User:ངག་དབང་བསོད་ནམས།/ལེའུ་དང་པོ།རྒྱལ་པོ་སྤྲིན་གྱི་གཞོན་པ་རྒྱལ་སྲིད་ལ་མ་ཆགས་པར་ ་ ་ ་

ཡོང་ཁུངས་Wikipedia

རྩོམ་ཡིག་གི་ཁུལ།

ལེའུ་དང་པོ།རྒྱལ་པོ་སྤྲིན་གྱི་གཞོན་པ་རྒྱལ་སྲིད་ལ་མ་ཆགས་པར་ཡབ་ཡུམ་གྱི་སྲི་ཞུར་བརྩོན་བཞིན་པའི་
མཐརའཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་རྐྱེན་དམ་པ་བཙུན་མོ་རིན་ཆེན་མ་ལ་ཡ་ཅན་
མ་གྲོགས་སུ་ཁུག་པའི་དགེ་མཚན་ཐོག་མར་ཤར་བའི་སྐོར།

ཐབས་མཁས་ཐུགས་རྗེས་ཤྰཀྱའི་རིགས་འཁྲུངས་ཤིང་།གཞན་གྱིས་མི་ཐུབ་འདུད་ཀྱི་དཔུང་བཅོམ་ཏེ།གསེར་གྱི་ལྷུན་པོ་ལྟ་བུའི་ལྗིད་པའི་སྐུ།ཤྰཀྱའི་གཙོ་བོ་དེ་ལ་གུས་ཕྱག་འཚལ།ཞེས་སོགས་ཚིགས་བཅད་གཅིག་གིས་མཚོན་སྔོན་གྱི་གསུང་རྒྱན་ཇི་ཡོད་སྐབས་སྦྱར་དང་།ཁྱད་པར་ ཡང་སྔོན་བདག་ཅག་གི་སྟོན་པ་རིན་པོ་ཆེ་བྱང་ཆུབ་ཀྱི་ལམ་ལ་མ་བཞུགས་པའི་གོང་དུ་སྐུའི་སྐྱེ་བ་བཞེས་པ་ན་རང་ཅག་ཐ་མལ་བ་དག་ དང་མཚུངས་པས་བསམ་གྱིས་མི་ཁྱབ་བརྗོད་ཀྱི་མི་ལང་ཞིང་།སྔོན་བསྐལ་པ་དཔག་མེད་ཀྱི་སྔ་རོལ་དུ་རྒྱལ་པོ་འོད་ལྡན་ཞེས་བྱ་བར་སྐུ་ འཁྲུངས་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་དབུ་བཟུངས་བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པའི་བར་དུ་སྐུའི་འཁྲུངས་ རབས་བཞེས་པའང་བསམ་གྱིས་མི་ཁྱབ་བརྗོད་ཀྱི་མི་ལང་བའི་ནང་ནས་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་རི་བོ་མ་ལ་ཡ་དང་ཉེ་བའི་སའི་ཆ་ན་ཆོས་དང་དཔལ་འབྱོར་བསམ་གྱི་མི་ཁྱབ་པའི་གྲོང་ཁྱེར་ཆེན་པོ་གསེར་ཞེས་བྱ་བའི་དབུས་སུ།ས་བདག་དེ་ཉིད་ཀྱི་བསོད་ ནམས་ལས་འགྲུབ་པའི་དཔག་བསམ་གྱི་ཤིང་འདོད་དགུ་འབད་མེད་དུ་འཇོ་བ་ལ་སོགས་མངའ་ཐང་བསམ་གྱིས་མི་ཁྱབ་པའི་ཕོ་བྲང་ཆེན་ པོ་ཞིག་ན།གཏོང་བ་དང་སྙིང་བརྗེ་ལ་སོགས་པའི་ཡོན་ཅན་དུ་མས་མཛེས་པ་ལྷའི་རིགས་ལས་རིག་པ་འཛིན་པའི་གཙུག་རྒྱན་ཡབ་རྒྱལ་པོ་སྤྲིན་གྱི་ཏོག་ཅེས་བྱ་བ་དང་།བུད་མེད་ཀྱི་སྐྱོན་དང་བྲལ་ཞིང་།དད་བརྩོན་སྙིང་རྗེ་ཤེས་རབ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པའི་ ཆོས་སྤྱོད་མ་ཞེས་བྱ་བ་གཉིས་ལ།སྲས་བྱང་ཆུབ་སེམས་དཔའ་སྤྲིན་གྱི་གཞོན་པ་ཞེས་བྱ་བ་ཞིག་འཁྲུངས་ཏེ་སྐུའི་ན་ཚོད་དར་ལ་བབས་པའི་ཚེ་ན།ཡབ་ཀྱི་ཐུགས་ལ་ད་ནི་ང་རང་ལས་ལྷག་པའི་བུ་མཆོག་འདི་ལྟ་བུ་ཡོད་བཞིན་དུ་རང་ཉིད་རྒྱལ་སྲིད་ཀྱི་ངལ་བ་ལ་བརྟེན་པ་དོན་མ་ མཆིས་པས།ད་ནི་ན་ཚོད་ཀྱང་ཆེས་ཆེར་ཡོལ་བ་བཅས་འཇིག་རྟེན་ཕྱི་མའི་དོན་ཆེན་བསྒྲུབ་པར་རིག་པ་དགོངས་ནས།རང་གི་སྲད་སྤྲིན་གྱི་གཞོན་པ་ལ་རྒྱལ་སྲིད་གཏད་ནས་ཡབ་ཡུམ་ལྷན་ཅིག་ཏུ་མ་ལ་ཡ་རིའི་ཉེ་འགྲམ་གྱི་ནགས་ཁྲོད་ཅིག་ཏུ་དཀའ་ཐུབ་ལ་གཤེགས་སོ། དེའི་ཚེ་དེའི་དུས་ན་འབངས་དང་འཁོར་གཡོག་རྣམས་ནི་དར་ཞིང་རྒྱས།ཕྱོགས་བཅུའི་སློང་བ་པོ་རྣམས་ནི་ཅི་དང་ཅི་འདོད་པས་ཡོངས་ ཚིམས།བློན་པོ་རྣམས་ནི་ཁྲིམས་དང་ལས་འབྲས་ལ་བརྩི་ཞིང་རང་རང་གི་བྱ་བ་ལས་ཀྱི་འཁོར་ལོ་ལ་སྤྱོད་བཞིན་དུ་ཡོད་པ་ལས།ཆོས་ཀྱི་ རྒྱལ་པོ་སྤྲིན་གྱི་གཞོན་པའི་ཐུགས་ཀྱི་དགོངས་པ་ལ།ད་ལྟ་འཛམ་བུའི་གླིང་དེ་ན་ང་རང་ལས་དཔལ་འབྱོར་དབང་ཐང་ཆེ་བ་མེད་པ་ལྟ་བུ་ ཞིག་ཡིན་མོད།འདི་བས་ལྷག་པ་ལྷའི་དབང་པོའི་དཔལ་འབྱོར་ཐོབ་ཀྱང་ཐམས་བཅད་སྒྱུ་མའི་བློ་བྲིད་ལྟ་བུར་རྟག་པ་མ་ཡིན་ཅིང་སྙིང་པོ་ ཅི་ཡང་མེད་ཡིན་འདུག།དེ་བས་རང་གི་བླ་མར་འགྱུར་པ་བ་ཡུམ་གཉིས་ཀྱི་སྲི་ཞུ་སྒྲུབ་པའི་སླད་དུ་སོང་ན་སྐལ་པ་བཟང་ཞིང་དོན་ཆེ་བར་ དགོངས་ནས་རང་གི་མངའ་འབངས་ལ་སོགས་པའི་འཇིག་རྟེན་ཐམས་བཅད་ཀྱི་འདོད་པ་འཇོ་བའི་སླད་དུ་དཔག་བསམ་གྱི་ཤིང་ལས་ཀྱང་གསེར་གྱི་ཆར་འབེབས་པར་བྱིན་གྱིས་རླབས་ཏེ་རང་ཉིད་ཀྱི་གྲོགས་པོ་བྲམ་ཟེ་གཉེན་བཟང་ཞེས་བྱ་བ་དང་ལྷན་གཅིག་ཏུ་དཀའ་ཐུབ་ཀྱི་ གནས་སུ་གཤེགས་ནས་ཡབ་ཡུམ་གྱི་བཀའ་དང་དགོངས་པ་གུས་པས་ལེགས་སུ་སྒྲུབ་བཞིན་ཡོད་པ་ལས།སྐབས་དེར་ཆོས་ཀྱི་རྒྱལ་པོ་སྤྲིན་ གྱི་གཞོན་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཐུགས་ལ་མངའ་ཞིང་།སྐུ་ལྟ་བས་ཆོག་མི་ཤེས་པ་དེ་དང་།ཞབས་ཕྱི་བྲམ་ཟེ་གཉེན་བཟང་ཞེས་བྱ་བ་རྗེ་བོའི་ཞབས་འདེགས་སྒྲུབ་ལ་མཁས་ཤིང་ཞེན་ཆེ་བ་དེ་གཉིས་ཕྱག་ཕེབས་ནས་རྒྱལ་པོ་ཞལ་ནས་ཐོག་མར་བཀའ་བསྩལ་བ་འདི་སྐད་དོ། ད་དུང་ཡོད།