User:Jamnor

ཡོང་ཁུངས་Wikipedia

རིས་མེད་སྐྱེ་དགུ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ཆབ་མདོ་དགེ་ལྡན་བྱམས་པ་གླིང་གི་མཁན་ཆེན་རྡོ་རྗེ་འཆང་རྗེ་བཙུན་བྱམས་པ་ཆོས་གྲགས་(1932-2008)དཔལ་བཟང་པོ་མཆོག་ནི་ཡབ་ཚེ་རིང་དངོས་གྲུབ་དང༌། ཡུམ་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་གྱི་ལོར་ཆབ་མདོ་རྫོང་། རྔེ་གཤིས་ཤང་། གཉའ་རྟ་གྲོང་། གྱེན་སློང་ཚང་དུ་སྐུ་འཁྲུངས། ཕྱི་ལོ་༡༩༣༥ ལོར་ ༸སྐྱབས་རྗེ་བདེ་ཆེན་སྙིང་པོས་གདོང་ཀོང་སྤྲུལ་སྐུ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ། ཆབ་དགོན་མཚན་ཉིད་གྲྭ་ཚང་ནས་བདག་པོ་བརྒྱབ་ན་བསྟན་དང་འགྲོ་བར་ཕན་ཐོགས་ཆེ་བ་འོང་ཞེས་མཚན་གྲྭའི་ལས་སྣེ་སྤྱི་མགྲིན་ལ་མ་འོངས་སྔོན་གཟིགས་ཀྱིས་བཀའ་ཡི་ཅོད་པན་སྤྱི་བོའི་རྒྱན་དུ་སྩལ། ཕྱི་ལོ་༡༩༤༠ ལོར་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ། མདོ་སྔགས་བཤད་སྒྲུབ་ཀྱི་བསྟི་གནས། ཆབ་མདོ་དགེ་ལྡན་བྱམས་པ་གླིང་གི་ཆོས་གྲྭར་ཞུགས་ཏེ། མང་ཐོས་འདུལ་འཛིན་ཆེན་པོ་རྗེ་བཙུན་བློ་བཟང་དོན་གྲུབ་མཆོག་དང༌། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བྱམས་པ་མཐའ་ཡས་དཔལ་བཟང་པོ་གཙོས། བསྒྲུན་དུ་མེད་པའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ། གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་། རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་དབང་དང་། རྗེས་གནང་། མདོ་སྔགས་ཀྱི་ཁྲིད་ལུང་སོགས་དམ་པའི་ཆོས་ཀྱི་བགོ་སྐལ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་བཞེས། ཕྱི་ལོ་༡༩༥༥ ལོར་༸སྐྱབས་མགོན་རྒྱལ་བ་ཡབ་སྲས་རྣམས་དབང་ཕྱོགས་ཙི་ནའི་ཡུལ་ནས་ལྷ་ལྡན་དུ་ཆིབས་སྒྱུར་བསྐྱངས་པའི་ལམ་བར། ཆབ་མདོ་དགོན་ཆེན་བྱམས་པ་གླིང་དུ་ཞབས་ཀྱིས་བཅགས་སྐབས། སེར་བྱེས་མཁན་ཆེན་ལྷུན་འགྲུབ་ཐབས་མཁས་མཆོག་ནས་གཞུང་ཆེན་མོའི་དཀའ་གནད་དུ་མར་བརྒལ་བརྟག་གནང་བར་བཀའ་ལན་ཕུལ་བ་དང་། ཆོས་རར་བགྲོ་བས་དམ་པ་འདིའི་མཁྱེན་དཔྱོད་ཀྱི་རྩལ་ལ་རྒྱལ་བ་ཡབ་སྲས་རྣམས་ཀྱིས་བསྔགས་པའི་མེ་ཏོག་དབུ་ལ་བཅིངས་ཤིང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར། ལོ་དེར་དཀའ་ཆེན་བཞི་ཡི་གྲྭ་སྐོར་མཚན་བཏགས་ཀྱང་བཞེས། དམ་པ་འདི་ཉིད་སྡེ་སྣོད་གསུམ་ལ་མཁས་ཤིང་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་པ་སོགས། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མདོ་ཁམས་ཀྱི་ལྗོངས་འདིར་བསྟན་པའི་སྒྲོན་མེ་ཆེན་པོ་གྱུར་ཏོ།། འོན་ཀྱང་ཕྱི་ལོ་༡༩༥༩ ལོར་བོད་ཁམས་སྤྱི་མཚུངས་ལྟར་དུས་ཀྱིས་རྒུད་པས་ངལ་རྩོལ་གྱི་འཚོ་བར་རོལ་ཏེ་བགྲང་བྱ་བཅུ་ཕྲག་ཟུང་ལྷག་ཞིང་ཁུལ་དུ་བཞུགས་དགོས་བྱུང་ཡང་། བསྟན་པ་ཡང་དར་གྱི་སྐབས་སུ་མཁས་བཙུན་བཟང་པོའི་རང་བཞིན་གྱི་གསེར་མདངས་ཉམས་པ་མེད་པ་བར་ཁམས་བསྟན་པའི་ཉིན་བྱེད་ཆེན་པོ་འགྲོ་བའི་བསོད་ནམས་ཀྱི་མཁའ་ལ་འཕགས་ཤིང་། ཕྱི་ལོ་༡༩༨༢ ལོར་ཆབ་དགོན་ཉམས་གསོའི་དབུ་ཚུགས་པ་ནས་རྒྱུན་བཞུགས་མཛད་དེ་བསྟན་པའི་མེ་རོ་རྨང་ནས་གསོས། ཕྱི་ལོ་༡༩༨༥ ལོའི་བོད་ཟླ་༡ ཚེས་༡༥ ཉིན་མཁན་ཁྲིར་མངའ་གསོལ་གྱིས་དགུང་གྲངས་ཉེར་བཞིའི་རིང་རྒྱུན་དུ་འཛིན་གྲྭ་ཡོངས་ལ་བཀའ་པོད་ལྔའི་འཆད་ཁྲིད་དང༌། བར་ཁམས་འདིའི་དགོན་སྡེ་མ་ལག་དང་བཅས་པར་མདོ་སྔགས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཅི་འདོད་དུ་བསྩལ་བས་སྐལ་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པའི་བསོད་ནམས་ཀྱི་ཞིང་དང་གཙུག་གི་རྒྱན་དམ་པར་གྱུར། སྤྱིར་མགོན་པོ་གང་ཉིད་ཕྱི་ནང་གི་ཐ་སྙད་རིག་གནས་ཡོད་དོ་ཅོག་ལ་ནང་བྱན་ཆུད་དུ་ཟིན་ཀྱང། ནམ་ཡང་ཐོས་པས་ངོམས་ཚུལ་མི་མཛད་པར་རིག་གནས་སྤྱི་དང་། ལྷག་པར་གཞུང་ཆེན་རྣམས་ལ་རྒྱུན་གཟིགས་ཀྱིས་མ་རྟོགས་ལོག་རྟོག་གི་དྲི་མ་མཐའ་དག་བསལ་ཅིང་། བསྟན་ལ་སྟོན་པ་གཉིས་པ་ལྟ་བུའི་བཀའ་དྲིན་དང་། ཐུགས་སྟོབས། འགྲན་ཟླ་དང་བྲལ་བ་ཡོངས་འཛིན་རྗེ་བཙུན་ཐུབ་བསྟན་དམ་པ་དཔལ་བཟང་པོའི་ཞལ་སྔ་ནས་ཟབ་རྒྱས་ཆོས་བཀའ་མ་ལུས་པ་གསན་བཞེས་དང་། ཕྱོགས་དང་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་གི་བསྟན་པ་དེ་འཛིན་དང་བཅས་པ་ལ་ཡང་མཉེས་གཤིན་ལྷག་བསམ་དང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དེ། ཕྱི་ལོ་༡༩༩༠ ལོར་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ཆབ་དགོན་དུ་གདན་ཞུས་ཀྱིས་སྒྲུབ་ཐབས་རིན་པོ་ཆེ་འབྱུང་གནས་གཙོས་དབང་ལུང་བརྒྱ་ཕྲག་མང་པོ་དང༌། དབྱངས་ཅན་སྒྲ་མདོ་སོགས་རིག་གནས་ཀྱི་སྐོར་ཡང་གསན་གནང་མཛད་པ་དང་། ཕྱི་ལོ་༢༠༠༣ དང་༢༠༠༥ སོ་སོར་སྐུ་བགྲེས་པའི་དཀའ་ཚེགས་ལའང་མ་ལྟོས་པར་དགེ་བའི་བཤེས་གཉེན་ཆེན་པོ་སྔགས་ཆེན་རྡོ་རྗེ་འཆང་བློ་བཟང་ཆོས་གྲགས་དཔལ་བཟང་པོའི་དྲུང་དུ་ཆེད་བཅར་གྱིས་གསང་འདུས་འགྲེལ་པ་བཞི་སྦྲགས་དང༌། ས་སྐྱའི་གསེར་ཆོས་བཅུ་གསུམ། བཀའ་གདམས་ཆོས་སྐོར་སོགས་དབང་ལུང་ཁྲིད་རྒྱུན་དཀོན་གྲས་རྣམས་སྔ་ཕྱིར་ཟླ་ཤས་རིང་གསན་གནང་ཞིང་། ཆབ་དགོན་དུ་ཆིབས་ཞལ་བསྒྱུར་རྗེས་བསྙེན་སྒྲུབ་ལས་གསུམ་མཛད་ཅིང་འདུས་མང་ཡོངས་ལ་འཆད་སྤེལ་ལྟ་བུས་མཚོན། སྐུ་ཚེ་གང་པོར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་ཐུགས་ལ་བརྣག་པའི་རྣམ་ཐར་བཟང་པོ་ཕྱི་རབས་བསྟན་པའི་མིག་རྒྱན་དུ་འཇོག་གནང་མཛད། མདོར་ན། མདོ་ཁམས་ས་ལའི་ལྗོངས་འདིར་འཇམ་མགོན་རྒྱལ་བ་གཉིས་པའི་གདུང་འཚོབ་ཉག་གཅིག་དང། ལྷག་པར་དགོན་འདིར་བཀའ་པོད་ལྔའི་འཆད་ཉན། རིགས་ཆེ་ཆུང་། དགེ་བཤེས། གཞི་གསུམ་གྱི་ཉམས་ལེན། རྒྱུད་སྡེའི་སྒྲུབ་མཆོད་སོགས་སྒོ་གང་སར་སྔར་མེད་གསར་འཛུགས། ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་གྱིས་ཕྱོགས་འདིའི་དགེ་འདུན་པ་རྣམས་ཀྱང་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་དབྱར་མཚོ་ལྟར་ཤིན་ཏུ་རྒྱས་པ་ནི། དམ་པ་འདིའི་བཀའ་དྲིན་དང་འཕྲིན་ལས་ཉག་གཅིག་ལས་བྱུང་བ་ཡོངས་སུ་གྲགས་ཤིང་ཚད་མས་གྲུབ་པ་ཡིན། དེ་ལྟར་བར་ཁམས་ཀྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་རྨང་ལེགས་པར་བཙུགས་ཟིན་ཅིང་མཛད་པ་མཐའ་མ་བསྟན་ལ་ཉེ་བ་ན། མགོན་པོ་གང་གི་ཞལ་ནས། "ད་ཆ་དགོན་པའི་སྒྲིག་ལམ་ཀུན་སྤྱོད་སོགས། བྱེད་སྒོ་ཇི་ཡོད་ཁག་མི་ཉམས་རྒྱུན་འཛིན་གནང་དང༌། ང་རང་སྨན་ཁང་དུ་བསྐྱོད་དེ། རིང་མིན་ཕྱིར་ཐོན་ཡོང་། དེ་ལྟར་ཚོགས་དབུས་སུའང་སྒྲོགས་པར་མཛོད་"གསུངས། རྒྱ་ནག་སྨན་ཁང་དུ་རྡོག་ཐོན་སྐབས་ཆབ་མདོའི་གྲོང་ཁྱེར་གྱི་འདབས་ནས་རླངས་འཁོར་ཁ་ཕྱིར་བསྐོར་ནས་དགོན་པའི་ཕྱོགས་སུ་ཅུང་ཟད་བསྐྱོད་བཅུག་སྟེ། "སླར་ཡང་དགོན་འདིར་ཕེབས་པའི་རྟེན་འབྲེལ་ཡིན་"གསུངས། དམ་པ་འདི་ཉིད་ཆུང་དུས་ནས་སྤྱན་དང་མངོན་པར་ཤེས་པའི་ཐུགས་ཀྱི་བང་མཛོད་བྱུར་བུར་གཏམས་པ་ཡོངས་གྲགས་ལྟར་དང་། སྐྱེ་འཆི་ལ་རང་དབང་མངའ་བས་དད་ལྡན་བུ་སློབ་རྣམས་ལ་དགའ་སྐྱོ་ཟུང་གི་ཚོར་བ་སྟེར་བའི་མཛད་པ་དུ་མ་བསྟན་ཏེ། མཐར་ཕྱི་ལོ་༢༠༠༨ ཟླ་༩ ཚེས་༡༠ དང་། བོད་ཟླ་༧ ཚེས་༡༠ ཉིན་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཏེ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་གཤེགས་སོ།། །།

"https://bo.wikipedia.org/w/index.php?title=User:Jamnor&oldid=129449"ལས་སླར་རྙེད་སོང།