འོང་ཞེས་མཚན་གྲྭའི་ལས་སྣེ་སྤྱི་མགྲིན་ལ་བཀའ་གནང་བ་ལྟར་དགུང་གྲངས་དགུར་བཞེས་པ་ན། སྔོན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་དགུང་ལོ་བཅུ་དྲུག་པར་དབུས་ཕྱོགས་སུ་ཕེབས་པའི་ལམ་བར་དགོན་མལ་འདིར་ཞག་བཞུགས་མཛད་སྐབས་གནས་བརྟན་བཅུ་དྲུག་དང༌། མགོན་པོ་ཕྱག་དྲུག་པ་སོགས་ཀྱིས་ཞལ་གཟིགས་བྱུང་ཞིང༌། དེ་སྐབས་སྐུ་འཁོར་རྣམས་ལ་གནས་འདིར་འཕགས་པའི་གནས་བརྟན་ཆེན་པོ་བ་ཀུ་ལས་བདག་གིར་མཛད་པའི་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་ཚུགས་ཤིང་འདོད་དགུ་འབད་མེད་དུ་ཚང་བ་འབྱུང་ཞེས་དང༌། དེའི་ནངས་པར།འདི་ན་མ་འོངས་པར་དགེ་འདུན་སྟོང་ལྷག་འདུ་བའི་དགོན་པ་འོང་བར་འདུག་ཅེས་ལུང་བསྟན་ཅིང་བྱིན་གྱིས་བརླབས་པར་མཛད་པའི་མདོ་སྔགས་བཤད་སྒྲུབ་ཀྱི་བསྟི་གནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་ཆབ་མདོ་དགེ་ལྡན་བྱམས་པ་གླིང་གི་ཆོས་གྲྭར་ཞུགས་ཏེ། བརྟན་མཁས་ཡོན་ཏན་གྱི་མངའ་བདག་མང་ཐོས་འདུལ་འཛིན་ཆེན་པོ་རྗེ་བཙུན་བློ་བཟང་དོན་འགྲུབ་མཆོག་དང༌། མཚུངས་མེད་བསྟན་པའི་རྩ་ལག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བྱམས་པ་མཐའ་ཡས་དཔལ་བཟང་པོ་གཙོས་ས་སྟེང་ན་འགྲན་ཟླ་བྲལ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཅིང་རྒྱལ་སྲས་ཆེན་པོ་རྟག་ཏུ་ངུ་དང་མི་གཉིས་པར་གྱུར་ཏེ། སྨིན་བྱེད་ཀྱི་དབང་དང་རྗེས་གནང༌། གྲོལ་བྱེད་ཀྱི་ཁྲིད་དང་ཞལ་ཤེས། རྒྱབ་རྟེན་གྱི་ལུང་དང་བཤད་པ་བཅས་དམ་ཆོས་བདུད་རྩིའི་བགོ་སྐལ་མཐའ་དག་བུམ་པ་གང་བྱོའི་རྣམ་པར་ལྷག་མེད་དུ་བཞེས་ནས། མང་དུ་ཐོས་པའི་ཟླ་བའི་དཀྱིལ་འཁོར་གྱི་ཉ་ཡོངས་སུ་གང་བར་གྱུར་ཏོ།།
   དེ་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མཉམ་མེད་ཙོང་ཁ་ཆེན་པོ་ཡབ་སྲས་ལ་གནང་བའི་ཁྱད་པར་གསུམ་ལྡན་གྱི་མན་ངག་ཟབ་མོ་བཞིན་ཉིན་མཚན་ཁོར་མོ་ཡུག་ཏུ་མདོ་སྔགས་གསུང་རབ་ཀྱི་དོན་ལ་དཔྱད་པ་ཞིབ་མོར་མཛད་པ་སོགས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་འབད་པ་ལྷུར་ལེན་གྱིས་རྟག་ཏུ་ཉམས་བཞེས་ལ་འགྲུས་པར་མཛད་ཅིང༌། རྙེད་བཀུར་དང་གྲགས་སྙན་འཚོལ་བ་ལ་ཅུང་ཟད་ཀྱང་མི་རེ་བར་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་ཆོས་གོས་ངན་ངོན་ཙམ་གྱིས་ཆོག་པ་སོགས་འཕགས་པའི་རིགས་བཞི་ལ་བསྟེན་གོམས་ཚུལ་བཞིན་མཛད་དེ། སྒྲ་དང་སྙན་ངག་སོགས་ཐ་སྙད་ཀྱི་རིག་གནས་སྤྱི་དང༌། ཁྱད་པར་དབུ་ཕར་འདུལ་མཛོད་ཚད་མ་གསང་སྔགས་དང་བཅས་པ་སྦྱང་བར་བྱ་བའི་གནས་ཡོད་དོ་ཅོག་ལ་མཁས་པར་སྦྱངས་ཏེ་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་སྙིང་པོར་མཛད་པས་མཉམ་མེད་ཇོ་བོ་ཆེན་པོ་དང༌། འཇམ་མགོན་བླ་མ་ཡབ་སྲས་ཀྱི་གདུང་འཚོབ་ཆེན་པོར་གྱུར་པ་ན། ལུང་རིགས་ཀྱིས་ཕྱུག་པའི་མཁས་མང་བློ་གསལ་མཐའ་ཡས་པའི་དབུས་སུ་གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཚན་བཏགས་བཞེས་ཏེ༑ གཞུང་ཆེན་མོའི་དཀའ་གནད་ལ་གོ་བ་སྟེར་ཕུལ་ཆེ་བའི་ལྗགས་ལན་ཅི་བདེར་གནང་བས་མཚོན། དོན་དང་མཐུན་པའི་སྙན་གྲགས་ཀྱི་འབྲུག་སྟོང་མཁའ་ལ་ལྡིར་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བ་དན་དཀར་པོ་འོག་མིན་གྱི་བར་དུ་བསྒྲེངས།།
   དེ་བཞིན་སྐུ་ཆུང་ངུའི་དུས་ནས་ཀྱང་རང་གཞན་གྱི་དོན་སྒྲུབ་པ་ལ་ཕུན་སུམ་ཚོགས་པའི་རྒྱུ་སྤྱན་དང་མངོན་ཤེས་སོགས་ཕུལ་དུ་བྱུང་བའི་ཡོན་ཏན་གྱིས་ཐུགས་ཀྱི་བང་མཛོད་བྱུར་བུར་གཏམས་ནའང་བུམ་ནང་གི་མར་མེ་བཞིན་དུ་མི་མངོན་པར་སྦ་བར་མཛད་དེ། ཡོན་ཏན་ཀུན་གྱི་གཞི་མ་སྡོམ་གསུམ་རྣམ་པར་དག་པའི་ངོས། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་སོགས་དམ་པའི་རྣམ་ཐར་གཙང་མ་བདག་གིར་བཞེས་ཏེ་ཆབ་དགོན་ཉམས་གསོ་དབུ་ཚུགས་ཟིན་རྗེས། རབ་རྒྱལ་ཤིང་གླང་སྤྱི་ལོ་༡༩༨༥ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ཆབ་མདོ་དགེ་ལྡན་བྱམས་པ་གླིང་གི་མཁན་ཁྲིར་མངའ་གསོལ་བ་ནས་ད་ལྟའི་བར་བགྲང་བྱ་ཉེར་བཞིའི་རིང་བསྟན་འགྲོའི་དོན་ཆེན་བསྒྲུབ་པར་སྐྱོ་ངལ་གཏན་ནས་མི་མངའ་བར་དགོན་འདིའི་འཛིན་གྲྭ་ཡོངས་ལ་གཞུང་ཆེན་མོའི་དཔེ་ཁྲིད་དང༌། ལོ་ལྟར་ལམ་རིམ་ཆེ་ཆུང་དང༌། སྔགས་རིམ་ཆེན་མོ། གསང་འདུས་འགྲེལ་པ་བཞི་སྦྲགས་སོགས་ཀྱིས་མཚོན་མདོ་སྔགས་ཆོས་ཀྱི་གྲུ་ཆར་འཛད་མེད་དུ་འཇོ་བ་དང་ཆབས་ཅིག་བར་ཁམས་ཀྱི་ལྗོངས་འདིའི་དགོན་མ་ལག་དང་བཅས་པ་རྣམས་སུའང་སྐུ་ངལ་འཛེམ་མེད་ཀྱིས་སྔ་ཕྱིར་མང་དུ་ཕྱག་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཅི་འདོད་དུ་བསྩལ་བས་སྐལ་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པ་དག་རྒྱུད་མ་སྨིན་པ་རྣམས་སྨིན་པར་མཛད་ཅིང༌། སྨིན་པ་རྣམས་གྲོལ་བ་དང༌། གྲོལ་བ་རྣམས་མཐར་ཕྱིན་པར་མཛད་པ་སོགས་ཀྱིས་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དང་གཙུག་གི་རྒྱན་དམ་པར་གྱུར་པ་དང་།    དེ་བཞིན་དམ་པ་འདིས་ཆོས་ཐོག་སྐབས་གཙོ་བོ་ཀློག་པ་ཐོས་བསམ་དང༌༑ ཆོས་མཚམས་སྐབས་འཆད་ཉན་དགོས་ཚེ་མ་གཏོགས་བཅད་རྒྱའི་ངོས་ཡི་དམ་དུ་མའི་བསྙེན་སྒྲུབ་སོགས་ཐུན་གྱི་རྣལ་འབྱོར་ལ་རྟག་ཏུ་གཞོལ་བར་མཛད་དེ་ཀུན་གྱི་སྐྱབས་གནས་སུ་གྱུར་ཅིང་ལོངས་སྤྱོད་དཔག་མེད་ངང་གིས་འདུ་ནའང༌། སྲིད་འབྱོར་ལ་འཛིན་ཆགས་གཏན་ནས་མི་མངའ་བར་སྲིན་མོའི་བསླུ་བྲིད་ཀྱི་མཚང་ལྟར་གཟིགས་ཏེ་ཕྱོགས་འདིའི་འདུས་སྡེ་རྣམས་སུ་གཏོང་སྒོ་དང༌། མཆོད་འབུལ། སྐུ་གསུང་ཐུགས་རྟེན་བཞེངས་པ་བཅས་ཞིང་དམ་པ་ཁོ་ནར་གཏོང་བ་སོགས་ལེགས་མཛད་མཐའ་དག་ལ་ཀུན་གྱིས་ཡི་རང་ཞིང་བསྔགས་བརྗོད་ཀྱིས་དུས་འདའ་བར་གྱུར།
   དམ་པ་ཁོང་གཞུང་བཀའ་པོད་ལྔ་དང༌།  ཐ་སྙད་རིག་གནས་སྤྱི་ལ་ནང་བྱན་ཆུད་པ་མཁའ་པའི་གོ་འཕང་མཐོན་པོར་གཤེགས་ཀྱང༌།  ད་དུང་ཐོས་པས་ནམ་ཡང་མི་ངོམ་པར་རིག་གནས་སྤྱི་དང་ལྷག་པར་གཞུང་ཆེན་རྣམས་ཀྱི་དཔེ་གཟིགས་རྒྱུན་མར་མཛད་དེ་རང་ཉིད་ཀྱི་ཐོས་པ་རྒྱ་མཚོ་གོང་ནས་གོང་དུ་སྤེལ་ནས་མ་རྟོགས་ལོག་རྟོགས་དང༌།  ཐེ་ཚོམ་གྱི་དྲྭ་བ་མ་ལུས་པར་སེལ་བ་དང་། རིས་སུ་མ་ཆད་པའི་ཆོས་རྒྱུད་གྲུབ་མཐའ་ཁག་གི་བསྟན་དང་བསྟན་འཛིན་བཅས་པར་མཉེས་གཤིན་ལྷག་བསམ་དང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དོ།  དེ་ཡང་དགོན་པ་ཉམས་གསོའི་རྗེས་སུ་བར་ཁམས་ཀྱི་ཕྱོགས་འདིར་བསྟན་པ་ཡང་དར་གྱི་མེ་རོ་གཞི་བཞེངས་སུ་སློང་བར་མཛད་པ་ལ་བཀའ་དྲིན་དང་ཐུགས་སྟོབས་འགྲན་ཟླ་དང་བྲལ་བའི་རྒྱལ་སྲས་སྙིང་སྟོབས་ཆེན་པོ། ཡོངས་འཛིན་རྡོ་རྗེ་འཆང་རྗེ་བཙུན་ཐུབ་བསྟན་དམ་པ་དཔལ་བཟང་པོའི་ཞལ་སྔ་ནས་ཟབ་རྒྱས་ཀྱི་ཆོས་བཀའ་ཡོངས་སུ་རྫོགས་པ་རྣམས་གསན་པ་དང༌།    བླ་མ་མཆོག་དགུང་ལོ་བདུན་ཅུ་ལ་ཉེ་བའི་སྐབས་དེར། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་ཆབ་དགོན་བྱམས་གླིང་དུ་གདན་དྲངས་ཏེ་ཁོང་ཉིད་ཀྱི་མདུན་ནས་སྒྲུབ་ཐབས་རིན་པོ་ཆེ་འབྱུང་གནས་གཙོས་པའི་ཆོས་བཀའ་དབང་ལུང་བརྒྱ་ཕྲག་མང་པོ་དང༌།  དབྱངས་ཅན་སྒྲ་མདོ་སོགས་རིག་གནས་སྐོར་མང་པོ་གསན་བཞེས་མཛད་པ་དང༌།   དགུང་གྲངས་བདུན་ཅུ་དོན་དྲུག་བདུན་སོན་སྐབས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ།   རྒྱུད་སྟོད་མཁན་པོ་སྔགས་ཆེན་རྡོ་རྗེ་འཆང་བློ་བཟང་ཆོས་གྲགས་དཔལ་བཟང་པོའི་དྲུང་དུ་ཆེད་བཅར་གྱིས་གསང་འདུས་འགྲེལ་བ་བཞི་སྦྲགས་དང༌།  ས་སྐྱའི་གསེར་ཆོས་བཅུ་གསུམ།  བཀའ་གདམས་ཆོས་སྐོར་སོགས་དབང་ལུང་ཁྲིད་རྒྱུན་ཅུང་དཀོན་གྲས་རྣམས་སྐུ་ན་ཤིན་ཏུ་བགྲེས་པའི་དཀའ་ཚེགས་ལ་མ་ལྟོས་པར་སྔ་ཕྱིར་ཟླ་བ་ཁ་ཤས་རིང་གསན་བཞེས་མཛད་པ་དང༌།  དེ་འཕྲལ་བར་ཁམས་སུ་ཆིབས་ཞལ་བསྒྱུར་ཏེ་བསྙེན་སྒྲུབ་ལས་གསུམ་མཛད་ཅིང་དབང་ལུང་ཁྲིད་རྒྱུན་རྣམས་དུས་ཐོག་ཏུ་ཆབ་དགོན་འདུས་མང་ཚོགས་ལ་འཆད་སྤེལ་གྱིས་ལུས་དང་སྲོག་ལ་མི་བལྟ་བར་གཅིག་ཏུ་བསྟན་པ་རིན་པོ་ཆེ་ཐུགས་ལ་བརྣག་པའི་འཛིན་སྐྱོང་སྤེལ་ཐབས་གནང་བའི་རྣམ་ཐར་བཟང་པོ་རྗེས་འཇུག་གདུལ་བྱའི་མིག་རྒྱན་དུ་འཇོག་གནང་མཛད་པ་ཚང་མས་མཁྱེན་དགོས་པ་བཅས་སོ།  
    མདོར་ན་མདོ་ཁམས་ཀྱི་ལྗོངས་འདིར་བཀའ་པོད་ལྔའི་འཆད་ཉན། རིགས་ཆེ་ཆུང་གི་ཚོགས་ལངས། དགེ་བཤེས་ཀྱི་མཛད་སྒོ། གཞི་གསུམ་གྱི་ཉམས་ལེན།  རྒྱུད་སྡེ་རྣམས་ཀྱི་རྡུལ་ཚོན་དང་འབྲེལ་བའི་སྒྲུབ་མཆོད་བཅས་སྔར་མེད་གསར་འཛུགས། ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་དང་ཆབས་ཅིག་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་བཟང་པོའི་གདུལ་བྱ་མཐའ་ཡས་པའི་རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་བླ་ན་མེད་པ་བསྐྲུན་པར་མཛད་ཅིང༌།  ཁྱད་པར་དུ། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་གསུངས་པ་ལྟར། ལུང་རྟོགས་ཀྱི་བསྟན་པ་རྒྱས་པའམ་ལྷ་མིར་བཅས་པའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མེད་པ་ནི་དགེ་འདུན་གྱི་སྡེ་ཡིན་ལ། དེ་ཡང་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་པ་ཉིད་ཡིན་པས། ཕྱོགས་འདིའི་དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཞིང་ལྟ་གྲུབ་གཙང་བ། སྒོ་གསུམ་གྱི་སྤྱོད་པ་ཞི་དུལ་གྱིས་གཟུར་གནས་ཀྱི་སྐྱེ་བོ་མཆོག་དམན་ཀུན་གྱི་སྨོན་གནས་སུ་གྱུར་པ་འདི་ནི་མདོ་ཁམས་བསྟན་པའི་སྒྲོན་མེ་༧འཕགས་ཆེན་ཕྱག་ན་པདྨོ་ཡབ་སྲས་རྣམས་ཀྱི་ཐུགས་རྗེའི་གྲིབ་བསིལ་འོག་རྗེ་བླ་མ་འདི་ཉིད་ཀྱི་འཕྲིན་ལས་ཉག་གཅིག་ལས་བྱུང་བ་ཀུན་ལ་གྲགས་ཤིང་གྲུབ་པ་ལྟར་ལ། རྗེ་དམ་པ་འདི་འཕྲིན་ལས་ཤིན་ཏུ་རྒྱས་ཤིང་བསྟན་འགྲོའི་བྱ་བ་གང་བརྩམས་ཀྱང་བར་ཆད་ཀྱི་མཚན་མ་གཏན་ནས་མི་འབྱུང་བ་ཞིག་ཡོད་པ་ནི། དགེ་བའི་བཤེས་གཉེན་རྣམས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པའི་བྱིན་མཐུ་ཁོ་ན་སྟེ།  རྗེ་ཉིད་ཀྱི་ཞལ་ནས།  ང་སྔོན་སློབ་གཉེར་བྱས་པའི་སྐབས་སུ་ཕྱི་རོལ་ཏུ་སོང་ཚེ་མི་གཞན་དང་གཏམ་བཤད་ནས་ཅུང་ཟད་གཡེངས་པ་ན་རྒན་རིན་པོ་ཆེའི་ཐུགས་དང་འགལ་བར་དོགས་ནས་དེའི་ཚོད་ཙམ་བང་རྩལ་གྱིས་འགྲོ་བ་ཞིག་ཡོད། ཅེས་དང༌།  ང་ཆོས་ཁྲིའི་སྟེང་དུ་བསྡད་ནས་གསུངས་རབ་ཀྱི་དོན་ལ་དཔྱད་སྐབས་སྔར་དང་ཡེ་མི་འདྲ་བར་བདེ་བླག་ཏུ་གོ་བ་ཞིག་ཡོད་ལ་དེ་ནི་བཤེས་གཉེན་བསྟེན་ཚུལ་ལེགས་པོ་བྱུང་བའི་རྟགས་ཡིན་ནམ་སྙམ། ཞེས་གསུངས་པ་ལྟར་ཏེ། ཀུན་གྱིས་མཁྱེན་ཅིང་ཉམས་སུ་བསྟར་དགོས་པ་ཞིག་གོ །
    དེ་ལྟར་བར་ཁམས་ཀྱི་ལྗོངས་འདིར་བསྟན་པའི་ཉིན་བྱེད་ཀྱི་འོད་སྣང་རབ་ཏུ་འབར་ཞིང་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་གཞི་རྐང་ལེགས་པར་ཚུགས་ཟིན་ཅིང་མཐའ་མའི་མཛད་པ་བསྟན་པ་ལ་ཉེ་བ་ན། རྗེ་བླ་མའི་ཞལ་ནས། ད་ཆ་ཆོས་འཆད་ཉན། ཆོ་ག་ཆོས་སྤྱོད། སྒྲིག་ལམ་ཀུན་སྤྱོད་སོགས་ཇི་ལྟར་ཡོད་པ་དེ་བཞིན་དུ་ཉམས་པ་མེད་པར་འཛིན་སྐྱོང་མཛོད་དང༌། ང་རང་རིང་པོར་མི་ཐོགས་པར་སྨན་ཁང་ནས་ཕྱིར་ཐོན་བྱེད་ཡོང༌། དེ་ལྟར་ཚོགས་དབུས་སུ་སྒྲོགས་པར་མཛོད། ཅེས་སྐུ་ཡི་བཀོད་པ་བསྡུ་རྒྱུའི་མཐའ་མའི་བསླབ་བྱ་བསྩལ་བ་དང་བཅས།   མཐར་སྤྱི་ལོ་༢༠༠༩ལོར་ཧོར་ཟླ་བདུན་པའི་ཚེས་བཅུ་ཉིན་ཞལ་གྱི་དཀྱིལ་འཁོར་བིམ་པ་ལྟར་རབ་ཏུ་དམར་བའི་གཟི་མདངས་དང་བཅས་པ་གཟུགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་གྱིས་རེ་ཞིག་མཁའ་སྤྱོད་ཀྱི་ཞིང་དུ་གཤེགས་སོ།
   དམ་པ་གང་དེའི་འགྲོ་བའི་བསོད་ནམས་ཀྱི་ལེགས་སྐྱེས་སུ་ལེགས་བཤད་པོད་ལྔ་བཞུགས་པ་ད་ལན་གང་གི་སློབ་བུ་དགེ་བཤེས་བྱམས་པ་སྐལ་ལྡན་གྱིས་ཕྱོགས་བསྒྲིགས་བྱས་ཏེ་རིང་མིན་རྒྱ་ཆེའི་ཀློག་པ་པོའི་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་པ་རེད།
   གསུང་འབུམ་པོད་དང་པོའི་ནང༌།  རྗེ་བཙུན་བླ་མ་མཆོག་གི་གསུང་ལས་སྐྱེས་པའི་སློབ་བུ་དགེ་སློང་འཇམ་དབྱངས་ཕུན་ཚོགས་ཀྱིས་མཛད་པའི་བླ་མ་མཆོག་གི་རྣམ་པར་ཐར་པ་དད་པའི་པད་ཚལ་རྒྱས་བྱེད་བྱིན་རླབས་འོད་སྟོང་འདྲེན་པའི་ཤིང་རྟ་དང༌།  བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ།  ལམ་རིམ་ཆེན་མོའི་བཤད་ཁྲིད་བཅས་ཆོས་ཚན་གསུམ་བཞུགས།
  གསུང་འབུམ་པོད་གཉིས་པའི་ནང༌།  བླ་མ་ལྔ་ཅུ་པ་དང༌།  རྩ་ལྟུང་སྦོམ་པའི་རྣམ་བཤད་དང༌།  བྱམས་སེམས་ཀྱི་བསླབ་བྱ་ཉིས་བརྒྱ་ལྔ་ཅུ་སོགས་ཆོས་ཚན་མང་པོ་དང༌།  ལེགས་བཤད་རྨད་དུ་བྱུང་བའི་འདུལ་སྡོམ་ཚིགས་སུ་བཅད་པ་རྒྱས་པ་ཞིག་དང་ཚད་མ་རྣམ་འགྲེལ་གྱི་དཀའ་བའི་གནད་གསལ་བར་བྱེད་པ་ལེགས་བཤད་གསེར་གྱི་ཚོམ་བུ་ཞེས་བྱ་བ་བཅས་གཞུང་ཆེན་མོའི་དཀའ་འགྲེལ་སྣ་ཚོགས་བཞུགས།
  པོད་གསུམ་པའི་ནང༌།   རྗེ་རྒྱལ་བ་གཉིས་པ་ལ་བསྟོད་པ་པད་དཀར་ཕྲེང་མཛེས་དང་ཆོས་ལ་བསྐུལ་བའི་བསླབ་བྱ་སུམ་ཅུ་པ་སོགས་སོགས་བསྟོད་ཚོགས་དང་གསོལ་འདེབས་བསླབ་བྱའི་སྐོར།  དབུ་ཕར་མཛོད་འདུལ་གྱི་གསུང་ཐོར་བུའི་སྐོར།  ལུང་ཟིན་སྣ་ཚོགས་སྐོར།  སུམ་རྟགས་གཉིས་སོགས་རིག་གནས་ཀྱི་སྐོར།    སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དང༌།  བཅོམ་ལྡན་འདས་སོ་སོར་འབྲང་མ་ལ་བརྟེན་པའི་འཁོར་ལོ་སྒྲུབ་ཚུལ་སོགས་ཡི་དམ་ཆོས་སྲུང་གི་སྒྲུབ་ཆོག་བསྐངས་འཕྲིན་སྐོར་སོགས་ཆོས་ཚན་དུ་མ་བཞུགས།
  པོད་བཞི་པའི་ནང༌།  ཆབ་མདོ་དགེ་ལྡན་བྱམས་པ་གླིང་གི་གདན་རབས་རིམ་བྱོན་གྱི་རྣམ་པར་ཐར་པ་དགེ་ལེགས་འོད་སྣང་འདྲེན་པའི་ངོ་མཚར་གཏམ་གྱི་སྐྱ་རེངས་ཞེས་བྱ་བ་ལས་སྟོད་ཆ།
  པོད་ལྔ་པའི་ནང༌།  ཆབ་མདོ་དགེ་ལྡན་བྱམས་པ་གླིང་གི་གདན་རབས་རིམ་བྱོན་གྱི་རྣམ་པར་ཐར་པ་དགེ་ལེགས་འོད་སྣང་འདྲེན་པའི་ངོ་མཚར་གཏམ་གྱི་སྐྱ་རེངས་ཞེས་བྱ་བ་ལས་སྨད་ཆ་བཅས་ལེགས་བཤད་རྨད་དུ་བྱུང་བའི་ཆོས་ཚན་དུ་མ་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་སོ།
"https://bo.wikipedia.org/w/index.php?title=User:Jampa_Norgyal&oldid=129101"ལས་སླར་རྙེད་སོང།