Talk:སྡེ་པ་

Page contents not supported in other languages.
ཡོང་ཁུངས་Wikipedia

_____བེ་རི་འཇིགས་མེད་ཀྱི་བརྡ་སྤྲོད་དཔེ་ཚོགས།

བོད་ཀྱི་སྐད་བརྡ་རིག་པ་ལས་བྱུང་བའི་ཚོགས་གསུམ་གྱི་བསྡུས་དོན་རགས་བཤད།


དང་པོ་ཡི་གེ་བཤད་པ། གངས་ཅན་སྒྲ་རིག་རྒྱ་མཚོའི་རླབས། ། བསྲུབས་སྐྱེས་ཚོགས་གསུམ་ནོར་བུའི་ཏོག། རི་མོའི་ཟོལ་དུ་ཕབ་བྱས་པ། ། མགྲིན་པའི་ཀློང་དུ་འཁྱིལ་བར་མཛོད། ། ཡི་གེ་བཤད་པ་ལ། ཡི་གེའི་རྒྱུ་དང་ངོ་བོ་ངེས་ཚིག་དབྱེ་བ་བཞིའི་སྒོ་ནས་འཆད་ན། དོན་འདུས་ཤིང་འཆད་ན་སླ་བས་དོན་ཚན་བཞིའི་སྒོ་ནས་བཤད་དོ༎ ཡི་གེ་བཤད་པ། ༡ རྒྱུ། གནས། བྱེད་པ། རླུང་། རྣམ་རྟོག། ༢ ངོ་བོ། མིང་ཚིག་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས། ༣ ངེས་ཚིག ཨཀྵཱར། མི་འགྱུར། ཝརྞ། བརྗོད་བྱེད། ཝྱཉྫན། གསལ་བྱེད། ༤ དབྱེ་བ། དབྱངས། གསལ་བྱེད། རྗེས་འཇུགསྔོན་འཇུག ཡང་འཇུག མགོ་ཅན། འདོགས་ཅན། སུམ་བརྩེགས་ཅན།

༡ ཡི་གེའི་རྒྱུ་ལ་བཞི། གནས་བྱེད་པ་རླུང་རྣམ་རྟོག་བཅས་སོ༎ (1) གནས། __ཡི་གེ་རྣམས་གང་ལས་འབྱུང་བའི་གནས་སམ་གཞི་ཡིན་པས་གནས་ཞེས་བྱའོ༎ (2) བྱེད་པ། __གནས་དེ་དག་ལ་བྱེད་པ་ལྕེ་སོགས་དང་ཕྲད་ནས་སྒྲའི་གདངས་སྐྱེད་པ་བྱེད་པས་བྱེད་པ་ཞེས་བྱའོ༎ (3) རླུང་། __སྐུལ་སློང་གིས་བདས་པ་ཁོག་པའི་ནང་ནས་ང་རོའི་གདངས་དང་ལྷན་ཅིག་ཏུ་འབྱུང་བའི་དབུགས་ཀྱི་རྒྱུ་བའོ༎ (4) རྣམ་རྟོག__སྐྱེས་བུའི་སེམས་ཁོང་ན་གང་ཞིག་བརྗོད་འདོད་པའི་བསམ་པའི་སྐུལ་སློང་ངོ་༎ དེ་དག་གིས་ཡི་གེའི་རྒྱུ་བྱེད་སྟངས་ཇི་ལྟར་ཡིན་ཞེ་ན། དང་པོ་སྐྱེས་བུའི་ཀུན་སློང་ལ་བརྗོད་དོན་གང་ཞིག་གསལ་བར་བྱེད་པའི་བརྗོད་འདོད་ཀྱི་བློ་ཡི་གཡོ་བ་སྔོན་དུ་སྐྱེ་དགོས། གཉིས་པ་བརྗོད་འདོད་ཀྱི་བློ་ཡིས་གཡོ་བ་དེས་རྒྱུད་སྐུལ་བ་ལས་ནང་གི་རླུང་གཡོས་ཏེ། དབྱངས་ཀྱི་ས་བོན་ཞུགས་པའི་རླུང་གི་རྒྱུ་བ་དེ་ཉིད་ཁོག་པ་ནས་ཐད་ཀར་ཁ་ལ་ཕྱུར་འོང་། གསུམ་པ་ཁོག་པའི་རླུང་ལས་བྱུང་བའི་དབྱངས་ཀྱི་ང་རོ་དེ་ཉིད་མགྲིན་པ་དང་ལྕེ་རྐན་སོ་མཆུ་སོགས་ཡི་གེའི་སྒྲ་བྱུང་བའི་གནས་ཐ་དད་པ་དང་ཕྲད་པ་ན། གཞི་རྩའི་དབྱངས་ཀྱི་ང་རོ་གཅིག་པ་དེ་ཉིད་རྣམ་པར་མི་འདྲ་བའི་སྒྲ་ཡི་ཁྱད་པར་དུ་མར་འབྱུང་། བཞི་པ་དེ་ཡང་བྱེད་པའི་རྐྱེན་ལྕེ་རྐན་སོ་མཆུ་སོགས་ཕན་ཚུན་ཕྲད་པ་ལ་བརྟེན་ནས་མ་གཏོགས་མི་འབྱུང་བས། དེ་དག་ཕན་ཚུན་ཕྲད་པ་ལ་ལྟོས་དགོས། རྒྱུ་བཞི་པོ་དེ་དག་ལས་ཡི་གེ་ཇི་ལྟར་འབྱུང་ཚུལ་དཔེའི་སྒོ་ནས་བཤད་ན། ཡི་གེ་ནི་དྲིལ་བུའི་སྒྲ་དང་འདྲ། གནས་ནི་དྲིལ་བུའི་ཁོག་པ་དང་འདྲ། བྱེད་པ་ནི་དྲིལ་ལྕེ་དང་། རླུང་ནི་མིའི་ལག་པ་དང་འདྲ། རྣམ་རྟོག་ནི་དྲིལ་བུ་སྒྲོག་མཁན་དང་འདྲ། དྲིལ་བུའི་སྒྲ་རླབས་ལ་ཆེ་ཆུང་ཕྲ་སྦོམ་ཀྱི་རྣམ་པ་མི་འདྲ་བ་དུ་མ་ཡོང་གི་ཡོད་པ་ནི། དྲིལ་བུའི་ཁོག་པ་དང་ཁ་སོགས་ཀྱི་གནས་མི་འདྲ་བ་དུ་མ་ཡོད་པ་དེ་དག་ལ་དྲིལ་ལྕེས་ཐུག་ཚུལ་ལ་རག་ལས་པ་ལྟར། ཡི་གེའི་སྒྲ་གདངས་མི་འདྲ་བ་དུ་མ་ཡོང་གི་ཡོད་པ་ནི། ཁོག་པ་མགྲིན་པ་སོགས་སྐྱེ་པའི་གནས་མི་འདྲ་བ་ལ་ལྕེ་སོགས་ཀྱི་བྱེད་པ་དང་ཕྲད་པས་གདངས་མི་འདྲ་བ་ཡོང་གི་ཡོད། ད་དུང་ཡི་གེའི་རྒྱུ་དེ་དག་རྒྱ་གླིང་ལྟ་བུ་ཞིག་ལ་དཔེར་བཞག་ནས་བཤད་ན། གནས་བརྒྱད་ནི། རྒྱ་གླིང་གི་ཨི་ཁུང་བརྒྱད་དང་འདྲ། བྱེད་པ་དྲུག་ནི་མཛུབ་མོ་དྲུག་འདེགས་འཇོག་བྱེད་པ་དང་འདྲ། རླུང་ནི་རྒྱ་གླིང་གཏོང་བྱེད་ཀྱི་དབུགས་དང་འདྲ། རྣམ་རྟོག་ནི། རྒྱ་གླིང་གཏོང་མཁན་གྱི་མི་དང་འདྲ། གལ་ཏེ་རྒྱ་གླིང་གཏོང་མཁན་གྱི་མི་མེད་ན། རྒྱ་གླིང་གི་སྒྲ་ཡོང་སའི་གཞི་རྩ་མེད་པ་ཡིན། རྒྱ་གླིང་གཏོང་བྱེད་ཀྱི་དབུགས་ཀྱིས་ཤུགས་སྐྱེད་དེ་ཇི་ཙམ་འབུད་ནའང་། ཨི་ཁུང་བརྒྱད་ལ་མཛུབ་མོས་རམ་འདེགས་མ་བྱས་ན། ཏུང་ཏུང་གི་སྒྲ་ཙམ་ལས་ཧ་ཅང་སྙན་ཆ་ལྡན་པའི་རྒྱ་གཞས་དང་བོད་གཞས་ཀྱི་གདངས་ཤིག་ཡོངས་ཐབས་མེད། དེ་བཞིན་སྐྱེས་བུའི་ཁོག་པ་ནས་བྱུང་བའི་རླུང་ལ་ང་རོའི་རྣམ་པ་ལྡན་ཡང་། གནས་དང་བྱེད་པའི་རམ་འདེགས་མེད་ན། ཨ་དང་ཨི་ལྟ་བུའི་སྒྲ་གདངས་ལ། ཀ་ཁ་ག་ང་ལྟ་བུའི་སྒྲ་གདངས་ཐོན་ཐབས་མེད། དེས་ན་ལྷུ་ལག་རྫོགས་པ་དང་ཆ་ལག་ཚང་བའི་ཡི་གེའི་སྒྲ་གདངས་ཤིག་འབྱིན་དགོས་ན་རྒྱུ་བཞི་པོ་དེ་དག་ལ་ལྟོས་དགོས། ཡི་གེའི་རྒྱུ། གྲངས། མིང་། མིང་གི་རྣམ་གྲངས། དཔེ། དབྱེ་བ། དབྱེ་བའི་གྲངས། ༡ གནས། གཞིའི་རྒྱུ། དྲིལ་བུའི་ཁོག་པ། ཁོག་པ། མགྲིན་པ། ལྕེ། རྐན། སོ། མཆུ། སྣ། སྤྱི་བོ། ༨ ༢ བྱེད་པ། འབྱིན་པའི་རྒྱུ། དྲིལ་ལྕེ། ཅུང་ཟད་ཕྲད་པ། དོག་པ། ཡང་པ། ཕྱེ་བ། ༦ ༣ རླུང་། གཡོ་བའི་རྒྱུ། ལག་པ། ཕྱི་ནང་གཉིས་ཕྱེ་མཁན་ཡང་ཡོད། ༡ ༤ རྣམ་རྟོག སྐུལ་བའི་རྒྱུ། སྐྱེས་བུ། ༡

༢ཡི་གེའི་ངོ་བོ་ནི། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ལ་ཟེར། འདི་ནི་སྒྲ་ཚད་གཉིས་ཀའི་འདོད་པ་ཐུན་མོང་བ་ཡིན། དེ་ཡང་ངོ་བོ་སྒྲ་ཡི་གདངས་ཡིན་པ་ལ། བྱེད་ལས་མིང་དང་ཚིག་རྩོམ་པའི་གཞི་བྱེད་པའི་ཁྱད་ཆོས་ལྡན། ཕྱི་ནང་གི་ལྟ་གྲུབ་སྨྲ་པ་ཚོའི་ཁྲོད་ནས་ཡི་གེ་རྟག་པ་འདོད་མཁན་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་ལྡན་མིན་འདུ་བྱེད་ཀྱི་ངོ་བོར་འདོད་མཁན་ཡང་ཡོད། ཤེས་པའི་སྣང་བརྙན་དུ་འདོད་མཁན་ཡོད་པ་དེ་དག་ཀྱང་མཁྱེན་པ་གནང་དགོས། ༣ ངེས་ཚིག། བོད་སྐད་སོར་བཞག་ལ་ཡི་གེའི་ངེས་ཚིག་མེད་དེ། ཡི་གེ་ཞེས་པའི་མིང་འདི་འདོད་རྒྱལ་གྱི་མིང་ཡིན་པའི་ཕྱིར། རྒྱ་གར་བའི་ཡི་གེའི་སྐད་དོད་ལ་ཨཀྵར་ཞེས་པ་དེ་གཞི་ལ་བཞག་ན་ངེས་ཚིག་མི་འདྲ་བ་གསུམ་བཞག་དགོས་ཏེ། (1) ཨ་ཀྵ་ར། __མི་འགྱུར་བ། [ངོའི་བོའི་སྒོ་ནས་བཏགས་པ] (2) བྱཛཱན། __གསལ་བྱེད། [བྱེད་ལས་ཀྱི་སྒོ་ནས་བཏགས་པ] (3) ཝརྣ། ___རྗོད་བྱེད། [དགོས་ཆེད་ཀྱི་སྒོ་ནས་བཏགས་པ] ཡི་གེའི་རྣམ་གྲངས་གཞན་དུ་མི་འགྱུར་པས་སམ། རྣམ་གྲངས་གཞན་དུ་མེད་པས་མི་འགྱུར་བ་དང། ཡི་གེ་རྣམས་ཀྱི་བྱེད་ལས་ནི་མིང་ཚིག་གསལ་བ་བྱེད་པ་དེ་ཡིན་པས་གསལ་བྱེད། ཡི་གེ་རྣམས་ཀྱི་དགོས་པ་ནི་དོན་རྣམས་རྗོད་པར་བྱེད་པའི་ཕྱིར་ཡིན་པས་རྗོད་པར་བྱེད་པ་ཞེས་བརྗོད་པ་ཡིན་ནོ། ། འཇམ་མགོན་ས་པཎ་གྱི་སྒྲ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ལས། བྱཱ་ཀ་ར་ཞེས་བྱ་སྟེ། ལུང་སྟོན་པའམ། ཀུན་གསལ་བར་བྱེད་པའམ། ཀུན་གོ་བར་བྱེད་པ་ཞེས་བྱ་བ་ལ་འཇུག་གོ། ཞེས་དང་། རྒྱལ་དབང་འབྲུག་ཆེན་པདྨ་དཀར་པོའི་རྗོད་བྱེད་ཚིག་གི་རྒྱུ་བཤད་པ་མཁས་པའི་ཁ་རྒྱན་ལས། ངེས་ཚིག་ནི། རང་བཞིན་ལས་གཞན་དུ་མི་འགྱུར་པས་ཨཀྵ་ར་དང་། མིང་ཚིག་གསལ་བར་བྱེད་པས་བྱཉྫྱ་ན་དང་། དོན་གཞན་རྗོད་པར་བྱེད་པའི་ནུས་པ་དང་ལྡན་པས་ཝརྞ་ཡི་གེ་ཞེས་བྱའོ། ། དེ་ཡང་། མི་འགྱུར་བ་དང་གསལ་བར་བྱེད། ། རྗོད་པར་བྱེད་པའི་ནུས་ལྡན་ཕྱིར། ། ཡི་གེ་ཞེས་ནི་བརྗོད་པ་ཡིན། ། ཞེས་གསུངས་པས་སོ། ། ཡི་གེའི་ངེས་ཚིག་བཤད་པ། གྲངས། གང་གི་སྒོ་ནས། ལེགས་སྦྱར། ངེས་ཚིག ༡ ངོ་བོ། ཨཀྵཱར། མི་འགྱུར་བ། ༢ བྱེད་ལས། ཝརྞ། བརྗོད་པ། ༣ དགོས་ཆེད། ཝྱཉྫན། གསལ་བྱེད།

༤ ཡི་གེའི་དབྱེ་བ། སྤྱིར་ཡི་གེ་ལ་རྩ་བའི་དབྱེ་བ་དབྱངས་གསལ་གཉིས་གསལ་བྱེད་ལས་ཆད་པའི་རྗེས་འཇུག་དང་སྔོན་འཇུག། ཡང་འཇུག མགོ་ཅན། འདོགས་ཅན། སུམ་བརྩེགས་བཅས་ཀྱི་དབྱེ་བའི་ནང་དུ་འདུ་ཡོད། འདིར་ཡི་གེའི་རྣམ་བཞག་ཅུང་ཟད་ཞིབ་ཚགས་ཀྱི་ལམ་ནས་བཤད་ན། དབྱེ་བ་བཅུ་གཉིས་ཏེ། དང་པོ་སྲོག་དང་རྐྱེན་གྱི་ཡི་གེ། ཕ་མ་བུ་ཚའི་ཡི་གེ། ཕོ་མོ་མ་ནིང་གི་ཡི་གེ། ང་རོའི་དབྱེ་བ། དབྱངས་ཀྱི་ང་རོ་འདྲེན་ཚུལ། སྐྱེ་གནས་ཀྱི་ཁྱད་པར། རྐྱང་པའི་ཡི་གེ། འདོགས་ཅན་གྱི་ཡི་གེ། མགོ་ཅན་གྱི་ཡི་གེ། ཁྱབ་ཆེ་ཆུང་གི་ཡི་གེ། རྗེས་འཇུག་གི་ཡི་གེ། ཡང་འཇུག་གི་ཡི་གེ། བཅས་སོ། །

དང་པོ་སྲོག་དང་རྐྱེན་གྱི་ཡི་གེ། (1) སྲོག་གི་ཡི་གེ__ ་ (2) རྐྱེན་གྱི་ཡི་གེ__ ༄༅ ། ༎ ། །། །། ༎ ༔ ༑ ༈ ཚེག་ལ་སྲོག་ཅེས་བཏགས་པ་ནི། དཔེར་ན། སྲོག་གང་ཟག་ཡིན་ཡང་། གང་ཟག་ལ་སྲོག་མ་ཞུགས་ན་ཕོ་མོ་གང་གིག་བྱ་བ་བྱེད་མི་ནུས་པ་ལྟར། ཚེག་ཡི་གེ་དངོས་མིན་ཡང་། ཡི་གེ་སྔ་ཕྱིའི་བར་ཚེག་མེད་ན་བརྗོད་བྱ་བསྟན་པའི་བྱ་བ་བྱེད་མི་ནུས་པས། སྲོག་ཅེས་བཏགས་པ་ཡིན། དབུ་ཤད་གཉིས་ལ་རྐྱེན་གྱི་ཡི་གེ་ཞེས་བཏགས་པ་ནི། དེ་དག་ཡི་གེ་དངོས་མིན་ཡང་། ཡི་གེའི་བརྗོད་དོན་བསྟན་ལ། དེ་དག་གིས་གྲོགས་བྱེད་པའི་ནུས་པ་ལྡན་པས་རྐྱེན་ཞེས་བཏགས་པ་ཡིན། གྲོགས་པོ་ནི་ནང་མི་དངོས་གནས་མིན་ནའང་ནང་མིའི་བྱ་བ་གང་ཞིག་བྱེད་པར་གྲོགས་པོས་ཕན་ཐོགས་ངེས་ཅན་རེ་བཟོ་ཐུབ་པ་དང་འདྲ། དེ་དག་གིས་ཡི་གེ་ལ་གྲོགས་བྱེད་སྟངས་ནི། (1) ཚེག__[་]འདི་ལ་ཚེག་ཅེས་ཟེར། ཚེག་ཁྱིམ་བར་གྱི་དབྱེ་མཚམས་འབྱེད་བྱེད་ཡིན། [:] ཏུན་ཧོང་ཡིག་རྙིང་ནང་དུ། དྲུ་གུའི་ཡུལ་དུ : སྟང་ཡོར་མཆིས། དགུན : བཙན་ཕོ : འོན་གྱི་སྣ་པོ : ན : བཞུགས : པར : ལོ་གཅིག ། ལྟ་བུ་ཀློག་པའི་སྐབས་ངལ་བསོའི་བཅད་མཚམས་གསལ་པོ་ཡོང་པའི་ཆེད་དུ་བྲིས་པ་སྣང་། དེང་སང་ཕྱི་གླིང་པ་ཚོས་བོད་ཡིག་ཀློག་བདེ་ཡོང་ཆེད་ཉིས་ཚེག་བེད་སྤྱོད་དགོས་ཚུལ་བཤད་བཞིན་པ་དང་འདི་གཉིས་སྐབས་ཧ་ཅང་འགྲིགས། (2) དབུ་ཁྱུད། __[༄༅] འདི་ལ་དབུ་ཁྱུད། ཡིག་མགོ་དང་ཀྱོག བེ་ཀ་བཅས་མིང་གི་རྣམ་གྲངས་མང་པོ་ལྡན། བྱེད་ལས་ནི་དཔེ་ཆའི་མདུན་རྒྱབ་ཀྱི་ཁྱད་པར་འབྱེད་བྱེད་ཡིན། དཔེ་གཟུགས་དེབ་གཟུགས་སུ་འཕོས་པ་ནས་དབུ་ཁྱུད་ལ་དབུ་ལས་ཉུང་དུ་སོང་པ་ཡིན། (3) ཆིག་ཤད། __ [། ] འདི་ལ་ཆིག་ཤད་ཟེར། མིང་མཚམས་དང་ཚིག་དོན་ཉུང་ངུའམ་མང་པོ་ཅི་རིགས་པའི་ཚིགས་ལྷུག་དང་། ཚིགས་བཅད་ག་མཐའ་བཅས་ལ་ཐོབ། (4) གཉིས་ཤད། __ [༎]འདི་ལ་ཉིས་ཤད་ཟེར། ཚིགས་བཅད་དང་རྫོགས་ཚིག་གི་མཚམས་སུ་ཐོབ། (5) སུམ་ཤད། __ [། ༎] འདི་ལ་སུམ་བཤད་ཟེར་ན་འགྲིགས། ལེའུའི་རྫོགས་མཚམས་ག་ཡིག་ཅན་གྱི་མཐའ་ལ་ཐོབ་པ་ཡིན། (6) བཞི་ཤད། __ [། ། ༎] འདི་ལ་བཞི་ཤད་ཟེར། དོན་ཚན་ཆེན་པོ་དང་ལེའུ་སྐབས་ལྟ་བུ་རྫོགས་མཚམས་ལ་ཐོབ། (7) སྦྲུལ་ཤད། __ [༈]འདི་ལ་སྦྲུལ་ཤད་ཟེར། བཟོ་ལྟ་སྦྲུལ་འཁྱིལ་བ་དང་འདྲ་བའི་དབྱིབས་ཀྱི་སྒོ་ནས་བཏགས་པ་ཡིན། དོན་ཚན་དང་ས་བཅད་དབྱེ་མཚམས་རྣམས་སུ་རྟགས་འདི་གདབ་དགོས། (8) ཆིག་ཤད་ [༑]འདི་ལ་རིན་ཆེན་སྤུངས་ཤད་ཟེར། རིན་པོ་ཆེ་སྤུང་པ་དང་འདྲ་བའི་སྒོ་ནས་བཏགས་པ་ཡིན། འདི་ཉིད་ཡི་གེའི་མཛེས་བྱེད་ཙམ་དང་། ཚིག་རྐང་གཅིག་པའི་ཡི་གེ་ཚེག་ཁྱིམ་གཅིག་ཁོ་ན་ཐིག་ཕྲེང་འོག་མར་ལྷུང་ན། དེའི་ཚིག་གྲོགས་ལྟ་བུར་འབྲི་སྲོལ་ཡོད་ལ། མ་བྲིས་ནའང་ནོར་བའི་ཉེས་པ་མེད། (9) གཏེར་ཤད། __[༔] འདི་ལ་གཏེར་ཤད་ཟེར་དགོས། རྙིང་མའི་གཏེར་ཆོས་དང་ཏུན་ཧོང་ཡིག་རྙིང་རྣམས་སུ་ཡང་ཡང་འབྱུང་། རྙིང་མའི་གཏེར་ཆོས་ལས་ནི་འདི་གསང་རྒྱ་ཅན་ཡིན་པར་མཚོན་བྱེད་དུ་གོ་དགོས་པ་འདྲ།

སྲོག་གི་རྐྱེན་གྱི་ཡི་གེ ༡ སྲོག་གི་ཡི་གེ ཚེག གཅིག་ཚེག ་ ཡིག་ཁྱིམ། གཉིས་ཚེག : མིང་ཁྱིམ ༢ རྐྱེན་གྱི་ཡི་གེ དབུ་འཁྱུད། གསུམ་མགོ་ཅན། ༄༅༅ གླེགས་བམ་ཆེན་པོའི་མགོ་ཡིག གཉིས་མགོ་ཅན། ༄༅ ལེ་ཚན་ཆེན་པོའི་མགོ་ཡིག གཅིག་མགོ་ཅན། ༄ ཆོས་ཚན་ཉུང་ཉུང་གི་མགོ་ཡིག ཤད། གཅིག་ཤད། ། ཚིཊ་ལྷུག་དང་ཚིཊ་བཅད་ག ཉིས་ཤད། ། ། ཚིགས་བཅད་དང་རྫོགས་ཚིག གསུམ་ཤད། ། ༎ ལེའུ་རྫོགས་མཚམས་ཀྱི་ག་མཐར། བཞི་ཤད། ༎ ༎ ལེའུ་རྫོགས་མཚམས། སྦྲུལ་ཤད། ༈ ས་བཅད་ཀྱི་མགོ རིན་ཆེན་སྤུངས་ཤད། ༑ ཐིག་འོག་ཚེག་ཁྱིམ་གཅིག་ཅན། གཏེར་ཤད། ༔ གཏེར་ཡིག་

གཉིས་པ་ཕ་མ་བུ་ཚའི་ཡི་གེ (1) ཕ__ཀ་ནས་ཧ་བར་ཡི་གེ་ཉི་ཤུ་རྩ་དགུ (2) མ__ཨ་ཡིག་གཅིག་པོ། (3) བུ__ི ེ ོ ུ ྱ ྲ བཅས་དྲུག་གོ ཀ་སོགས་ཉེར་དགུར་ཕ་ཞེས་བཏགས་པ་ནི་སྒྲ་གདངས་གསལ་ཞིག་བརྗོད་པ་ཤུགས་ཆེ་བས་དེ་ལྟར་བཏགས་པ་ཡིན། ཨ་ལ་མ་ཞེས་འདོགས་པ་ནི་སྒྲ་གདངས་མཐའ་དག་འབྱུང་པའི་གཞི་ཡིན་པས་དེ་ལྟར་བཏགས་པ་ཡིན། གི་གུ སོགས་ལ་བུ་ཞེས་བརྗོད་པ་ནི་ཕྲུ་གུ་ཕ་མ་ལ་མ་ལྟོས་པར་མི་འབྱུང་བ་ལྟར་དྲུག་པོ་དེ་དག་ཀྱང་མིང་གཞི་ལ་མ་ལྟོས་པར་གྲུབ་ཐབས་མེད་པས་དེ་ལྟར་བཏགས་པ་ཡིན། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་བརྩེགས་པ་བུ་དྲུག་ཅེས་པའི་ཐ་སྙད་སྦྱར་གནང་མཛད་པར་རྒོལ་བར་མི་ནུས་ཀྱང་། ཕྱིས་ཀྱི་མཁས་པ་ཚོས། གུག་ཀྱེད་བརྩེགས་འདོགས་ཞེས་པའི་ཐ་སྙད་འདི་ཁྱབ་ཆེ་བར་སྣང་བས། དེ་ལྟར་ན། གུག་ནི་གུག་གུ་ཞབས་ཀྱུ་གཉིས། ཀྱེད་ནི་འགྲེང་བུ་ན་རོ་གཉིས། བརྩེགས་ནི་ར་ལ་ས་ཡི་མགོ་ཅན་གསུམ། འདོགས་ནི་ཡ་ར་ལ་ཝའི་འདོགས་ཅན་བཞི་སྟེ། དེ་དག་ལ་བུའི་ཐ་སྙད་སྦྱར་ན་ཁྱབ་ཆེ་ཞིང་འབྲེལ་བར་སྣང་།


བུ་ཚའི་ཡི་གེ ༡ ཕ ཀ་སོགས། ༢༩ ༢ མ ཨ། ༡ ༣ བུ་ཚ། གི་གུ འགྲེང་བུ། ན་རོ། ཞབས་ཀྱུ། ཡ་བཏགས། ར་བཏགས། ༦ གུག་ཀྱེད་བརྩེགས་འདོགས་ཀྱི་ཡི་གེ། ༡ གུག ི ུ ༢ ༢ ཀྱེད། ེ ོ ༢ ༣ བརྩེགས། ར། ལ། ས། ༣ ༤ འདོགས། ཡ། ར། ལ། ཝ། ༤

གསུམ་པ་ཕོ་མོ་མ་ནིང་གི་ཡི་གེ སྔོན་རྗེས་མིང་གསུམ་གྱི་ཡི་གེ་རྣམས་འདོན་པའི་ཚེ་སྒྲ་གདངས་དྲག་ཞན་གྱི་སྒོ་ནས་དབྱེ་བ་འབྱེད་པའི་ཐ་སྙད་དེ། དེ་ལ་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་དང་མིང་གཞིའི་རྟགས་ཀྱི་དབྱེ་བ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་དང་བཞི། (1) ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ། མོ__དབྱངས་བཞི། ཕོ__གསལ་བྱེད་སུམ་ཅུ། (2) མིང་གཞིའི་རྟགས་ཀྱི་དབྱེ་བ་ནི། a. རྟགས་ཀྱི་དབྱེ་བ་ལྔར་ཕྱེ་བ། __ཕོ། [ཀ་ཅ་ཏ་པ་ཙ]། མ་ནིང_[ཁ་ཆ་ཐ་ཕ]། མོ_[ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས]། ཤིན་ཏུ་མོ_[ང་ཉ་ན་མ]། མོ་གཤམ_[ར་ལ་ཧ]། b. རྟགས་ཀྱི་དབྱེ་བ་གསུམ་དུ་ཕྱེ་བ། __ཕོ། མ་ནིང་། མོ(ཤིན་ཏུ་མོ་དང་མོ་གཤམ་ཀུན་མོའི་ཁོངས་སུ་བསྡུ་དགོས) ། c. རྟགས་ཀྱི་དབྱེ་བ་གཉིས་སུ་དབྱེ་བ། __ཕོ། __[ཀ་ནས་ཧ་བར་ཉེར་དགུ] མོ_[ཨ]། (3) སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་ནི། ཕོ_[བ]མ་ནིང་_[ག་ད]། མོ_[འ]། ཤིན་ཏུ་མོ_[མ]། (4) རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ནི། ཕོ_[ག་ད་བ་ས]། མོ_[ང་འ་མ]། མ་ནིང_[ན་ར་ལ]། གསལ་བྱེད་སུམ་ཅུ་པོ་གང་ལ་བརྟེན་ནས་ཕོ་མོ་མ་ནིང་གི་དབྱེ་བ་ཕྱེ་བ་ཡིན་ཞེ་ན། ཀ་སོགས་ཕོ་ཡིག་རྣམས་སྒྲ་གདངས་དྲག་པོའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་ཕོ་ཡིག་དང༌། ཁ་སོགས་མ་ནིང་རྣམས་སྒྲ་གདངས་རན་པའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་མ་ནིང༌། ག་སོགས་མོ་ཡིག་རྣམས་སྒྲ་གདངས་ཅུང་ཟད་ཞན་པའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་མོ་ཙམ། ང་སོགས་ཤིན་ཏུ་མོ་རྣམས་སྒྲ་གདངས་ཤིན་ཏུ་ཞན་པའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་ཤིན་ཏུ་མོ། ར་སོགས་མོ་གཤམ་རྣམས་སྒྲ་གདངས་ཆེས་ཤིན་ཏུ་ཞན་པའི་སྒོ་ནས་གདོན་པར་བྱ་བའི་ཡི་གེ་ཡིན་པས་མོ་གཤམ་ཞེས། སྒྲ་གདངས་ཀྱི་ཆ་ནས་འདྲ་བ་རྒྱུ་མཚན་དུ་བྱས་ནས་དེ་ལྟར་བཏགས་པ་སྟེ། འཇིག་རྟེན་ན་ཕོའམ་སྐྱེས་པ་རྣམས་ཀྱི་སྒྲ་གདངས་ནི་མ་བཅོས་རང་བཞིན་ལྷན་སྐྱེས་ཀྱིས་དྲག་པོ་ཡིན་ལ། མ་ནིང་རྣམས་རན་པ་དང༌། མོ་རྣམས་ཞན་པ་ཆོས་ཉིད་ཡིན་པས་སྒྲ་གདངས་ལ་ལྟོས་ནས་མིང་དེ་ལྟར་བཏགས་པ་ལས། དོན་དངོས་ཀ་སོགས་གསལ་བྱེད་རྣམས་ཕོ་མོ་གང་ཡང་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། སྔོན་འཇུག་རྣམས་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞི་རྣམས་ལ་སྒྲ་གདངས་དྲག་ཞན་ཇི་ལྟ་བུའི་སྒོ་ནས་འཇུག་པར་བྱེད་ཅེ་ན། སྔོན་འཇུག་གི་ཕོ་ཡིག་བ་ནི། རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་ལ་སྒྲ་རྩོལ་དྲག་པོའི་ཚུལ་གྱིས་འཇུག་ཅིང༌། མ་ནིང་ག་ད་གཉིས་ནི་རང་གི་འཇུག་ཡུལ་མིང་གཞི་ལ་སྒྲ་རྩོལ་རན་པར་འཇུག་པ་ཡིན་ལ། མོ་ཡིག་འ་ནི། རང་གི་འཇུག་ཡུལ་མིང་གཞི་ལ་སྒྲ་རྩོལ་ཞན་པའི་ཚུལ་གྱིས་ཏེ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། རང་གི་འཇུག་ཡུལ་མིང་གཞི་ལ་སྒྲ་རྩོལ་མཉམ་པ་སྟེ་ཤིན་ཏུ་ཞན་པའི་སྒོ་ནས་འཇུག་པ་ཡིན་ནོ། ། སྔ་ཕྱི་མཁས་པ་མང་པོས་རྗེས་འཇུག་གི་ཕོ་མོ་མ་ནིང་གི་དབྱེ་བ་བཞག་སྟངས་མི་འདྲ་བ་ཙམ་མ་གཏོགས། སྤྱིར་སྒྲ་གདངས་དྲག་ཞན་ལ་ལྟོས་ནས་འཇོག་དགོས་པ་ནི་བཞེད་པ་གཅིག་ཏུ་མཐུན་ཞིང༌། འཇོག་ལུགས་མི་འདྲ་བ་རྟ་མོག་གི་སྤུ་ལྟར་གྱུར་ཡོད་པ་འདི་དག་ལ་བརྟགས་ན། ལོ་ཆེན་ནམ་མཁའ་བཟང་པོའི་སྐབས་ནས་བོད་ཀྱི་ཡི་གེ་ཀློག་སྟངས་ཐད་སྒྲ་གདངས་གཅིག་གྱུར་གྱི་ཕུགས་གཏན་འཁེལ་བ་དང་གདེང་འཇོག་ཐུབ་མཁན་ཞིག་མེད་པར་གྱུར་ཚར་བ་ཧ་ཅང་གསལ་སྙམ་སྟེ། གཞན་དུ་ན་རང་རང་གིས་ཞིབ་པར་བཀླགས་ན་རྗེས་འཇུག་སོ་སོའི་སྒྲ་གདངས་དྲག་ཞན་གྱི་ཁྱད་པར་མ་འདྲེས་པ་ཞིག་ཡོང་དགོས་པ་ལ། མཁས་པ་གཅིག་གིས་དྲག་པོ་བཀླག་པ་དེ་ཅིག་ཤོས་ཀྱིས་ཞན་པར་བཀླག་སྟངས་ཀྱི་རྣམ་འགྱུར་འདུག་པའི་ཕྱིར། བཞི་པ་དབྱངས་ཀྱི་ང་རོའི་དབྱེ་བ་ནི། ཡི་གེ་ཐམས་ཅད་དྲང་པོ་དང་། བཀུག་པ། སྨད་པ། སྒྲེང་པ། སྟོད་པ་བཞིའི་ང་རོའི་ཁོངས་སུ་མ་འདུས་པ་མེད། དེ་དག་གི་ཁོངས་སུ་འདུ་ཚུལ་ནི། (1) དྲང་པ་ནི། ཨ__ཀ་སོགས་དབྱངས་མེད་ཐམས་ཅད་འདུས། (2) བཀུག་པ། ཨི__ཀི་སོགས་གི་གུག་ཅན་མཐའ་དག་འདུས། (3) སྨད་པ། ཨུ__ཀུ་སོགས་ཞབས་ཀྱུ་ཅན་མཐའ་དག་འདུས། (4) སྒྲེང་པ། ཨེ__ཀེ་སོགས་འགྲེང་བུ་ཅན་མཐའ་དག་འདུས། (5) སྟོད་པ། ཨོ__ཀོ་སོགས་ན་རུ་ཅན་མཐའ་དག་འདུས། དབྱངས་ཀྱི་ང་རོའི་དབྱེ་བ། གྲངས། ང་རོ། དབྱེ་བ། ཕྱོགས་མཐུན་པ། ༡ དྲང་པ། ཨ། ཀ་སོགས་དབྱངས་མེད་ཐམས་ཅད་འདུས། ༢ བཀུག་པ། ཨི། ཀི་སོགས་གི་གུག་ཅན་མཐའ་དག་འདུས། ༣ སྨད་པ། ཨུ། ཀུ་སོགས་ཞབས་ཀྱུ་ཅན་མཐའ་དག་འདུས། ༤ སྒྲེང་པ། ཨེ། ཀེ་སོགས་གྲེང་གོ་ཅན་མཐའ་དག་འདུས། ༥ སྟོད་པ། ཨོ། ཀོ་སོགས་ན་རུ་ཅན་མཐའ་དག་འདུས།

 ལྔ་པ་དབྱངས་ཀྱི་ང་རོ་འདྲེན་ཚུལ། 

བོད་ཡིག་གི་དབྱངས་ཀྱི་ང་རོ་ཀུན་གྱི་རྩ་བ་ཨ་ཧ་འ་གསུམ་དུ་འདུ་བ་ཡིན། འདུ་ལུགས་ཀྱང་། (1) ཨ__མགྲིན་པ་བཙུན་ཞིང་དོག་པའི་སྒོ་ནས་སྟོད་དུ་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ཡིན། ཀ་སོགས་ཕོ་ཡིག་ཀུན་གྱི་ང་རོའི་རྩ་བ་ནི་ཨ་ཡིག་ཡིན། (2) ཧ__མགྲིན་པ་ཅུང་ད་གློད་ཅིང་ཁོག་པ་ནས་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ཡིན། ཁ་སོགས་མ་ནིང་ཀུན་གྱི་ང་རོའི་རྩ་བ་ནི་ཧ་ཡིག་ཡིན། (3) འ__མགྲིན་པ་ཕྱེས་ཤིང་གློད་ནས་སྨད་དུ་ཤུགས་སྐྱེད་དེ་འདོན་པའི་ཡིག་གེའི་རྩ་བ་ཡིན། ག་སོགས་མ་ནིང་ཀུན་གྱི་ང་རོའི་རྩ་བ་ཡང་འ་ཡིག་ཡིན། དྲུག་པ་ཡི་གེ་སོ་སོའི་གནས་ཀྱི་ཁྱད་པར་ནི། དབྱངས་གསལ་སོ་བཞི་པོ་གནས་བརྒྱད་པོ་གང་ས་ནས་འབྱུང་བའི་ཚུལ་ཇི་ལྟར་ཡིན་ཞེ་ན། མགྲིན་པ། __ཀ་ཁ་ག་ང་ཧ་ཨ་འ། རྐན། __ཅ་ཆ་ཇ་ཞ་ཤ་ཡ། སོ། ____ཏ་ཐ་ད་ན་ལ། མཆུ། __པ་ཕ་བ་མ་ཝ། སོ་དང་རྐན__ཙ་ཚ་ཛ་ཟ་ས། སྤྱི་བོ__ར། སྣ། __ང་ཉ་ན་མ། གོང་གི་གནས་སོ་སོའི་ཐོག་སྣ་དང་ཟུང་འབྲེལ་བྱེད་དགོས། མགྲིན་པ་དང་སྤྱི་བོ། __ཨི་ཨེ། མགྲིན་པ་དང་མཆུ__ཨུ་ཨོ།

ཟད་ཞིབ་དུ་བཤད་ན། ཁོག་པ་ལས་བྱུང་བ་ནི་ཡི་གེ་ཐམས་ཅད་དོ། དབྱངས་ཨི་ནི་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་ནས་བཀུག་ཅིང་ཅུང་ཟད་དོག་པོར་བྱས་པའི་བྱེད་ཅན་དང་། ཨུ་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་། དེ་ཡང་མཆུ་མ་རེག་ཙམ་དུ་ཟུམ་པས་འཕང་སྨད་དེ་ཅུང་ཟད་དོག་པོར་བྱས་པའི་བྱེད་པ་ཅན་དང་། ཨེ་ཡིག་ནི་མགྲིན་པ་ལས་བྱུང་ཞིང་སྤྱི་བོའི་ཆ་དང་ཅུང་ཟད་འདྲེས་པས་གྱེན་དུ་བསྒྲེང་སྟེ་ཡངས་པར་བྱས་པའི་བྱེད་པ་ཅན་དང་། ཨོ་ནི་མགྲིན་པ་དང་མཆུ་ལས་བྱུང་ཞིང་། དེ་ཡང་མ་མཆུ་གྱེན་དུ་བཏེགས་པ་ལྟར་འཕང་བསྟོད་དེ་ཡངས་པར་བྱས་པའི་བྱེད་པ་ཅན་རྣམས་ཡིན་ནོ། གསལ་བྱེད་ཀྱི་ཀ་སྡེ་རྣམས་མགྲིན་པ་ལས་བྱུང་བའི་ཞིང་ལྕེའི་རྩ་བའི་བྱེད་པ་ཅན་དང་། ཅ་སྡེ་རྣམས་རྐན་ལས་བྱུང་ཞིང་ལྕེའི་རྩེ་མོ་དང་ཉེ་བའི་བྱེད་པ་ཅན། ཏ་སྡེ་རྣམས་སོ་ལས་བྱུང་ཞིང་ལྕེའི་རྩེ་མོའི་བྱེད་པ་ཅན། པ་སྡེ་རྣམས་མཆུ་ལས་བྱུང་ཞིང་མཆུ་སྦྱར་ཞིང་བཙུམ་པའི་བྱེད་པ་རྣམས་ཀྱིས་བསྐྱེད་ཅིང་། བརྗོད་ཚུལ་གྱི་ཁྱད་པར་ཡང་སྡེ་བ་བཞི་རྣམས་གོ་རིམ་བཞིན་དུ། དང་པོ་རྣམས་དམ་པ། གཉིས་པ་རྣམས་ལྷོད་པ། གསུམ་པ་རྣམས་ཤིན་དུ་ལྷོད་པ། བཞི་པ་རྣམས་ཆེས་ཤིན་དུ་ལྷོད་པར་བརྗོད་པ་སྟེ། མདོར་ན་སྡེ་བ་རང་རང་གི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྷོད་པའི་ཚུལ་གྱིས་བརྗོད་དགོས་པ་དང་། ཙ་ཚ་ཛ་གསུམ་ནི་སོ་དང་རྐན་ལས་བྱུང་ཞིང་ལྕེའི་རྩེ་མོ་དང་ཤིན་དུ་ཉེ་བའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་དམ་པ་དང་། ལྷོད་པ་དང་། ཤིན་དུ་ལྷོད་པ་དང་། ཝ་ནི་མཆུ་ལས་བྱུང་ཞིང་མཆུ་ཅུང་ཟད་སྦྱོར་ལ་ཁད་དུ་ཉེ་བའི་མགྲིན་པའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཤིན་དུ་ལྷོད་པ་དང་། ཞ་ནི་རྐན་ལས་བྱུང་ཞིང་ལྕེའི་རྩེ་མོ་དང་མཆོག་ཏུ་ཉེ་ཞིང་ལྷོད་པའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཤིན་དུ་ལྷོད་པ་དང་། ཟ་ནི་སོ་དང་རྐན་ལས་བྱུང་ཞིང་ལྕེའི་རྩེ་དང་ཤིན་དུ་ཉེ་ཞིང་ལྷོད་པའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཤིན་དུ་ལྷོད་པ་དང་། འ་ནི་མགྲིན་པ་ལས་བྱུང་ཞིང་ལྕེ་རྩ་དང་ཉེ་བའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཤིན་དུ་ལྷོད་པ་དང་། ཡ་ནི་རྐན་ལས་བྱུང་ཞིང་ལྕེའི་རྐེད་པར་ཅུང་ཟད་ཉེ་བའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཤིན་དུ་ལྷོད་པ་དང་། ར་ནི་སྤྱི་བོ་ལས་བྱུང་ཞིང་ལྕེའི་རྩེ་མོ་རྐན་དང་ཅུང་ཟད་ཕྲད་པའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཆེས་ཤིན་དུ་ལྷོད་ཞན་པ་དང་། ལ་ནི་སོ་ལས་བྱུང་ཞིང་ལྕེ་རྩེའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཆེས་ཤིན་དུ་ལྷོད་ཞན་པ་དང་། ཤ་ནི་རྐན་ལས་བྱུང་ཞིང་ལྕེའི་རྩེ་དང་ཤིན་དུ་ཉེ་ཞིང་དམ་པའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཤིན་དུ་ལྷོད་པ་དང་། ས་ནི་སོ་དང་རྐན་ལས་བྱུང་ཞིང་ལྕེའི་རྩེ་དང་ཤིན་དུ་ཉེ་ཞིང་དམ་པའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཤིན་དུ་ལྷོད་པ་དང་། ཧ་ནི་མགྲིན་པ་ནས་བྱུང་ཞིང་ལྕེའི་རྩ་བའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཆེས་ཤིན་དུ་ལྷོད་ཞན་པ་དང་། དབྱངས་གསལ་གཉིས་ཆོད་ཨ་ཡིག་ནི་མགྲིན་པ་ནས་བྱུང་ཞིང་ལྕེ་རྩ་དང་མགྲིན་པ་སྦྱར་བའི་བྱེད་པས་བསྐྱེད་ཅིང་། བརྗོད་ཚུལ་ནི་ཆེས་ཤིན་དུ་ལྷོད་ཞན་པས་ཞན་པའི་སྒྲ་གདངས་ཙམ་ལས་རྟགས་མེད་པའོ།

བདུན་པ་རྐྱང་བའི་ཡི་གེ  

ཀ་ནས་ཨའི་བར་སུམ་ཅུ་དང་། ཀི་སོགས་དབྱངས་བཞི་ཞུགས་པའི་བརྒྱ་དང་དྲུག་ཅུ་བསྡོམས་པས་ཉིས་བརྒྱ། དེ་རེ་རེ་ལ་རྗེ་འཇུག་བཅུ་ཞུགས་པའི་ཉིས་སྟོང་། དེ་དག་ལས་རྗེས་འཇུག་བདུན་ལ་ཡང་འཇུག་གཉིས་ཞུགས་པའི་གཅིག་སྟོང་བཞི་བརྒྱ་བསྣན་པས་སུམ་སྟོང་བཞི་བརྒྱ། དེ་དག་ལས་འཕུལ་ཡིག་འཇུག་ས་ནི། ག__ཅ་ན་ཏ་ད་ན་ཙ་ཛ་ཞ་ཡ་ཤ་ས་སྟེ་བཅུ་གཅིག ད__ཀ་ག་ང་པ་བ་མ་སྟེ་དྲུག བ__ཀ་ག་ཅ་ཏ་ད་ན་ཙ་ཞ་ཟ་ཤ་ས་སྟེ་བཅུ། མ__ཁ་ག་ང་ཆ་ཇ་ཉ་ཐ་ད་ན་ཚ་ཛ་སྟེ་བཅུ་གཅིག འ__ཁ་ག་ཆ་ཇ་ཐ་ད་ཕ་བ་ཚ་ཛ་སྟེ་བཅུ། བསྡོམ་པས་བཞི་བཅུ་ཞེ་བརྒྱད་ཡོད། གོང་གསལ་རྐྱང་ཡིག་སུམ་སྟོང་བཞི་བརྒྱ་ལ་སྔོན་འཇུག་ཐོབ་པ་ཞེ་བརྒྱད་རེ་ཕྱེས་པས། རྐྱང་པའི་ཡི་གེ་ཆིག་འབུམ་དྲུག་ཁྲི་སུམ་སྟོང་ཉིས་བརྒྱ་ (༡༦༣༢༠༠) ཡོད། གཏན་ནས་འཕུལ་མི་ཐོབ་པའི་ཡི་གེ་ནི། ཝ་འ་ལ་ཧ་ཨ་བཅས་ལྔའོ། །

བརྒྱད་པ། འདོགས་ཅན་གྱི་ཡི་གེ་བཤད་པ་ནི།

མིང་གཞིའི་འོག་ཏུ་འདོགས་པའི་ཡི་གེ་ནི་བཞི་སྟེ།  དེ་ལ་ཡ་ར་ལ་ཝ་སྟེ་བཞིའོ། ། དེ་དག་གི་འཇུག་པ་རེ་རེ་བཞིན་བཤད་ན།    

ཡ་བཏགས། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་སྟེ་བདུན། ར་བཏགས། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་སྟེ་བཅུ་གཅིག ། ལ་བཏགས། ཀླ་གླ་བླ་ཟླ་རླ་སླ་སྟེ་དྲུག ། ཝ་བཏགས། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་སྟེ་བཅུ་གཉིས། བསྡོམས་པས་འདོགས་ཅན་ཐོབ་པ་སོ་དྲུག་ཡོད། རྔོག་ལོ་ཆེན་པས། ལ་བཏགས་ལ་བཞིར་གསུངས་ཤིང་། རླ་དང་སླ་གཉིས་མགོ་ཅན་དུ་བགྲངས་ཡོད། དེ་དག་ལས་རྐྱང་འཕུལ་འདོགས་ཅན་ཐོབ་པ་ཞེ་བརྒྱད་ཡོད་པ་སྣོན་པས་བརྒྱད་ཅུ་གྱ་བཞི་ཡོད། དེ་དག་ལ་དབྱངས་དང་རྗེས་འཇུག་ཡང་འཇུག་ཞུགས་པས་ཉིས་ཁྲི་དགུ་སྟོང་བཞི་བརྒྱ་(༢༩༤༠༠) ཡོད།


མགོ་ཅན་གྱི་ཡི་གེ གྲངས། མགོ་ཅན། འཇུག་ཡུལ བསྡོམས། ༡ ར་མགོ རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ། ༡༢ ༢ ལ་མགོ ལྐ། ལྒ། ལྔ། ལྕ། ལྗ། ལྟ། ལྡ། ལྤ། ལྦ། ལྷ། ༡༠ ༣ ས་མགོ སྐ། སྒ། སྔ། སྙ། སྟ། སྡ། སྣ། སྤ། སྦ། སྨ། སྩ། ༡༡ དགུ་པ་མགོ་ཅན་གྱི་ཡི་གེ་ནི། མིང་གཞིའི་མགོ་ལ་སྦྱོར་བའི་ཡི་གེའམ་། ཡང་ན་ཀླད་དུ་འགྲོ་རྒྱུའི་ཡི་གེ་ལ་ཟེར། དེ་ལ་དབྱེ་ན། ར་མགོ། ལ་མགོ ། ས་མགོ་གསུམ་སྟེ། ར་མགོ་ཅན། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་སྟེ་བཅུ་གཉིས། ལ་མགོ་ཅན། ལྐ། ལྒ། ལྔ། ལྕ། ལྗ། ལྟ། ལྡ། ལྤ། ལྦ། ལྷ་སྟེ་བཅུ། ས་མགོ་ཅན། སྐ། སྒ། སྔ། སྙ། སྟ། སྡ། སྣ། སྤ། སྦ། སྨ། སྩ་བཅས་བཅུ་གཅིག སྟེ་མགོ་ཅན་ཐོབ་པ་ཡི་གེ་སོ་གསུམ་ཡོད། དབྱེ་བ་འདི་དག་ནི་རྗེ་ས་པཎ་གྱི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་རྒྱས་པ་ལས་འབྱུང་བ་ལྟར་འདྲེན་ཞིང་། རྔོག་ལོ་ཆེན་པོས་ནི། རླ། སླ། གཉིས་མགོ་ཅན་དུ་བགྲངས་ཡོད་པ་དང་དེའི་རྒྱུ་མཚན་ཡང་ཤེས་དགོས། མགོ་ཅན་སོ་གསུམ་ལ་དབྱངས་ལྔ། རྗེས་འཇུག་བཅུ། ཡང་འཇུག་གཉིས་སྦྱོ་བས་ཡི་གེའི་གྲངས་གཅིག་ཁྲི་ཆིག་སྟོང་ལྔ་བརྒྱ་ལྔ་བཅུ་(༡༡༥༥༠) ཡོད། མགོ་ཅན་གྱི་སྔོན་འཇུག་ལ་བ་ཡིག་གིས་ཁྱབ་ཅིང་། དེ་ཡང་ར་མགོ་ཅན་བཅུ་དང་ལ་མགོ་ཅན་གཉིས་དང་ས་མགོ་ཅན་བརྒྱད་དེ་མགོ་ཅན་ཉིས་བརྩེགས་ཅན་གྱི་འཕུལ་ཡིག་ཡི་གེ་ཉི་ཤུ་ཡོད། དེ་དག་ལ་དབྱངས་ལྔ་དང་རྗེས་འཇུག་བཅུ་ཡང་འཇུག་གཉིས་ཀྱིས་བསྒྱུར་ཚུལ་རིགས་འགྲེ་ནས་སྦྱར་ཏེ། ཡིག་གྲངས་བདུན་སྟོང་(༧༠༠༠) ཡོད་པ་ཤེས་པར་བྱ། སུམ་བརྩེགས་ཅན་གྱི་ཡི་གེ་ནི། རྐྱ་རྒྱ་རྨྱ་རྒྭ་རྩྭ་ཕྱྭ་གྲྭ་སྐྱ་སྒྱ་སྤྱ་སྦྱ་སྨྱ་སྐྲ་སྒྲ་སྣྲ་སྤྲ་སྦྲ་སྨྲ་སྟེ་བཅོ་བརྒྱད། དེ་ལ་ཡང་དབྱངས་རྗེས་ཡང་གསུམ་སྦྱོར་བས་ཡིག་གྲངས་དྲུག་སྟོང་སུམ་བརྒྱ(༦༣༠༠) ། དེ་དག་ལས་བའི་འཕུལ་ཐོབ་པ་དྲུག་ཡོད། དེ་དག་ལ་དབྱངས་ལྔ་དང་རྗེས་འཇུག་བཅུ་ཡང་འཇུག་གཉིས་ཀྱིས་བསྒྱུར་ཚུལ་རིགས་འགྲེ་ནས་ཡིག་གྲངས་གཉིས་སྟོང་ཆིག་བརྒྱ་(༢༡༠༠) ཡོད། བཅུ་པ་ཁྱབ་ཆེ་ཆུང་གི་ཡི་གེ་བཤད་པ་ནི། ད་ཡོད་ལག་ལེན་ཐོག་འཇུག་པ་མང་ཉུང་གིས་ཕྱེས་པ་སྟེ། (༡) ཁྱབ་ཆེ་བའི་ཡི་གེ། __ག ད། བ། ས། བཞི་ནི་ཧ་ཅང་ཁྱབ་ཆེ་བའི་ཡི་གེ་སྟེ། འདི་དག་ལ་ཀུན་ཕན་གྱི་ཡི་གེ་ཡང་ཟེར། (༢) ཁྱབ་ཆུང་བའི་ཡི་གེ__འཇུག་པ་ཉུང་བའི་ཡི་གེ་རྣམས་ཏེ། མཚན་གཞི་ཁ་ཤས་བགྲང་ན། ལྒ__ལྒང། ལྔ__གྲངས་ཀྱི་ལྔ། ཐྲ__ཐྲིག་ཅེས་ལྷམ་གྱི་སྒྲ། ལྤ__མི་ལྤགས་ཅེས་དྲུག་སྒྲ་བསྡུ་སྐབས། མགྱ__མགྱོགས། དགྱ__དགྱེས། དཀྱེ__དཀྱེལ། སྩ__སྩལ་དང་སྩོལ་དང་བསྩལ། མགྲ__མགྲིན་དང་མགྲོན། ལྐ__ལྐོག་དང་ལྐུགས། ལྦ__མགྲིན་པའི་ལྦ་དང་མཆུའི་ལྦུ་བ། ཏྲ__སླེ་ཏྲེས་དང་ཏྲོན་དང་ཏྲེས་སམ། བགྱ__བགྱི་བགྱིད་བགྱིས། སྣྲོན__སྐར་མ་སྣྲོན་སྣྲུབས་སྣྲེལ་ཞི་རྣམས་ཏེ། དེ་མཚུངས་གཞན་ལའང་རིགས་འགྲེ ། ཝ་ཡིག་ནི། མེད་ཀྱང་ཆོག་པའི་ཡི་གེ་གཅིག ཅེས་ཀྱང་གསུངས་སོ། །

བཅུ་གཅིག་པ་རྗེས་སུ་འཇུག་པའི་ཡི་གེ། 

མིང་གཞིའི་རྗེས་དེ་མ་ཐག་ཏུ་འཇུག་པ་སྟེ། དབྱེ་ན། རྗེས་འཇུག__ག། ང་། ད། ན། བ། མ། འ། ར། ལ། ཤ། ས། སྟེ་བཅུ། དེ་དག་དབྱངས་གསལ་མིང་གཞི་ཡང་འཇུག་མགོ་འདོགས་ཀུན་ལ་ཁྱད་མེད་དུ་འཇུག་པའི་བསྒྱུར་རྩིས་ཀྱི་བསྡོམས་གྲངས་རྒྱག་ཤེས་པ་དགོས། རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་དགཀ་ནས་ཨའི་བར་གྱི་གསལ་བྱེད་མིང་གཞིའི་ཡི་གེ་སུམ་ཅུ་པོ་ཐམས་ཅད་ལ་ཁྱད་མེད་དུ་འཇུག་གོ། དཔེར་ན། བཀག། བཀང༌། བཀད། བཀན། བཀབ། བཀམ། བཀའ། བཀར། བཀལ། བཀས། ལྟ་བུས་མཚོན་མིང་གཞིའི་ཡི་གེ་ཀུན་ལ་རྗེས་འཇུག་བཅུ་ཀ་ཁྱད་མེད་དུ་སྦྱར་རུང་ངོ༌། འོ་ན། ཝགཀགཨད། ལྟ་བུ་ཡི་གེ་མང་པོ་ཞིག་ལ་འཇུག་པའི་མིང་ཞིག་ད་ལྟར་མེད་ཀྱང་། འབྱུང་འགྱུར་ཤེས་བྱ་གསར་བའི་བརྗོད་བྱ་ཇི་སྙེད་ཅིག་བྱུང་ནའང་དེ་ཉིད་སྟོན་པའི་བོད་ཡིག་ལ་ཐ་སྙད་གསར་བརྩམ་མི་དགོས་པར་ཐོན་མིས་བསྐྲུན་པའི་བརྡ་སྤྲོད་རིག་པའི་བང་མཛོད་འདི་ཉིད་ལས་ལེན་ཆོག་ཆོག་ཏུ་ཡོད། རྐྱང་པ་འཕུལ་འ་མཐའ་དགོས་པ་དང་། གུང་ཀྱེད་བརྩེགས་འདོགས་ཅན་ལ་སྤང་དགོས་པའི་གནས་ལུགས་ཀྱང་མཁྱེན་དགོས།

བཅུ་གཉིས་པ་ཡང་འཇུག་ཡི་གེ། རྗེས་འཇུག་གི་རྗེས་སུ་སླར་ཡང་འཇུག་པའི་ཡི་གེ་སྟེ། དབྱེ་ན་ད་ས་གཉིས(ཏུན་ཧོང་ཡིག་རྙིང་ལས། འ་ལའང་ཡང་འཇུག་ཡོད་པ་བྲིས་འདུག) ། ད__ན། ར། ལ། ས__ག། ང་། བ། མ། དེ་དག་དབྱངས་གསལ་མིང་གཞི་ཡང་འཇུག་མགོ་འདོགས་ཀུན་ལ་ཁྱད་མེད་དུ་འཇུག་པའི་བསྒྱུར་རྩིས་ཀྱི་བསྡོམས་གྲངས་རྒྱག་ཤེས་པ་དགོས། དེ་དག་ལས། ས་ནི་མིང་ཚིག་དང་བྱ་ཚིག་གཉིས་ཀར་འཇུག། ད་ནི་བྱ་ཚིག་དང་། བྱ་ཚིག་གིས་ཤན་ཞུགས་པའི་མིང་ཚིག་ཁོ་ན་ལ་འཇུག། ཚོགས་ཤུལ་པས་ཡང་འཇུག་ས་ཡིག་བཏོན་པ་ལ་མཁས་པ་གཞན་གྱིས་དགག་གཞག་གནང་བའི་རྒྱུ་མཚན་ཡང་། ས་ཡིག་མིང་རྐྱང་པ་ལ་འཇུག་པ་མང་བར་ཐུག་ཡོད་པ་དེ་ཡང་ཤེས་དགོས། ཡི་གེའི་དབྱེ་བ། ཨང་། དབྱེབ། སྦྱོར་ཚུལ། ༡ སྲོག་དང་རྐྱེན་གྱི་ཡི་གེ སྲོག _ ཚེག རྐྱེན། _ དབུ་ཁྱུད། ཤད། ༢ ཕ་མ་བུ་ཚའི་ཡི་གེ ཕ__ཀ་ནས་ཧ་བར་ཡི་གེ་ཉི་ཤུ་རྩ་དགུ མ__ཨ་ཡིག་གཅིག་པོ། བུ__ི ེ ོ ུ ྱ ྲ བཅས་དྲུག་གོ ༣

ཕོ་མོ་མ་ནིང་གི་ཡི་གེ། ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་ལ་མོ་དབྱངས་བཞི། ཕོ་གསལ་བྱེད་སུམ་ཅུ། མིང་གཞིའི་རྟགས་ཀྱི་དབྱེ་བ་ནི། ༡རྟགས་ཀྱི་དབྱེ་བ་ལྟར་ཕྱེ་བ། ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ། ༢ རྟགས་ཀྱི་དབྱེ་བ་གསུམ་དུ་ཕྱེ་བ། ཕོ་མ་ནིང་མོ། ༣ རྟགས་ཀྱི་དབྱེ་བ་གཉིས་སུ་དབྱེ་བ། ཕོ་དང་མོ། སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་ནི། ཕོ་མ་ནིང་མོ་ཤིན་ཏུ་མོ། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ནི། ཕོ་མོ་མ་ནིང་། ༤ ང་རོའི་དབྱེ་བ། ཨ་ཨི་ཨུ་ཨེ་ཨོ་ལྔའོ༎ ༥


དབྱངས་ཀྱི་ང་རོ་འདྲེན་ཚུལ། 1.ཨ__མགྲིན་པ་བཙུན་ཞིང་དོག་པའི་སྒོ་ནས་སྟོད་དུ་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ཡིན། ཀ་སོགས་ཕོ་ཡིག་ཀུན་གྱི་ང་རོའི་རྩ་བ་ནི་ཨ་ཡིག་ཡིན། 2.ཧ__མགྲིན་པ་ཅུང་ད་གློད་ཅིང་ཁོག་པ་ནས་ཤུགས་བསྐྱེད་དེ་འདོན་པའི་ཡི་གེའི་རྩ་བ་ཡིན། ཁ་སོགས་མ་ནིང་ཀུན་གྱི་ང་རོའི་རྩ་བ་ནི་ཧ་ཡིག་ཡིན། 3. འ__མགྲིན་པ་ཕྱེས་ཤིང་གློད་ནས་སྨད་དུ་ཤུགས་སྐྱེད་དེ་འདོན་པའི་ཡིག་གེའི་རྩ་བ་ཡིན། ག་སོགས་མ་ནིང་ཀུན་གྱི་ང་རོའི་རྩ་བ་ཡང་འ་ཡིག་ཡིན།

༦ སྐྱེ་གནས་ཀྱི་ཁྱད་པར། ཁོག་པ་མགྲིན་པ་སོགས་སྐྱེས་གནས་བརྒྱད་ལས་སྒྲ་མདངས་ཐོན་ཚུལ་མི་འདྲ་བ། ༧ རྐྱང་པའི་ཡི་གེ། མིང་གཞི་རྐྱང་པ་དང་། རྐྱང་འཕུལ་ཅན། ༨ འདོགས་ཅན་གྱི་ཡི་གེ། ཡ་བཏགས། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་སྟེ་བདུན། ར་བཏགས། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ་སྟེ་བཅུ་གཅིག ། ལ་བཏགས། ཀླ་གླ་བླ་ཟླ་རླ་སླ་སྟེ་དྲུག ། ཝ་བཏགས། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་སྟེ་བཅུ་གཉིས། ༩ མགོ་ཅན་གྱི་ཡི་གེ ར་མགོ་ཅན། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་སྟེ་བཅུ་གཉིས། ལ་མགོ་ཅན། ལྐ། ལྒ། ལྔ། ལྕ། ལྗ། ལྟ། ལྡ། ལྤ། ལྦ། ལྷ་སྟེ་བཅུ། ས་མགོ་ཅན། སྐ། སྒ། སྔ། སྙ། སྟ། སྡ། སྣ། སྤ། སྦ། སྨ། སྩ་བཅས་བཅུ་གཅིག སྟེ་མགོ་ཅན་ཐོབ་པ་ཡི་གེ་སོ་གསུམ་ཡོད། ༡༠ ཁྱབ་ཆེ་ཆུང་གི་ཡི་གེ (༡) ཁྱབ་ཆེ་བའི་ཡི་གེ། __ག ད། བ། ས། (༢) ཁྱབ་ཆུང་བའི་ཡི་གེ__ཝ ༡༡ རྗེས་འཇུག་གི་ཡི་གེ ག། ང་། ད། ན། བ། མ། འ། ར། ལ། ཤ། ས། སྟེ་བཅུ། དེ་དག་དབྱངས་གསལ་མིང་གཞི་ཡང་འཇུག་མགོ་འདོགས་ཀུན་ལ་ཁྱད་མེད་དུ་འཇུག་པའི་བསྒྱུར་རྩིས་ཀྱི་བསྡོམས་གྲངས་རྒྱག་ཤེས་པ་དགོས། ༡༢ ཡང་འཇུག་གི་ཡི་གེ ད__ན། ར། ལ། ས__ག། ང་། བ། མ།


གཉིས་པ་མིང་བཤད་པ། ༡ མིང་གི་རྒྱུ་དང་ངོ་བོ་སོགས་བཤད་པ། གཉིས་པ་མིང་བཤད་པ་ལ་བཞི་ལས། དང་པོ་མིང་གི་རྒྱུ་ནི། ཡི་གེ་ཡིན་ཏེ། རྒྱུ་ཡི་གེ་གཉིས་ཡན་ཆད་ཚོགས་པ་ལས་འབྲས་བུ་མིང་གྲུབ་དགོས་པའི་ཕྱིར། གཉིས་པ་མིང་གི་ངོ་བོ་ནི། ཡི་གེ་གཉིས་འདུས་ནས་བརྗོད་བྱའི་དོན་གྱི་ངོ་བོ་རྗོད་པར་བྱེད་པ། ཡང་ན་རྒྱུ་ཡི་གེ་ཚོགས་པ་ལས་བྱུང་ཞིང་། འབྲས་བུ་ཚིག་གྲུབ་པའི་གཞིར་གྱུར་པ། བྱེད་ལས་དངོས་པོའི་ངོ་བོ་ཙམ་སྟོན་ཅིང་། རྣམ་པར་སྒྲའི་གདངས་སུ་གྲུབ་པ་དེ་ཡི་གེའི་ངོ་བོ་ཡིན་ཟེར་དགོས། གསུམ་པ་མིང་གི་ངེས་ཚིག་ནི། འདི་ཉིད་དངོས་མིང་ཡིན་པས་བོད་རང་ལ་ངེས་ཚིག་མེད་ཀྱང་། རྒྱ་གར་བའི་མིང་གི་ངེས་ཚིག་ལ། ནམཿཞེས་པ་དོན་ལ་བློ་གཞོལ་ཞིང་འབབ་པར་བྱེད་པས་ན་མིང་ཞེས་བྱའོ། །

༢ མིང་གི་དབྱེ་བ་བཤད་པ། བཞི་པ་མིང་གི་དབྱེ་བ་ནི། ཞིབ་ཏུ་ཕྱེ་ན། དང་པོ། འདོད་རྒྱལ་གྱི་མིང་དང་། གཉིས་པ། རྗེས་གྲུབ་ཀྱི་མིང་། གསུམ་པ། དངོས་མིང་། བཞི་པ། བཏགས་མིང་། ལྔ་པ། མིང་ཚིག་མུ་བཞི། དྲུག་པ། བྱ་ཚིག་གིས་ཤན་ཞུགས་པའི་མིང་། བདུན་པ། ཁྱད་ཚིག་མཚོན་པའི་མིང་བརྒྱད་པ། དགག་སྒྲའི་སྒོ་ནས་བཏགས་པ། དགུ་པ། རྣམ་དབྱེ་སྡུད་པའི་མིང་། བཅུ་པ། ཚིག་སྡུད་ཀྱི་མིང་། བཅུ་གཅིག་པ། ཚིག་རྒྱན་གྱི་མིང་། བཅུ་གཉིས་པ། བརྡ་རྙིང་གི་མིང་། བཅུ་གསུམ་པ། ཤན་ཞུགས་དང་ཟུར་ཆགས་ཀྱི་མིང་། བཅུ་བཞི་པ། མིང་གི་སྡེབ་སྦྱོར་སོགས་མང་པོ་ཡོད་པ་ལས། འདིར་འགའ་ཞིག་ཟུར་འདོན་གྱིས་རག་ཙམ་འཆད་ན།

དང་པོ་འདོད་རྒྱལ་གྱི་མིང་ནི། འདྲ་འབྲེལ་སོགས་ཀྱི་རྒྱུ་མཚན་ལ་མ་བརྟེན་པར་འདོད་རྒྱལ་གྱིས་བརྡ་སྦྱར་བའི་མིང་ ལ་ཟེར། འདིར་སྨྲ་སྒོ་ལས་འབྱུང་བ་ལྟ་ན། འདོད་རྒྱལ་ཐོག་མའི་མིང་དང་འདོད་རྒྱལ་རྗེས་གྲུབ་ཀྱི་མིང་གཉིས་སུ་དབྱེར་ཡོད། 1. འདོད་རྒྱལ་ཐོག་མའི་མིང་ནི། འདྲ་འབྲེལ་གང་རུང་གི་རྒྱུ་མཚན་ལ་མ་བརྟེན་པར་འདོད་རྒྱལ་གྱིས་ཐོག་མར་བརྡ་སྦྱར་བའི་མིང་གང་ཞིག་དོན་དེ་ཐུན་མོང་མ་ཡིན་པར་གོ་བར་བྱེད་ནུས་པ་ལ་ཟེར། དཔེར་ན། རི་དྭགས་ཀྱི་རྒྱལ་པོ་ལ་སེངྒེདང་། ནོག་དང་ལྐོག་ཤལ་ཅན་ལ་བ་ལང་ཞེས་བརྗོད་པ་ལྟ་བུ། དེས་རིགས་བསྒྲེས་ནས། ཆུ། མེ། རླུང་། ཉི་མ། ཟླ་བ་ལྟ་བུ། དངོས་མིང་དང་འདོད་རྒྱལ་གྱི་མིང་གི་གཞི་མཐུན་ཡིན། 2. འདོད་རྒྱལ་རྗེས་གྲུབ་ཀྱི་མིང་ནི། འདོད་རྒྱལ་ཐོག་མའི་མིང་ལ་བརྟེན་ནས་དེའི་རྗེས་སུ་གྲུབ་པའི་མིང་གང་ཞིག ངེས་ཚིག་ཕྱིར་ཅི་ལོག་པ་འམ་བཤད་དུ་མེད་པའི་མིང་ལ་ཟེར། ཡང་ན། འདོད་རྒྱལ་མཁན་པོས་རང་འདོད་ལྟར་བརྡ་སྦྱར་ཞིང་སྦྱར་བ་ལྟར་མིང་ལ་དེ་ལྟར་གྲགས་ཀྱང་དོན་ལ་དེ་ལས་ལྡོག་སྟེ། མིང་གི་སྒྲ་དོན་བཤད་དུ་མེད་པའམ་ལོག་པ་ཉིད་དུ་གོ་བའི་མིང་རྣམས་ཡིན། དཔེར་ན། ཁྱི་ནག་ལ་དུང་། གླེན་པ་ལ་སངས་རྒྱས། སྨད་ཚོང་མ་ལ་སྒྲོལ་མ། སྡིག་ཅན་ལ་ཆོས་རྒྱལ། སྤྲང་པོ་ལ་རྒྱལ་པོ་བཏགས་པ་ལྟ་བུ།

གཉིས་པ། རྗེས་གྲུབ་ཀྱི་མིང་། འདྲ་འབྲེལ་གང་ཞིག་ལ་བརྟེན་ནས་བཏགས་པའི་རྗེས་སུ་གྲུབ་པའི་མིང་ཟེར། 1. རྗེས་གྲུབ་ཀྱི་དངོས་མིང་། རྗེས་སུ་གྲུབ་པའི་མིང་ཡིན་ཡང་དོན་དེ་ལ་དངོས་དབང་གིས་འཇུག་ཅིང་དོན་དེའི་མིང་གཙོ་བོ་ཡང་ཡིན་པའི་གཞི་མཐུན་པ་སྟེ། ལྕགས་རྟ། ཆུ་བྱ། གསེར་བུམ། གསེ་ཐག དངུལ་ཀོང་། རྒྱ་ཕག གངས་སེང་། མི་རྒོད། རི་ཕག མཚོ་རྟ། མེ་འཁོར་ལྟ་བུ་རྣམས་དངོས་མིང་དང་རྗེས་གྲུབ་ཀྱི་གཞི་མཐུན་པ་ཡིན་ནོ། ། 2. རྗེས་གྲུབ་ཀྱི་བཏགས་མིང་ནི། རས་ཡུག་གི་ཁ་ཚར་འཚིགས་པ་ལ་རས་ཡུག་འཚིག་པ། ཁང་པའི་ཟུར་ཞིག་པ་ལ་ཁང་པ་ཞིག ཡོས་བརྔོ་བ་ལ་རྩམ་པ་བརྔོ། ས་བོན་བཏབ་པ་ལ་ཞིང་ཁ་བཏབ། མི་བསམ་ངན་ཅན་ལ་དུག་ནག ནག་ཉེས་མེད་པ་ཆགས་པ་ལ་ཞྭ་མོ་ཕུད་པ་ལྟ་བུ་སྟེ། འོག་ནས་འབྱུང་བའི་བཏགས་མིང་གི་རྣམ་གྲངས་དུ་མ་ཕྱེས་ཡོད་པ་དེ་དག་ལས་ཤེས་དགོས།

གསུམ་པ། དངོས་མིང་ནི། དོན་དེ་ལ་དངོས་དབང་གིས་འཇུག་ཅིང་དོན་དེ་འཁྲུལ་མེད་དུ་གོ་ནུས་པའི་མཉན་བྱ་ལ་ཟེར། དེ་ལ་སྨྲ་སྒོ་ལས་འབྱུང་བ་ལྟ་ན། ཡིན་པའི་སྒོ་ནས་བཏགས་པའི་དངོས་མིང་དང་། ངོ་བོའི་སྒོ་ནས་བཏགས་པའི་དངོས་མིང་། དངོས་པོའི་རྐྱེན་གྱི་སྒོ་ནས་བཏགས་པའི་དངོས་མིང་དང་གསུམ་ཡོད། དེ་དག་རིམ་པ་བཞིན། 1. ཡིན་པའི་སྒོ་ནས་བཏགས་པའི་དངོས་མིང་། དངོས་པོ་རང་རང་གི་ངོ་བོའི་དོན་གྱི་མིང་གིས་བསྙད་པའི་མིང་སྟེ། དཔེར་ན། རྒྱལ་པོའི་སྲས་ཡིན་པའི་ཕྱིར་རྒྱལ་སྲས་ལྟ་བུ་དང་། རྡུལ་རྫས་དུ་མ་འདུས་པ་ཡིན་པས་འདུས་བྱས། མེ་ལ་ཚ་བ་དང་། རླུང་ལ་ཡང་བ། ཆུ་ལ་རློན་པ། ས་ལ་མཁྲེགས་པ། ཤིང་ལ་ཡལ་ག་ལོ་ལྡན། མི་ལ་སྨྲ་ཤེས་དོན་གོར་བཏགས་པ་ལྟ་བུ་སོགས་སོ། ། 2. ངོ་བོའི་སྒོ་ནས་བཏགས་པ། གསེར་གྱིས་བྱས་པའི་བུམ་པ་ལ་གསེར་བུམ། དེ་བཞིན་དུ། རྡོ་ཐབ། ས་ཕུག་ལྟ་བུ། 3. དངོས་པོའི་རྐྱེན་གྱི་སྒོ་ནས་བཏགས་པ། དཔེར་ན་ཙནྡན་གྱི་ཚ་ཞིང་སྲེག་པ་ལ་ཙནྡན་གྱི་མེ་ཞེས་བཏགས་པ་ལྟ་བུ་སྟེ། དེ་ནི་མེའི་རིགས་ཀུན་ཚ་ཞིང་སྲེག་པའི་ངོ་བོ་ཉིད་དུ་གྲུབ་པས་དེ་སྐད་དུ་བཏགས་པ་ཡིན་པས་ངོ་བོ་ཉིད་ཀྱི་མིང་ཞེས་ཀྱང་བྱའོ། ། འདི་དག་ནི་སྨྲ་སྒོ་ལས་གང་གསུང་པ་ལྟར་ལགས་ཏེ་བོད་སྐད་ལ་ཇི་ཙམ་ཕན་ཐོགས་ཡོད་མེད་བརྟག་དགོས།

བཞི་པ། བཏགས་མིང་ནི། དོན་དེ་དངོས་མིན་ཡང༌། དོན་དེ་དང་འདྲ་འབྲེལ་ཅི་རིགས་པའི་སྒོ་ནས་བཏགས་པའི་མིང་སྟེ། 1. རྟེན་གྱི་མིང་བརྟེན་པ་ལ་བཏགས་པ། དཔེར་ན། རྩལ་དང་ལྡན་པའི་སྐྱེས་བུ་ལ་རྩལ་ཞེས་བཏགས་པ་ལྟ་བུ། དེ་བཞིན་དུ་མགོ་ཆེན་པོ་ཡོད་པའི་མི་ལ་མགོ་ཆེན་བཏགས་པ་ལྟ་བུ། བོད་པ་རང་ལ་བེད་སྤྱོད་ཡོད་པའི་དཔེ་རུ་བཀོལ་བ་ལགས་སོ། 2. རྒྱུ་མིང་འབྲས་ལ་བཏགས་པ། རས་འཐག་པར་གོས་འཐག་པ། ཡོས་བརྔོ་པ་ལ་རྩམ་པ་བརྔོ། སེམས་བསྐྱེད་ལ་འདུན་་པ་ཞེས་བཏགས་པ་ལྟ་བུ། 3. བྱ་བའི་སྒོ་ནས་བཏགས་པའི་མིང་ངམ་འབྲས་བུའི་སྒོ་ནས་བཏགས་པའི་མིང་ནི། ཉི་མའི་འོད་ཟེར་ལ་ཉི་མ། སྲོག་གཅོད་སྤོང་བ་ལ་དགེ་བར་བཏགས་པ་དང་། བག་ལེབ་ལ་གྲོ། འབྲས་མཆན་ལ་འབྲས། སྤགས་ལ་རྩམ་པ་བཏགས་པ་ལྟ་བུ། 4. འདྲ་བའི་སྒོ་ནས་བཏགས་པ་ནི། དཔའ་བོ་ལ་སྟག་དང་། སྡར་མ་ལ་ཝ། ཤུགས་ཆེན་པོ་ལ་གླང་ཆེན། གདོང་དཀར་པོ་ལ་ཟླ་བ། མི་བཟང་པོ་ལ་ལྷ། དྲང་པོ་ལ་མདའ། སྤྱོད་པ་ངན་པའི་མི་ལ་ཁྱི་ལྟ་བུ་རྣམས་སོ། ། འདི་དག་ལའང་ཞིབ་ཚ་བོའི་ལུགས་སུ་བྱས་ན། རིགས་འདྲ་བ་དང་། བྱ་བ་འདྲ་བ། ཡོན་ཏན་འདྲ་བ། རྫས་འདྲ་བ་བཞིའི་སྒོ་ནས་བཏགས་པར་བཤད། . 5. རྒྱུ་མིང་འབྲས་ལ་བཏགས་པ་ནི། འབྲས་ཀྱི་མྱུ་གུ་ལ་འབྲས་དང༌། སྤག་ཟ་བ་ལ་རྩམ་པ་ཟ། ནས་ཀྱི་མྱུ་གུ་ལ་ནས། ལས་ཀྱི་རྣམ་སྨིན་ལ་ལས་དང༌། ཉི་མ་ནས་བྱུང་བའི་འོད་ཟེར་ལ་ཉི་མ་དང༌། ཙན་དན་ལས་བྱུང་བའི་དྲི་ལ་ཙན་དན་ཞེས་བཏགས་པ་ལྟ་བུ། 6. བདག་གཅིག་འབྲེལ་རྒྱུ་མཚན་དུ་བྱས་པའི་མིང༌། རས་ཡུག་གི་ཁ་ཚར་འཚིག་པའི་ལྷག་མ་ལ་རས་ཡུག་འཚིག་རོ་ཞེས་པ་དང༌། མི་གཅིག་ཤི་བ་ལ་མི་ཤི། ཁང་པའི་ཟུར་གཅིག་ཞིག་པ་ལ་ཁང་པ་ཞིག ཤིང་གི་ཡལ་ག་གཅོད་པ་ལ་ཤིང་གཅོད། ཞེས་པ་ལྟ་བུ་དང༌། 7. རྟེན་དང་བརྟེན་པའི་འབྲེལ་བ་རྒྱུ་མཚན་དུ་བྱས་པ་དཔེར་ན། ཀླུ་མ་དྲོས་པ་བསྡད་སར་མཚོ་མ་དྲོས་པ་བཏགས་པ་ལྟ་བུ། 8. བདག་པོའི་མིང་ཡུལ་ལ་བཏགས་པ། འགྲེལ་བ་སངས་བསྐྱངས། 9. ཡུལ་གྱི་མིང་བདག་པོ་ལ་བཏགས་པ། ཞིང་པ། བཟོ་བ། ཤིང་མཁན། 10. བྱེད་པའི་མིང་བྱ་ཡུལ་ལ་བཏགས་པ། བཀྲ་ཤིས་ཀྱི་ཁྱི་ལ་བཀྲ་ཤིས། 11. ཆ་ཤས་ཅན་གྱི་མིང་ཆ་ཤས་ལ་བཏགས་པ། རས་ཡུག་གི་ཁ་ཚར་འཚིག་པར་རས་ཡུག་འཚིག་པ་དང་། བློ་བཟང་གི་ལག་པ་ན་བ་ལ་བློ་བཟང་ན་བ། ཤིང་གི་ཡལ་ག་གཅོད་པ་ལ་ཤིང་གཅོད། མཚོའི་ཟུར་ཞིག་བསྐམས་པ་ལ་མཚོ་བསྐམས། ཤིང་གཅིག་མེ་ལ་ཤོར་བར་ནགས་མེ་ལ་ཤོར། 12. བྱེད་པའི་མིང་བྱ་ཡུལ་ལ་བཏགས་པ། ས་བོན་འདེབས་པ་ལ་ཞིང་འདེབས། ཆར་པ་འབབ་པ་ལ་གནམ་འབབ། རྦ་རླབས་འཕྱུར་བ་ལ་རྒྱ་མཚོ་འཕྱུར། རྩྭ་གཅོད་པ་ལ་སྤང་གཅོད། སྨན་རྒྱག་པ་ལ་ཁབ་རྒྱག ཤིང་གཅོད་པ་ལ་ནགས་གཅོད། མདེའུ་འཕེན་པ་ལ་མེ་མདའ་འཕེན། རྡོ་འཕེན་པ་ལ་འུར་རྡོ་འཕེན། 13. འབྲས་མིང་རྒྱུ་ལ་བཏགས་པ་ནི། སྲོག་གཅོད་སྤོང་བ་ལ་དགེ་བ་བཏགས་པ་དང་། ཡོས་འཐག་པར་རྩམ་པ་འཐག་པ། རས་འཚེམ་པ་ལ་གོས་འཚེམ་པ། རྩམ་པ་རྫིས་པ་ལ་སྤག་རྫིས་པ། རྡོ་བརྩིག་པ་ལ་ཁང་པ་རྩིག་པ་ཞེས་བརྗོད་པ་རྣམས་ཀྱང་འབྲས་མིང་རྒྱུ་ལ་བཏགས་པ་ཡིན་པ་རིགས་པའི་ལམ་ནས་ཤེས་པར་བྱ་དགོས། 14. ཚབ་མཚོན་གྱི་མིང་། མ་ཉེས་ཁ་གཡོག་ལ་ཞྭ་མོ་ནག་པོ། གཞི་མེད་སྐུར་འདེབས་ལ་གཟུགས་མེད་གྲིབ་བཟོ། དགྲ་སྣ་ཟས་འཁྲིད་ལ་ཆར་སྣ་རླུང་ཁྲིད། མགོ་བདེ་དྲགས་ནས་གྱོང་རག་པ་ལ་ཞྭ་མོ་བརླགས། ཇུས་ཉེས་བྱུང་བ་ལ་སྣ་སུག་ཕོག་པ། སྟོང་བསམ་ལ་རྨི་ལམ། ངན་བསླབ་རྒྱག་པར་དུག་རྩ་བཀྲམས་པ། རྙོག་འཛིངས་ཚ་ལ་བ་མགོ་ན་བ། གནས་བབ་གཅིག་པ་ལ་གོས་ཐུང་གཅིག་གི་རྐང་པ་ལྟ་བུ་རྣམས་ཏེ། ཕལ་ཆེ་བ་ནི་བྱེད་ལས་དང་དབྱིབས་གཟུགས་གང་ཞིག་འདྲ་བའི་སྒོ་ནས་བཏགས་པ་ཤས་ཆེ་བར་སྣང་བ་འདི་དག་ཀྱང་ངེས་དགོས།

ལྔ་པ། མིང་ཚིག་མུ་བཞིར་ཕྱེ་བ། 1. མིང་ཁོ་ན་ཡིན་པ་ནི། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་སྟེ། རྣམ་དབྱེ་དང་པོ་དང་དོན་གཅིག་གོ ། དཔེར་ན། བུམ་པ། ཀ་བ། ལྷ་མི་འཇིག་རྟེན། ལྟ་བུ། 2. ཚིག་ཁོ་ན་ཡིན་པ་ནི། ཚིག་དུ་མར་ཚོགས་པའི་བརྗོད་པ་སྟེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ལྟ་བུ། 3. མིང་ཚིག་གཉིས་ཀ་ཡིན་པ་ནི། དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཚོགས་ཅན་གྱི་སྒྲ་སྟེ། དཔེར་ན། ཁང་པའི་ཀ་བ། གསེར་གྱི་བུམ་པ་ལྟ་བུ། དེ་དག་མིང་ཡིན་ཏེ་ཁང་པའི་ཀ་བའི་མིང་དང་གསེར་གྱི་བུམ་པའི་མིང་ཡིན་པའི་ཕྱིར། ཚིག་ཡིན་ཏེ་ཁྱད་གཞི་ཁང་པ་ལ་ཁྱད་ཆོས་ཀ་བ་སྦྱར་ནས་བསྟན་པའི་མཉན་བྱ་ཡིན་པའི་ཕྱིར། དེས་གསེར་གྱི་བུམ་པ་ལའང་རིགས་འགྲེ། 4. གཉིས་ཀ་མ་ཡིན་པ་ནི། བུམ་པ་ལྟ་བུ་སྟེ། བརྗོད་བྱེད་ཀྱི་སྒྲ་མ་ཡིན་པའི་ཕྱིར།

དྲུག་པ། བྱ་ཚིག་གིས་ཤན་ཞུགས་པའི་མིང་ཚིག་ནི། བདག་གཞན་དང་དུས་གསུམ། བྱ་བྱེད་གང་ཞིག་དང་ཕན་ཚུན་ལྟོས་གྲུབ་ཀྱི་སྒོ་ནས་བཏགས་པའི་མིང་ཞིག་ལ་ཟེར་ཏེ། དཔེར་ན། 1 བྱ་ཚིག་གམ་ལས་ཚིག་གི་ཤན་ཞུགས་པ། མཐོང་སྤང་དང༌། སྒོམ་སྤང༌། བསླབ་པ། གདིང་བ། གདམས་ངག ལྟ་བུ། 2 བྱེད་ཚིག་གིས་ཤན་ཞུགས་པ། ངོ་རྒོལ། སྐམ་པོ། རློན་པ། བློ་སྦྱོང༌། སྡོམ་པ། སྔོན་འགོག ཆོས་མཆོད་ཕྱག་རྒྱ། ལྟ་བུ། 3 འདས་ཚིག་གིས་ཤན་ཞུགས་པ། མྱང་འདས། བདེ་གཤེགས། བཅོམ་ལྡན་འདས། སྤྱིར་བཏང༌། ལྟ་བུ། 4 སྐུལ་ཚིག་གིས་ཤན་ཞུགས་པའི་མིང་ཚིག རྒྱུན་ཞུགས། ཕྱིར་འོང་ཞུགས་པ། ཕན་ཐོགས། བཤེས་སྤྲིངས། ཁ་སྐྱེངས། ཡིད་སྲུབས། མགུལ་ཆིངས། ཟློས་སྐྱོན་ལྟ་བུ། 5 བྱ་ཚིག་དང་ཉེ་ཡང་དེའི་ཤན་མ་ཞུགས་པའི་མིང་ནི། སྐྱབས་གསུམ། བྱིན་རླབས། ཁང་རྩེགས་ལྟ་བུ་རྣམས་ཡིན་ཏེ། འདི་དག་བྱ་བྱེད་འདས་སྐུལ་གྱི་ཡིག་གཟུགས་གང་དང་ཡང་མི་མཐུན་པའི་ཕྱིར་རོ། ། དེ་དག་བདག་གཞན་དུས་གསུམ་གང་རུང་ལ་ལྟོས་ནས་བཏགས་པ་ཡིན་ཡང་བྱ་ཚིག་དངོས་མིན་ནོ། ། དེ་ཡང་བྱེད་ཚིག་གི་ཤན་ཞུགས་པ་མང་ཞིང༌། བྱ་ཚིག་དང་འདས་ཚིག་གི་ཤན་ཞུགས་པ་དེ་ཙམ་མི་མང༌། སྐུལ་ཚིག་གི་ཤན་ཞུགས་པ་ནི་ཤིན་ཏུ་ཉུང་ངོ༌། །

བདུན་པ། ཁྱད་ཚིག་མཚོན་པའི་མིང་།

ཁྱད་གཞི་གང་ཞིག་ལ་སྦྱར་དུ་རུང་བའི་ཁྱད་ཚིག་མཚོན་བྱེད་ཀྱི་སྒྲ་ལ་ཟེར། 

1. ཁྱད་ཆོས་རྗེས་བརྗོད་ཀྱི་མིང་། ཨུཏྤལ་སྔོན་པོ། གངས་དཀར་པོ། རྫ་ནག་པོ། གསེར་སེར་པོ། དངུལ་དཀར་པོ། གཟི་ཁྲ་བོ། སྟག་སྐྱ་ལི། སྨན་བུ་མོ། སྟག་དམར་ཡག གཟིག་ཁྲ་ཡག རྐྱང་ཁ་དཀར། མགོ་འཇོང་འཇོང་། མིག་གསལ་པོ། 2. ཁྱད་ཆོས་སྔོན་བརྗོད་ཀྱི་མིང་། སེར་པོ་གསེར། དཀར་པོ་དངུལ། ཁྲ་བོ་གཟི། ནག་པོ་བདུད། 3. ཁྱད་ཆོས་ཙམ་མཚོན་པའི་སྤྱི་མིང་། དཀར་པོ། དམར་པོ། སྙན་པོ། ཡག་པོ། ངན་པ། སྤྱང་པོ། གྲགས་ཅན། འབྱོར་ལྡན། ཁྲི། འབུམ། ཞེས་ལྟ་བུ། 4. ཁྱད་ཚིག་ཕལ་མ་མཚོན་པའི་མིང་། མི་མགོ་ཆེ། སྟག་ཁ་རལ། ཁྱི་མོ་རྔ་རིང་། ཕག་པ་ནག་སྒུར། གསེར་བུམ་མཆུ་ཏོ་ཅན། ལྟ་བུ། 5. ཁྱད་གཞི་ཙམ་མཚོན་པའི་མིང་། བོད། རྒྱ་ནག ། སངས་རྒྱས། སེམས་ཅན། ལྟ་བུས་མཚོན་ཏེ། སྐབས་དང་སྟོབས་ལ་བརྟེན་ནས་འཇོག་པ་མ་གཏོགས། ཁྱད་གཞི་དང་ཁྱད་ཆོས་མཚོན་པའི་མིང་ཀུན་མཐའ་གཅིག་ཏུ་ངེས་འཛིན་ནས་འཇོག་རྒྱུ་མིན་པ་ཡང་ཤེས་དགོས།

བརྒྱད་པ། དགག་སྒྲའི་སྒོ་ནས་བཏགས་པ་ནི། 1. མ་སྒྲའི་དགག་ཚིག་ཅན། མ་ཕམ་པ། མ་བྱིན་ལེན། མ་བདག་བདག་བཟུང་། མ་སྐྱེས་དགྲ། མ་ལུས་པ། མ་བྱུང་སྔོན་འགོག མ་མྱོས་པས་འདུལ་བ་སྦྱིན་པ། 2. མི་སྒྲའི་དགག་ཚིག་ཅན། མི་སྐྱེ་བ་ཤེས་པ། མི་སྐྱོད་པའི་ཆོས་ཅན། མི་ཁོམ་པ། མི་ཁོམ་པ་བརྒྱད། མི་འཁྱོག་འགྲོ། མི་འཁྲུགས་པ། མི་དགེ་བ་བཅུ། 3. མིན་སྒྲའི་དགག་ཚིག་ཅན། ཡོ ད་མིན་ཡོད་མིན། ལྷ་མིན་འདྲེ་མིན། སྐྱ་མིན་སེར་མིན། དཀར་མིན། འོག་མིན། རིང་མིན་ཐུང་མིན། སྣོད་མིན། རྒྱ་མིན་བོད་མིན། དུས་མིན། ཚུལ་མིན། 4. མེད་སྒྲའི་དགག་ཚིག་ཅན། བུད་མེད། མེད་དགག ཡ་མེད། དཔལ་མེད། དཔུང་མེད། ཆོས་མེད། དོ་མེད། འགྲན་མེད། ཅེས་པ་ལྟ་བུ་སྟེ། ཞིབ་ཏུ་ཕྱེ་ན། མེད་དགག་བཅུ་གཅིག དང༌། མ་ཡིན་དགག་པ་བཅུ་བཞིའི་སྒོ་ནས་སྦྱོར་བ་ཡོད་དོ། །


དགུ་པ། རྣམ་དབྱེ་སྡུད་པའི་མིང་། 1. རྣམ་དབྱེ་གཉིས་པ་བསྡུ་བ་ནི། གནམ་ལ་འགྲོ་བའི་གྲུ་ལ་གནམ་གྲུ། ཀུན་ཏུ་འགྲོ་བ་ལ་ཀུན་འགྲོ། བྱ་བའི་ཡུལ་ཟས་ལ་ཟ་བའི་བྱ་བ་བྱེད་པ་བསྟན་པའི་གཉིས་པ་ལ་ཡིག་བསྡུས་ནས་ཟས་ཟ་ལྟ་བུ། དེས་མཚོན་ནས་གོས་ལ་གྱོན་པ་ལ་གོས་གྱོན། ཤིང་ལ་གཅོད་པ་ལ་ཤིང་གཅོད་ལྟ་བུ་རེ་རེ་ནས་ཞིབ་མོའི་ལུགས་སུ་བྱས་ན། དེ་དག་ལས་སུ་བྱ་བ་ཡིན་ཡང་རྒྱུན་ལྡན་གཉིས་པ་བསྡུས་ནས་འབྲི་བ་ཡིན་ནོ། 2. རྣམ་དབྱེ་གསུམ་པ་བསྡུ་བ་ནི། རྐང་པས་འཐུང་བ་ལ་རྐང་འཐུང་། ལག་པས་འགྲོ་བར་ལག་འགྲོ སྣུམ་གྱིས་འཁོར་བ་ལ་སྣུམ་འཁོར། ལྟ་བུ། 3. བཞི་པ་བསྡུ་བ། བགེགས་ཀྱི་ཆེད་དུ་བྱས་པའི་གཏོར་མ་ལ་བགེགས་གཏོར། མགྲོན་པོའི་ཆེད་དུ་བྱས་པའི་ཁང་པ་ལ་མགྲོན་ཁང་། 4. ལྔ་པ་བསྡུ་བ། ཤིང་ལས་བྱུང་བའི་འབྲས་བུ་ལ་ཤིང་འབྲས། ཆུ་ལས་སྐྱེས་པའི་མེ་ཏོག་ལ་ཆུ་སྐྱེས། རླུང་གི་རྒྱུད་ནས་བྱུང་བའི་འཕྲིན་ལ་རླུང་འཕྲིན། གངས་ཀྱི་རི་ནས་འབབ་པའི་ཆུ་ལ་གངས་ཆུ། 5. དྲུག་པ་བསྡུ་བ་ནི། མི་ཡི་མགོ་ལ་མི་མགོ། གངས་ཀྱི་རི་བོ་ལ་གངས་རི། 6. བདུན་པ་བསྡུ་བ་ནི། ཆུ་ལ་གནས་པའི་བྱ་ལ་ཆུ་བྱ། འབྲས་བུ་ལ་གནས་པའི་ཉན་ཐོས་ལ་འབྲས་གནས་ལྟ་བུ།


བཅུ་པ། ཚིག་སྡུད་ཀྱི་མིང་། 1. དོན་གཅིག་པ་སྡུད་པ། འཛིན་བཟུང་། དུས་སྐབས། ལུགས་སྲོལ། རེ་འདུན། གླུ་གཞས། ཚ་དྲོད། འཛིན་བཟུང༌། མཇལ་ཕྲད། གསུང་བཤད། ཆུང་ཆུང༌། ལྟ་བུ། 2. འགལ་བ་སྡུད་པ། ཡོད་མེད། ཡིན་མིན། ཉིན་མཚན། གཞུང་སྒེར། ལྷ་འདྲེ། རྒྱུ་འབྲས། ཚ་ཞང༌། ལོ་ཟླ། ཉིན་ཞག སྐྱོན་ཡོན། ཚ་གྲང༌། མཐོ་དམན། ཆེ་ཆུང༌། མང་ཉུང་། དྲག་ཞན། བདེན་རྫུན། ལྟ་བུ། 3. ཚིག་གྲོགས་ཙམ་སྡུད་པ། འབྲི་གཡག ར་ལུག ཕ་མ། ཚ་ཞང་། ཁུ་ཚན། ཕུ་ནུ། མ་བུ། མ་མད། ཕ་བུ། ཉ་ཉུང་། 4. མིང་གཉིས་གཅིག་ཏུ་སྡུད་པ། བྱ་ཡི་སྒོ་ང__བྱ་སྒོང༌། འདོན་པའི་ཆོ་ག__འདོན་ཆོག ། རྐང་པའི་གདུབ་བུ__རྐང་གདུབ། ནད་དང་མུ་གེ__ནད་མུག ཞ་ཉེའི་སྨྱུ་གུ__ཞ་སྨྱུག། བོད་ཀྱི་ཡི་གེ__བོད་ཡིག། སྟག་གི་པགས་པ__སྟག་ལྤགས་ཞེས་པ་ལྟ་བུའོ། ། 5. མིང་དུ་མ་སྡུད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ__ཤེར་ཕྱིན། ལེགས་བཤད་ལྗོན་པའི་དབང་པོ__ལེགས་བཤད་ལྗོན་དབང་། འདི་དག་གིས་མཚོན་ནས་མིང་གི་བསྡུ་བ་ཇི་ལྟར་བྱ་ཚུལ་རྣམས་མ་འདྲེས་པར་ཞིབ་མོའི་བློས་བརྟག་པར་བྱ་དགོས་སོ། །

བཅུ་གཅིག་པ། ཚིག་རྒྱན་གྱི་མིང་། 1. ཚེག་བར་གཉིས་ཅན་གྱི་རྒྱན་ཚིག་ནི། ཛར་ཛོར། ཐར་ཐོར། འར་འུར། འཚབ་འཚུབ། ཀར་ཀོར། དཀར་དཀར། མཛེས་མཛེས། འཚབ་འཚུབ། ཟང་ཟིང༌། ཞེས་སོགས་ལྟ་བུའང་ངང་ཚུལ་བརྗོད་པའི་སྒྲར་བཀོལ་བ་ཡོད། 2. ཚེག་བར་གསུམ་ཅན་གྱི་རྒྱན་ཚིག་ནི། ཁྲ་རིལ་ལེ། སྔོ་ཐིང་ཐིང༌། ཚ་སོབ་སོབ། དམར་ལམ་ལམ། སྔོ་ལྗང་ལྗང༌། གསལ་ཐིང་ཐིང༌། འོད་ཆི་ལེར། འཁྱག་སིག་སིག ། ཁུ་སིམ་སིམ། དཀར་རི་ལེ། ནག་ཕ་ལེ། དམར་ཉི་ལེ། ཞེས་པ་ལྟ་བུ། 3. ཚེག་བར་བཞི་ཅན་གྱི་རྒྱན་ཚིག་ནི། ཆ་ལེ་ཆོ་ལེ། འ་རེ་འུ་རེ། ཚ་གེ་ཚི་གེ། འཚབ་བེ་འཚུབ་བེ། ཡ་རེ་ཡོ་རེ། གསལ་ལ་མི་གསལ། ས་ལེ་སི་ལེ། ཀ་རེ་ཀོ་རེ། ཟིང་ཟིང་ལོང་ལོང་། ཆ་བེ་ཆོ་བེ། ལྟ་བུ།

བཅུ་གཉིས་པ། བརྡ་རྙིང་གི་མིང་། 1. བཀས་བཅད་གཉིས་པའི་སྐབས་བཅོས་པའི་བརྡ་རྙིང་། གང__གལ། ཅི་ཕྱིར__ཇི་རོབ། ཇི་སྙམ__ཇི་ལྟར། རྩེ་མོ__སྤྱི་བོ། ཤིན་ཏུའམ་རབ་ཏུ__ཏེ་པོར། བསལ་བ__བསྩལ་བ། སོགས་པ__སྩོགས་པ། བསུ་བ__བསྩུ་བ། དྲི་བསུང__དྲི་བསྩུང། བསངས་པ__བསྩངས་པ། ། རྫོཊ་སོ__རྫོགས་ལྷོ། རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ། ། 2. བཀའ་བཅད་གསུམ་པའི་སྐབས་བཅོས་པའི་བརྡ་རྙིང་། གཉི་ཟླ་ལ་ཉི་ཟླ་དང་། ཀྭ་དང་གག___ཀྱེ་དང་གང་། སྐྱོར་སྐྱོར___ཡང་ཡང་། བླ་འོག___སྟེང་འོག། བླ་སྐྱལ་བ___མི་ཟད་པ། རྩ་ལག___གཉེན། སོགས་ཀྱིས་མཚོན། བཅུ་གསུམ་པ། ཤན་ཞུགས་པ་དང་ཟུར་ཆགས་པའི་མིང་། 1. ལེགས་སྦྱར་གྱི་སྐར་ཟུར་ཆགས་པ། དྷཱུ་ལི___ ) ཟུར་ཆག་པས) རྡུལ། (བྷཱུ་ཀ(ཟུར་ཆག་པས) བུག་པ། བྲཱ་ཧྨ་ཎ___ཚངས་པ་ལས་བྱུང་བ་སྟེ་(ཟུར་ཆག་པས) བྲམ་ཟེ་དང་། ཕལྐ___རི་མོའི་སྐད་དོད་(ཟུར་ཆག་པས) འཕལ་ཀ་དང་། ཀལྦ___བསྐལ་པ་ཞེས་བོད་ཀྱི་བརྡར་མཛད་པ་ལྟ་བུ། 2. ལེགས་སྦྱར་བོད་སྐད་དུ་འཁྲུལ་བའི་མིང་། ཁ་ཅིག་གིས་ལེགས་པར་སྦྱར་བའི་སྐད་དང་། བོད་སྐད་ཤན་མ་ཕྱེད་པར་བོད་སྐད་ཀྱི་འབྲུ་བསྣན་པ་མཐོང་སྟེ། དེ་ཡང་། སཻནྡྷ་པ___རྒྱ་མཚོ་ལས་བྱུང་བ་སྟེ། ཚྭ་དང་རལ་གྲི་དང་རྟ་སོགས___འཇུག་པས་སྒྲ་དོན་སྐབས་སྟོབས་ཀྱིས་ཤེས་དགོས། ། 3. རྒྱ་ནག་སྐད་ཀྱི་ཤན་ཤུགས་པའི་མིང་། བློན་པོ___ཕྱིང་སང། དངུལ་རྫུས་མ___ཧ་ཡང་། རྒྱ___ཧུང་(ཧན) ། གཞན་ཡང་གྲུམ་རྩེ། ཅོག་རྩེ། ལུགས། རྒྱུ་མཚན་བསྙད་པ___གཡང་རྩེ། རྒྱ་ནག___སྟོང་ཁུ(东国) ། ལྟ་བུ། 4. ཧོར་གྱི་ཤན་ཞུགས་པ། ལ་ལ་ཧོར་གྱི་བརྡ་ཡང་སྣང་སྟེ། བཙུན་པ___པག་ཤི་དང་པཀྵི། དབང་ཆེ་བ___དར་ཁ་ཆེ་དང་། བློན་པོ___ཇའི་སང་། 5 བོན་པོའི་བརྡར་ཡོད་པ། ལེགས་པ___གནམ་མཆོད་པ་དང་། མི་ཤི་བ___གནམ་དུ་གཤེགས་པ། བསོད་ནམས་ཆེ་བ___གནམ་གྱིས་བསྐོས་པ། དབང་ཆེ་བ___གནམ་སའི་བདག་པོ་ཅེས་པ་སོགས་ཤིན་ཏུ་མང་། 6. བོད་སྐད་མ་དག་པ་བརྡ་རྙིང་དུ་འཁྲུལ་བའི་མིང་། ཁ་ཅིག་ནི་བོད་སྐད་ཉིད་མ་དག་པས་བརྡ་རྙིང་དུ་འཁྲུལ་པའང་ཡོད་དེ། ཀུནྜ་ལིའི་བོད་སྐད་བདུད་རྩི་ཐབ་སྦྱོར་ལ __བདུད་རྩི་ཐལ་སྦྱོར། ཨཙྪུ་ཥྨའི་བོད་སྐད། ཁོལ་བ___ཆོལ་པ་དང་། གཡར་དམ___ཡལ་དམ་དང་། རྨ་བྱའི་མིང་མདོངས་མཐའ་ཅན___མདོངས་ཐལ་ཅན། ལྟ་བུ། 7. ཞང་ཞུང་སྐད་ཀྱིས་ཤན་ཞུགས་པ། ཡང་ལ་ལ་ནི་ཞང་ཞུང་གི་སྐད་དུ་སྣང་སྟེ། སླེ་ཏྲེས་དང་ཕྱེ་མ___ཏྲེས། སོགས་མཐའ་ཡས་སོ། ། 8. ཞེ་ས་བརྡ་རྙིང་དུ་འཁྲུལ་བའི་མིང། ཆུ___ཆབ། མེ___ཞུགས། རླུང___བསེར་བུ། ས___དོག་མ། རྡོ___གོར་མོ། གནམ___དགུང། གནམ་ལོ___དགུང་ལོ། ཆབ་ཤོགཆབ་འབངས། ཆབ་སྒོ་སོགས་ཀྱང་ཞེ་སའི་ཚིག་གོ། ། 9. ཞེ་སའི་མིང་། ཞེ་ས་ཞེས་པ་ནི། ཞེ་ཐག་པ་ནས་ཕ་རོལ་པོ་ལ་གདེངས་འཇོག་དང་གོ་སའམ་གནས་བབ་མཐོན་པོ་སྤྲོད་ནས་ཆེ་མཐོང་མཚོན་པའི་མིང་ཚིག་ལ་ཟེར། དཔེ་མཚོན་འགའ་ཞིག་བགྲང་ན། ཕ__ཡབ། མ__ཡུམ། མིང__མཚན། ལུས__སྐུ། མགོ__དབུ། ངོ__ཞལ། མིག__སྤྱན། རྣ་བར་སྙན། སྣ__ཤངས། ཁ__ཞལ། སོ__ཚེམས། ལྕེ__ལྗགས། སྐེ__མགུལ་ལྟ་བུ། །

བཅུ་བཞི་པ། མིང་གི་སྡེབ་སྦྱོར། མིང་གྲུབ་པའི་ཚེག་ཁྱིམ་གྲངས་ཁ་ལ་བརྟེན་ནས་བཞག་པ་ལ་སྐབས་འདི་མིང་གི་སྡེབ་སྦྱོར་ཞུ་བ་ཡིན། 1 ཚེག་ཁྱིམ་གཅིག་ཅན་གྱི་མིང་ནི། ཕ། མ། ས། ཆུ། མེ། རླུང༌། གྲི། མིགསྣ་སོགས་ལྟ་བུ་སྟེ། འདི་རིགས་ལས་འ་མཐའ་དངོས་སུ་འབྲི་མེད་པ་རྣམས་ཀྱང་ཤེས་པར་བྱའོ། ། 2 ཚེག་ཁྱིམ་གཉིས་ཅན་གྱི་མིང་ནི། སངས་རྒྱས། བྱང་སེམས། ཉན་ཐོས། རང་རྒྱལ། ཉི་མ། ཟླ་བ། སྐར་མ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། དབྱར་ཀ། ཞེས་སོགས་ལྟ་བུ། 3 ཚེག་ཁྱིམ་གསུམ་ཅན་གྱི་མིང་ནི། སྤྱན་རས་གཟིགས། འཇམ་པའི་དབྱངས། ཚེ་དཔག་མེད། ཨུ་རུ་སུ། བདེ་བ་ཅན། གླང་པོ་ཆེ། མི་བོ་ཆེ། ཞེས་པ་ལྟ་བུ། 4 ཚེག་ཁྱིམ་བཞི་ཅན་གྱི་མིང་ནི། ལག་ཐོགས་ཁ་པར། བྱེ་མ་ཀ་ར། ནམ་མཁའི་ནོར་བུ། ཇ་སྲུབ་མདོང་མོ། དྲུད་འཐེན་འཁོར་ལོ། ཤིང་རྟའི་སྲོལ་འབྱེད། ཕ་རྩ་བུ་རྒྱུད། བུ་རབས་ཚ་རྒྱུད། ཨ་མེ་རི་ཁ། བྱ་རུང་ཁ་ཤོར། ཞེས་པ་ལྟ་བུ། 5 ཚེག་ཁྱིམ་ལྔ་ཅན་གྱི་མིང་ནི། ཤིང་རྟ་སྲོལ་འབྱེད་པ། འགྲོ་བ་མིའི་ཐོབ་ཐང༌། རྩོམ་ཡིག་དཔྱད་འདེམས་པ། ཕ་རོལ་ཏུ་ཕྱིན་པ། ཚུལ་ཁྲིམས་ཀྱི་ཕར་ཕྱིན། བརྡ་སྤྲོད་ཀྱི་གཞུང་ལུགས། མངོན་བརྗོད་ཀྱི་བསྟན་བཅོས། ཞེས་པ་ལྟ་བུ། 6 ཚེག་ཁྱིམ་དྲུག་ཅན་གྱི་མིང་ནི། སྤྱན་རས་གཟིགས་ཀྱི་མདོ་རྒྱུད། དམ་ཆོས་པདྨ་དཀར་པོ། གཙུག་གཏོར་དྲི་མེད་ཀྱི་གཟུངས། ཞེས་པ་ལྟ་བུ། 7 ཚེག་ཁྱིམ་བདུན་ཅན་གྱི་མིང་ནི། པཎྜིཏའི་ལུགས་ཀྱི་བསྟན་བཅོས། ཁྱད་པར་གཞན་མི་སྤོང་བའི་སྒྲཞེས་པ་ལྟ་བུ། 8 ཚེག་ཁྱིམ་བརྒྱད་ཅན་གྱི་མིང་ནི། གཏི་མུག་མེད་པའི་དགེ་བའི་རྩ་བ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི། ཞེས་པ་ལྟ་བུ། 9 ཚེག་ཁྱིམ་དགུ་ཅན་གྱི་མིང་ནི། གསང་བའི་དངོས་པོ་ལ་འཇུག་པའི་དེ་སྒྲ། མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་། ཞེས་པ་ལྟ་བུ། 10 ཚེག་ཁྱིམ་བཅུ་ཅན་གྱི་མིང་ནི། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ། འཁྲུངས་གསར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས། ཆོས་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལགཅེས་པ་ལྟ་བུ། 11 ཚེག་ཁྱིམ་ཤིན་ཏུ་མང་པོའི་མིང་། རང་རེ་བོད་ཀྱི་བླ་མ་སྐྱེས་ཆེན་དམ་པ་རྣམས་ལ་མཚན་ཧ་ཅང་རིང་པོ་གསོལ་བའི་ལུགས་སྲོལ་ཡོད་པ་དེ་དག་ཀྱང་མིང་ཡིན་པ་དཔེར་ན། སྤྱི་ནོར་ྋགོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོགཅེས་དང་། ཀརྨ་སཱི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི་སྡེ་དགེའི་བཀའ་འགྱུར་དཀར་ཆག་ལ། བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་། ཞེས་པ་ལྟ་བུ་སྟེ། ཆེ་བསྟོད་ཀྱི་ཞེ་ས་དང་བཅས་པའི་མཚན་རིང་ཧ་ཅང་མང་དུ་ཡོད་པ་རྣམས་ཀྱང་འདི་དག་ལ་བརྟེན་ནས་རིགས་བསྒྲེ་ཤེས་དགོས།


གསུམ་པ་ཚིག་གི་ཚོགས་བཤད་པ། ༡ ཚིག་གི་རྒྱུ་སོགས་བཤད་པ། གསུམ་པ་ཚིག་གི་ཚོགས་བཤད་པ་ལ་ལྔ་སྟེ། ཚིག་གི་རྒྱུ་དང་། ངོ་བོ་དང་། དབྱེ་བ། ཚིག་ཏུ་གྲུབ་པའི་ཚོད། ཚིག་གི་ངེས་ཚིག། ཚིག་གི་དབྱེ་བ་རྣམས་སོ། ། དང་པོ་ཚིག་གི་རྒྱུ་ནི། རྒྱུ་མིང་གཉིས་ཡན་འདུས་པ་ལས་འབྲས་བུ་ཚིག་ཉིད་གྲུབ་པས་དེས་ན་མིང་འདུས་པ་ནི་ཚིག་གི་རྒྱུ་རུ་བཤད་དོ། ། འདི་ནི་སྒྲ་པ་དང་ཚད་མ་པ་གཉིས་ཀའི་བཤད་པ་དང་མཐུན་པ་ཡིན་ནོ། ། གཉིས་པ་ཚིག་གི་ངོ་བོ་ནི། མིང་དུ་མ་འདུས་པ་ལས་དོན་གྱི་ཁྱད་པར་བརྗོད་པའི་སྒྲ་ནི་ཚིག་གི་མཚན་ཉིད་ཡིན། ཚད་མའི་གཞུང་ལུགས་རྣམས་སུ། ཁྱད་གཞི་ཁྱད་ཆོས་སྦྱར་ནས་སྟོན་པའི་གཉན་བྱ། ཚིག་གི་མཚན་ཉིད་དུ་བཞག་པ་སྣང་མོད། དོན་ལ་ཁྱད་པ་གང་ཡང་མེད་དོ། ། འབྲུག་ཆེན་པདྨ་དཀར་པོའི་རྗོད་བྱེད་ཚིག་གི་རྒྱུད་བཤད་པ་མཁས་པའི་ཁ་རྒྱན་ལས། ཚིག་གི་མཚན་ཉིད་འཆད་པའི་སྐབས། རྟོག་པ་ལ་དོན་གྱི་ཁྱད་པར་ཙམ་སྟོན་པའི་སྒྲ་སྤྱི་སྣང་བ་མཚན་ཉིད་དང་། མཚན་གཞི་ནི། ཙན་དན་གྱི་ཀ་བ་དང་བུམ་པ་བཟང་པོ་ཞེས་བརྗོད་པ་སོགས་སོ། ། ཞེས་གསངས། གསུམ་པ་ཚིག་གི་གྲུབ་ཚད་ནི། དོན་གྱི་ཁྱད་པར་བརྗོད་པའི་གནས་སྐབས་ཀྱི་ཡི་གེ་འདུས་པ་ནི་ཚིག་གི་ལྡང་ཚད་ཡིན་ནོ། ། བཞི་པ་ཚིག་གི་ངེས་ཚིག་ནི། བོད་སྐད་ལ་ཚིག་ཅེས་པ་ནི་འདོད་རྒྱལ་གྱི་མིང་ཡིན་པས་ངེས་ཚིག་མེད། རྒྱ་གར་གྱི་སྐད་གཞིར་བྱས་ན། གསལ་ཞིང་འབྲུ་ཆགས་པའོ། ། ༢ ཚིག་གི་དབྱེ་བ་བཤད་པ། ལྔ་པ་ཚིག་གི་དབྱེ་བ་བཤད་པ་ནི། དང་པོ་ཚིག་ཕྲད་པ། གཉིས་པ་ཚིག་སྡུད་བཤད་པ། གསུམ་པ་གསུམ་པ་བྱ་ཚིག་བཤད་པ། བཞི་པ་ཚིག་རྒྱན་བཤད་པ། ལྔ་པ་ཚིག་སྦྱོར་བཤད་པ། དྲུག་པ་བོད་ཀྱི་ཚིག་སྦྱོར་བཤད་པ་སྟེ་དྲུག་ལས།

དང་པོ་ཚིག་ཕྲད་བཤད་པ། ཚིག་ཕྲད་ནི། ཚིག་སྔ་ཕྱིའི་བར་དུ་ཆ་འཕྲད་བྱེད་དུ་འབྱུང་བའི་སྒྲའི་ཆ་ཤས་སམ། ཚིག་སྔ་ཕྱི་མཚམས་སྦྱོར་བྱེད་དུ་ཤས་ཆེར་འབྱུང་བའི་སྒྲའི་ཆ་ཤས་ཤིག་ལ་ཟེར། བོད་སྐད་ཀྱི་ཚིག་ཕྲད་ནི་ལེགས་སྦྱར་གྱི་ནི་པཱ་ཏ་དང་དོན་མི་འདྲ་སྟེ། ནི་པཱ་ཏ་ཞེས་པ་སྒྲ་ཐད་བསྒྱུར་བྱས་ན་ངེས་ཚིག་གམ་མི་ཟད་པའི་དོན་དུ་འགྱུར་ཞིང༌། བོད་སྐད་ལ་ངེས་ཚིག་དང་མི་ཟད་པའི་སྒྲ་ཡོད་ཚད་ཚིག་ཕྲད་ཡིན་མི་དགོས་པའི་ཕྱིར། དཔེར་ན། ལེགས་སྦྱར་སྐད་དུ། སྭར་དང་སྭསྟི་ལྟ་བུ། ནི་པཱ་ཏ་ལ་ཡོད་ཀྱང༌། བོད་སྐད་དུ་མཐོ་རིས་དང༌། བདེ་ལེགས་ཞེས་པར་འགྱུར་བས། དེ་གཉིས་ངེས་ཚིག་ཙམ་མ་གཏོགས་ཚིག་ཕྲད་མ་ཡིན་པའི་ཕྱིར། འོ་ན། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ནི་པཱ་ཏ་ཞེས་པ་ཚིག་ཕྲད་ཏུ་བསྒྱུར་བའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་ལེགས་སྦྱར་ལ། ཙ་བཱ། ཨེ་བ། ལ་སོགས་པའི་ནི་པཱ་ཏ་རྣམས་ཕལ་ཆེར་ཚིག་ཕྲད་དུ་འབྱུང་བ་ཤས་ཆེ་བ་ལ་དགོངས་ནས་ཡིན་གྱི། མཐའ་གཅིག་ཏུ་ནི་པཱ་ཏན་དང་ཚིག་ཕྲད་གཉིས་ཡིན་ཆ་མཉམ་དུ་ངེས་པའི་སྒོ་ནས་མ་ཡིན་ནོ། ། དེ་ལ་དབྱེ་ན། རྣམ་དབྱེ་བཤད་པ། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་བཤད་པའོ། །

(༡) དང་པོ་རྣམ་དབྱེ། ཆོས་གཉིས་ཀྱི་རྣམ་པ་མ་འདྲེས་པ་སོ་སོར་དབྱེ་བ་འབྱེད་པར་བྱེད་པའི་སྒྲའི་ཆ་ཤས་ཤིག་ལ་རྣམ་དབྱེ་ཟེར་ཞིང༌། དེ་ལ་བརྒྱད་ཡོད་པ་ལས། 1.རྣམ་དབྱེ་དང་པོ་ངོ་བོ་ཙམ་བསྟན་པ་ནི། མིང་དེའི་གདགས་གཞིའི་ངོ་བོ་གཞན་དང་མ་འདྲེས་པར་རྣམ་པར་དབྱེ་བ་འབྱེད་པར་བྱེད་པའི་སྒྲའི་ཆ་ཤས་ཤིག་ལ་གོ་དགོས་ཏེ། ལེགས་སྦྱར་དུ་མིང་རྐྱང་ལ་རྣམ་དབྱེ་དང་པོ་ཞུགས་པས་མིང་ཙམ་དུ་མི་བསྡད་པར་ཚིག་ཏུ་འགྱུར་ཡང༌། བོད་སྐད་དུ་མིང་ཙམ་བརྗོད་པ་དེ་ག་རང་རྣམ་དབྱེ་དང་པོར་འཇོག་དགོས་པས། དཔེར་ན། བུམ་པ་ཞེས་བརྗོད་ཚེ་སྒྲ་དེས་བརྗོད་གཞི་བུམ་པ་དེ་ཉིད་བུམ་པ་མ་ཡིན་པའི་ཆོས་གཞན་དང་རྣམ་པར་དབྱེ་བ་འབྱེད་པའི་སྒྲའི་ཆ་ཤས་ཤིག་ཁས་ལེན་དགོས་སོ། ། (1) འདོད་རྒྱལ་གྱི་མིང་། རི་དྭགས་རྒྱལ་པོ་ལ་སེངྒེ། (2) རྗེས་གྲུབ་ཀྱི་མིང་། ཁྱི་རྒན་ལ་སེངྒེ། (3) དངོས་མིང་། ལྟོ་ལྡིར་པ་ལ་བུམ་པ། (4) བཏགས་མིང་། གྲོད་པ་ཟླུམ་པོ་ཅན་ལ་བུམ་པ། 2. རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ནི། ལས་དང་བྱ་བ་གཉིས་ཀྱི་རྣམ་པ་སོ་སོར་མ་འདྲེས་པར་དབྱེ་བ་འབྱེད་ཅིང་གཙོ་བོ་ལས་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པར་ཆུ་བླུགས་ལྟ་བུ། 3. རྣམ་དབྱེ་གསུམ་པ་བྱེད་སྒྲ་ནི། བྱ་བ་དང་བྱེད་པ་པོ་གཉིས་རྣམ་པ་སོ་སོར་དབྱེ་བ་འབྱེད་ཅིང་གཙོ་ཆེ་བྱེད་པ་པོ་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པས་དབང་བསྐུར། ལྟ་བུ། (1) བྱེད་པ་པོ་དངོས་སུ་ཡོད་པ། བློ་བཟང་གིས་བཤད། (2) བྱེད་པ་པོ་ཤུགས་ལ་ཡོད་པ། ཁ་ཡིས་བཤད། (3) བྱེད་པ་པོ་ངོས་འཛིན་རྒྱུ་མེད་པ། རི་བོ་སྨུག་པས་བསྟིམས། (4) བྱེད་སྒྲ་རྒྱུ་མཚན་ལ་འཇུག་པ། དུ་བ་མཐོང་བས་མེ་ཡོད་པར་ཤེས། (5) ཁྱད་པར་འབྱེད་བྱེད་ཙམ་ལ་འཇུག་པ། ང་ལས་ཁྱོད་ལོ་གཅིག་གིས་ཆེ། (6) གྱིས་སྒྲ་སྐུལ་ཚིག་ལ་འཇུག་པ། གཟབ་གཟབ་གྱིས། 4. རྣམ་དབྱེ་བཞི་པ་དགོས་ཆེད་ནི། བྱ་བ་དང་དགོས་པ་གཉིས་ཕན་ཚུན་སོ་སོར་རྣམ་པར་དབྱེ་བ་འབྱེད་ཅིང་གཙོ་ཆེར་དགོས་པ་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པ་ལ་སྲུང་སྐྱོབ་བྱེད། ལྟ་བུ། (1) ཡུལ་ལ་ལྟོས་པའི་རྣམ་དབྱེ་གཉིས་བཞིའི་ཁྱད་པ། ཁྭ་ཏ་ལ་དུག་སྦྱིན། རྨ་བྱ་ལ་དུག་སྦྱིན། (2) བྱ་བ་ལ་ལྟོས་པ། བློ་བཟང་ལ་རྩམ་པ་གཤོལ། བློ་བཟང་ལ་རྩམ་པ་སྦྱིན། (3) བྱེད་པ་པོ་ལ་ལྟོས་པ། དགྲ་བོས་བུ་ལ་བཅའ་རྡུང་བྱེད། ཕ་ཡིས་བུ་ལ་བཅའ་རྡུང་བྱེད། (4) བྱ་བའི་རྫས་ལ་ལྟོས་པ། ནད་པ་ལ་དུག་སྦྱིན། ནད་པ་ལ་སྨན་སྦྱིན། (5) བྱ་ཡུལ་ལ་ཕན་ཐོགས་པ། ནད་པ་ལ་སྨན་སྦྱིན། (6) དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་པ། དགྲ་འགོག་པ་ལ་མེ་མདའ་ཉོས། 5. རྣམ་དབྱེ་ལྔ་པ་འབྱུང་ཁུངས་ནི། གང་ལས་བྱུང་བའི་ཁུངས་དང་དེ་ལས་བྱུང་བའི་ཆོས་གཉིས་ཕན་ཚུན་སོ་སོར་རྣམ་པར་དབྱེ་བ་འབྱེད་ཅིང་གཙོ་ཆེར་གང་ལས་བྱུང་བའི་ཁུངས་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པ་ལས་ཆུ་བླངས། ལྟ་བུ། (1) རྒྱུ་འབྲས་ཀྱི་འབྱུང་ཁུངས། མ་ལས་བུ། རྒྱུ་ལས་འབྲས་བུ། (2) དུས་མཉམ་པའི་འབྱུང་ཁུངས། རྒྱ་མཚོ་ལས་ནོར་བུ། ཞལ་ནས་ལེགས་བཤད། (3) རིགས་མཐུན་པ་དགར་བ། མི་ཡི་ནང་ནས་མཁས་པ་མཆོག། (4) རིགས་མི་མཐུན་པར་དགར་བ། རྟ་ལས་བོང་བུ་གཟུགས་ཆུང་། (5) མཆོག་ཏུ་དགར་བ། ཕུན་ཚོགས་ནི་བློ་བཟང་ལས་ཡོན་ཏན་ཆེ། (6) དམན་པ་དགར་བ། མི་ཡི་ནང་ནས་ཆང་རྒྱག་སྡུག་ཤོས་ཡིན། (7) ཐ་དད་ཙམ་དུ་དགར་བ། བུམ་པ་ལས་གཞན་པའི་དངོས་པོ། (དེ་བཞིན་དུ་བྱ་བ་ཡོན་ཏན་རྫས་བཅས་ལ་མཆོག་དམན་ཐ་དད་ཙམ་དུ་དགར་བ་གསུམ་གསུམ། དེ་རེ་རེ་ལའང་རིགས་མཐུན་མིན་གཉིས་སུ་དབྱེ་བས་ཉི་ཤུར་འགྱུར་ཚུལ་རིགས་འགྲེས་ནས་ཤེས་དགོས) (8) ཡུལ་སྡུད་པ། བོད་ནས་རྒྱ་གར་བར། (9) བྱ་བ་སྡུད་པ། ཐུགས་བསྐྱེད་པ་ནས་སངས་རྒྱས་པའི་བར། (10) དུས་སྡུད་པ། ན་ནིང་ནས་ད་ལོ་བར། (11) དངོས་པོ་སྡུད་པ། མགོ་ནས་མཇུག་བར། (12) གྲངས་སྡུད་པ་ནི། གཅིག་ནས་བཅུ་བར། 6. རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ནི། གང་ལ་འབྲེལ་བའི་ཡུལ་དང་དེ་ལ་འབྲེལ་བའི་ཆོས་གཉིས་ཕན་ཚུན་སོ་སོར་རྣམ་པར་དབྱེ་བ་འབྱེད་ཅིང་གཙོ་ཆེར་འབྲེལ་བའི་ཡུལ་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པའི་མཆུ། ལྟ་བུ། (1) བརྟེན་དང་རྟེན་པའི་འབྲེལ་བ། འཛིན་ཁང་ནང་གི་སློབ་ཕྲུག (2) ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ། བློ་བཟང་གི་ལག་པ། (3) ཆོས་དང་ཆོས་ཅན་གྱི་འབྲེལ་བ། བུམ་པའི་མཆུ། (4) བདག་པོ་དང་དངོས་པོའི་འབྲེལ་བ། རྒྱལ་ཁབ་ཀྱི་སྤྱི་རྫས། (5) རྒྱུ་དང་འབྲས་བའི་འབྲེལ་བ། རྒྱལ་བའི་སྲས། (6) གཞི་མཐུན་གྱི་འབྲེལ་བ། གསེར་གྱི་བུམ་པ། (7) བདག་ཉིད་གཅིག་པའི་འབྲེལ་བ། བུམ་པའི་མི་རྟག་པ། (8) འབྲས་བུ་དང་རྒྱུའི་འབྲེལ་བ། མྱུ་གུའི་ས་བོན། (9) དཔེ་དང་དཔེ་ཅན་གྱི་འབྲེལ་བ། གསུང་གི་འོད་ཟེར། (10) འབྲེལ་སྒྲ་མི་མཐུན་པར་འཇུག་པ། ལེགས་བཤད་ཡིན་གྱི་ཉེས་བཤད་ག་ལ་ཡིན། (11) བྱ་ཚིག་ད་ལྟ་བའི་ཚིག་གྲོགས་ཙམ་ལ་འཇུག་པ། ཆོག་གི་འདུག མཐོང་གི་རེད། བཤད་ཀྱི་ཡོད། ལས་ཀྱི་མེད། འགྲོ་གི་འདུག་འགྲོ་ཡི་འདུག་ལྟ་བུ་སྟེ། བར་ལམ་ནས་དབུས་སྐད་ཀྱིས་ཤན་ཤུགས་ཐེབས་ཏེ། འགྲོ་གི་ཡོད་ལྟ་བུ་འབྲི་བའི་སྲོལ་དར། རྡོ་རྗེ་རྒྱལ་པོས་གཞོན་སྐྱེས་སྒྲ་བསྒྱུར་སྡེ་ཚན་ཁག་གཅིག་ལ། ཕལ་སྐད་ཐོག་ནས་བསྒྱུར་ན་གོ་བདེ་བས་དེ་དག་རང་སོར་བཞག་དགོས་གསུངས་པ་བཞིན། ད་ལྟའི་བར་གཞིས་ཕྱོགས་སུ་དེ་ལྟར་འབྲི་བཞིན་ཡོད། བརྡ་སྤྲོད་པ་ནི་སྐད་དང་ཡི་གེའི་འཕེལ་རིམ་དང་ཕར་བསྟུན་དགོས་པ་ཆོས་ཉིད་ཡིན་པས། ཕལ་ཆེར་ཡུལ་དུས་དང་བསྟུན་ཏེ། བྱ་ཚིག་ད་ལྟ་བའི་ཚིག་གྲོགས་ཙམ་ལ་བེད་སྤྱོད་གཏོང་ན་རུང་བར་སེམས་སོ། ། 7. རྣམ་དབྱེ་བདུན་པ་བརྟེན་གནས་ནི། གང་ལ་བརྟེན་པའི་གཞི་དང་དེ་ལ་བརྟེན་པའི་ཆོས་གཉིས་ཕན་ཚུན་སོ་སོར་མ་འདྲེས་པར་རྣམ་པར་དབྱེ་བ་འབྱེད་ཅིང་གཙོ་ཆེར་གང་ལ་བརྟེན་པའི་གཞི་དང་ཉེ་བའི་རྣམ་དབྱེ་སྟེ། དཔེར་ན། བུམ་པ་ལ་ཆུ་ཡོད། ལྷ་ལ་བདུད་རྩི་ཡོད། ལྟ་བུ། 8. རྣམ་དབྱེ་བརྒྱད་པ་འབོད་སྒྲ་ནི། འབོད་པ་གསལ་བྱེད་ཀྱི་སྒྲ་ཙམ་སྦྱར་བ་ལས་རྣམ་དབྱེ་དང་པོ་ལས་ངོ་བོ་ལོགས་སུ་མེད་པས་མཁས་པ་རྣམས་ཀྱིས་རྣམ་དབྱེ་བདུན་ཞེས་བགྲངས་པའང་ཡོད། དེ་དག་འཇུག་ཚུལ་ནི། (1) གོང་མར་འབོད་པ། ཀྱེ་བླ་མ། (2) མཉམ་པར་འབོད་པ། ཀ་ཡེ་གྲོགས་པོ། (3) འོག་མར་འབོད་པ། ཝ་ཡེ་གཡོག་པོ། (4) ཕོ་འབོད་པ། ཁོ་རེ་སྐྱེས་པ་ཕོ། (5) མོ་འབོད་པ། མོ་རེ། (6) ཐག་ཉེ་བ། ཀ་ཡེ་བློ་བཟང་། (7) ཐག་རིང་བ། ཀི་ཧི་ཧི་བློ་བཟང་། དེ་དག་རེ་རེ་ལའང་གཅིག་ཚིག་སྦྱར་བའི་རྣམ་དབྱེ་བདུན། གཉིས་ཚིག་སྦྱར་བའི་རྣམ་དབྱེ་བདུན། མང་ཚིག་སྦྱར་བའི་རྣམ་དབྱེ་བདུན་ཏེ། རྣམ་དབྱེ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་འགྱུར་ཞིང༌། དཔེ་མཚོན་ཙམ་བཀོད་ན། བུམ་པ་ཉིད་ཅེས་པ་གཅིག་ཚིག་གི་རྣམ་དབྱེ་དང་པོ་དང༌། བུམ་པ་དག་ཅེས་པ་གཉིས་ཚིག་གི་རྣམ་དབྱེ་དང་པོ། བུམ་པ་རྣམས་ཞེས་པ་མང་ཚིག་གི་རྣམ་དབྱེ་དང་པོ་སྟེ། དེས་རྣམ་དབྱེ་ལྷག་མ་རྣམས་ལའང་རིགས་བསྒྲེ་དགོས། བོད་སྐད་ཐོག་རྣམ་དབྱེ་དང་ཚིག་ཕྲད་གཉིས་ལ་མུ་བཞི་ཡོད་དེ། བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུ་རྣམ་དབྱེ་ཡིན་ལ་ཚིག་ཕྲད་མིན་པའི་མུ། ཀྱང་དང་འང་ལྟ་བུ་ཚིག་ཕྲད་ཡིན་ལ་རྣམ་དབྱེ་མིན་པའི་མུ། གི་དང་གྱི་ལྟ་བུ་རྣམ་དབྱེ་དང་ཚིག་ཕྲད་གཉིས་ཀ་ཡིན་པའི་མུ། བུམ་པ་ལྟ་བུ་གཉིས་ཀ་མིན་པའི་མུ་ཡིན་ཏེ་ཁྱོད་བརྗོད་བྱེད་ཀྱི་སྒྲ་མ་ཡིན་པའི་ཕྱིར།


(༢)     རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད། 

རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་ནི། (1) སླར་བསྡུ་། (2) ན་སྒྲ། (3) ལ་སྒྲ། (4) རྒྱན་སྡུད། (5) ལྷག་བཅས། (6) འབྱེད་སྡུད། (7) ནི་སྒྲ། (8) དང་སྒྲ། (9) བདག་སྒྲ། (10) དགག་སྒྲ། (11) སྤྱི་སྒྲ། (12) དེ་སྒྲ། (13) འདི་སྒྲ། (14) ད་སྒྲ། (15) ཉིད། (16) ཁོ་ནའི་སྒྲ། (17) བཞིན་སྒྲ། (18) ཚུལ་སྒྲ། (19) བཅས་སྒྲ། (20) སོགས་སྒྲ། (21) སོགས་སྒྲ། (22) ཟུར་ཟའི་ཚིག་ཕྲད། (23) མང་ཚིག་གསལ་བྱེད། (24) བྱ་ཚིག་ད་ལྟ་བ་ལ་འཇུག་པའི་ཚིག་ཕྲད། (25) ཚིག་ཕྲད་ཞིང་སོགས། (26) ཕྲད་དུ་མ་འདུས་པ་རྣམས་ཏེ། དེ་དག་གི་དོ་དོན་དང་དཔེ་བརྗོད་རགས་ཙམ་ཞུ་ན། (1) སླར་བསྡུ། སླར་ཡང་བསྡུ་བའི་ཚིག་ཕྲད་དེ་སུམ་ཅུ་པའི་རྩ་བ་ལས་སླར་བསྡུ་ཞེས་འབྱུང་ཞིང་། དཔང་ལོའི་ཚོགས་གསུམ་གསལ་བ་ལས། རྫོགས་ཚིག་ཅེས་འདོགས་པ་དང་། སྨྲ་སྒོ་ལས་ཟླ་སྡུད་ཅེས་འདོགས་པར་མཛད། 1. སླར་བསྡུ་ནི། སླར་ཡང་བསྡུ་བའི་ཚིག་ཕྲད་དེ་བུམ་པ་ཞེས་པའི་སྒྲ་སྡུད་པ་ཡིན་ལ། དེའི་རྗེས་འོ་ཞེས་སླར་ཡང་བསྡུ་བའི་སྒྲ་གང་ཞིག་གསར་དུ་སྦྱོར་བས་སླར་བསྡུ་ཞེས་བྱའོ། ། 2. རྫོགས་ཚིག་ནི། ཚིག་དོན་རེ་ཞིག་རྫོགས་པ་གསལ་བྱེད་དེ། ལེགས་སོ། ། ལྟ་བུ། 3. ཟླ་སྡུད་ནི། རང་གི་ཚིག་ཟླ་བོ་ཕྱི་མ་མི་འབྱུང་བའམ་སྡུད་པར་བྱེད་པས་ཟླ་སྡུད་ཅེས་བྱའོ། ། དཔེར་ན་བུམ་པའོ་ལྟ་བུ། བུམ་པ་རང་གི་རྗེས་སུ་མཆུ་ལྟ་བུའི་ཟླ་བོ་ཕྱི་མ་ཡོང་ཆོག་པ་ལ་འོ་ཡི་ཚིག་ཕྲད་སྦྱར་བ་དང་ཚིག་གྲོགས་ཕྱི་མ་བཀག་ནས་ཡོང་ཐབས་མེད་པར་བུམ་པ་རང་ཉིད་ཁོ་ན་སྡུད་པས་ན་ཟླ་སྡུད་ཅེས་བྱའོ། ། (2) ན་སྒྲ། དམིགས་ཀྱིས་འབྱེད་པ་དང་། རྒྱུ་མཚན་དང་། རྒྱུ་མཚན་དོན་གྱིས་བསྟན་པ་དང་། གཉིས་པ་ལས་སུ་བྱ་བ། བཞི་པ་དགོས་ཆེད། བདུན་པ་རྟེན་གནས། ཕྱི་ཚིག་དོན་གཞན་སོགས་སྟོན་པ། འོས་པར་དཀའ་བ་མཆོག་ཏུ་འཛིན་པའི་ཕྱི་ཚིག་ངེས་པར་འབྱེད་པ། དེ་ལས་བཟློག་པ། འགལ་བའང་མི་འགལ་བར་སྟོན་པ། སྨོན་པ། འདྲི་བ། ཐེ་ཚོམ་གྱི་གཞི། ཚེ་སྐབས་ཏེ་བཅུ་བཞི་ལ་འཇུག་དེ་དག་གི་གོ་དོན་དང་དཔེར་བརྗོད་རིམ་པ་བཞིན་འགོད་པར་བྱ་སྟེ། 1. དམིགས་ཀྱིས་འབྱེད་པ་ནི། དམིགས་བསལ་གྱིས་ལོགས་སུ་དབྱེ་བ་ཕྱེ་བ་ལ་ཟེར། འདི་ལ་གལ་འཛུགས་དང་གཞུང་འཛུགས་གཉིས་ལས། a. དང་པོ་གལ་འཛུགས་ནི། དོ་གལ་ཆེ་བ་དེ་ཉིད་ལོགས་སུ་དམིགས་བསལ་གྱིས་བཀར་བ་ལ་ཟེར། དཔེར་ན། ཁྱེད་བོད་ལ་ཨེ་འགྲོ། འགྲོ་ན་ང་གཉིས་མཉམ་དུ་འགྲོ་ལྟ་བུ། ལྟ་བུ། b. གཉིས་པ་གཞུང་འཛུགས་པ་ནི། གནད་དོན་འགའ་ཞིག་ལས་སྙིང་པོ་གཅིག་ཏུ་བསྡུས་པ་ལ་ཟེར། དཔེར་ན། མདོར་བསྡུས་ན། མདོར་ན། དོན་སྙིང་བཤད་ན་ལྟ་བུ། 2. རྒྱུ་མཚན་ནི། བསྒྲུབ་བྱ་གོ་བྱེད་ཀྱི་སྒྲུབ་བྱེད་བསྟན་པའི་ན་ཡིག་སྟེ། དཔེར་ན། དུ་བ་ཡོད་ན་མེ་ཡོད་དགོས་ལྟ་བུ། 3. རྒྱུ་མཚན་ཤུགས་ལ་བསྟན་པ་ནི། བསྒྲུབ་བྱ་ཤུགས་ལ་གོ་ནུས་པའི་ན་ཡིག་སྟེ། དཔེར་ན། མ་མེད་ན་བུ་ཇི་ལྟར་སྐྱེས་ལྟ་བུའི་ཤུགས་ལ་བུ་སྐྱེ་ན་མ་ཡོད་དགོས་པ་དེ་གོ་ནུས་པ་ལྟ་བུ། 4. ལས་ལ་འཇུག་པ་ནི། བྱ་བའི་ཡུལ་ལ་འཇུག་པ་ཙམ་སྟེ། སྲང་ལམ་ན་འཁྱམས་ཉུལ་བྱེད། ལྟ་བུ་སྟེ་ཤེས་སླའོ། ། 5. དགོས་ཆེད་ལ་འཇུག་པ་ནི། དགོས་པའི་ཆེད་དུ་བྱ་བ་བྱས་པ་གོ་བའི་ན་ཡིག་སྟེ། དཔེར་ན། ཞིང་ན་ཆུ་འདྲེན་ལྟ་བུ། 6. རྟེན་གནས་ལ་འཇུག་པ་ནི། གང་ལ་རྟེན་པའི་གནས་ཤིག་ན་དེ་ལ་བརྟེན་པའི་ཆོས་ཤིག་གནས་པ་ཙམ་བསྟན་པའི་ན་ཡིག་སྟེ། དཔེར་ན། གངས་ན་སེང་གེ་གནས། ལྟ་བུ། 7. ཕྱི་ཚིག་འགལ་བ་བསྟན་པ་ནི། ཚིག་སྔ་མའི་བསྟན་བྱ་ལས་ཕྱི་མའི་ཚིག་གིས་དོན་གཞན་ཞིག་བསྟན་པ་སྟེ། དཔེར་ན། གང་ན་ཆུ་སྐྱར་ཡོད་པ་དེར་ཆུ་ཡོད་ན་གནས་འདི་ནི་ཆུ་མེད་པའི་ཐང་ངོ་ལྟ་བུ། ཚིག་སྔ་མས་ཆུ་ཡོད་པའི་གཞི་བསྟན་ཅིང་ཚིག་ཕྱི་མས་དེ་ལས་ལྡོག་ནས་ཆུ་མེད་པའི་ས་ཕྱོགས་བསྟན་ཏོ། ། 8. མི་འོས་པ་མཆོག་ཏུ་འཛིན་པ་ནི། འོས་པར་དཀའ་བའམ་མི་འོས་པ་ཞིག་སྔོན་ལ་བཀོད་ནས་དེའི་ཚིག་ཟླས་དྲངས་པའི་བརྗོད་དོན་ཕྱི་མར་སྐབས་དབྱེ་བའམ་འོས་པ་བསྟན་པའི་ན་ཡིག་སྟེ། དཔེར་ན། དཔོན་པོ་ཁྲིམས་འགལ་བྱེད་ན་དམངས་ཀྱིས་ལོས་བྱེད་ལྟ་བུ། ཚིག་སྔ་མའི་བསྟན་བྱ་དཔོན་པོ་ཁྲིམས་འགལ་བྱེད་པ་དེ་མི་འོས་པ་ཞིག་ཡིན་ཡང་། བརྟག་པ་མཐའ་བཟུང་གིས་གལ་ཏེ་དེ་ལྟར་བྱས་ན། དེས་ཚིག་ཟླས་དྲངས་པའི་བརྗོད་དོན་ཕྱི་མ་དམངས་ཀྱིས་ཁྲིམས་འགལ་བྱེད་པ་ནི་སྐབས་དབྱེ་བ་སྟེ་བྱེད་ཆོག་པ་བསྟན་པའི་ཕྱིར། 9. འོས་པ་མཆོག་ཏུ་འཛིན་པ་ནི། གོང་གི་དེ་ལས་ལྡོག་པ་སྟེ། ལྟོས་གྲུབ་ཀྱིས་འོས་པ་ཞིག་སྔོན་དུ་བཀོད་ནས། དེའི་ཚིག་ཟླས་དྲངས་པའི་བརྗོད་དོན་ཕྱི་མ་ཡང་སྔ་མ་དང་ཕྱོགས་མཚུངས་པར་བསྟན་པ་སྟེ། དཔེར་ན། བླུན་པོས་ཡི་གེ་ཤེས་ན་མཁས་པས་ཀྱང་ཤེས་ལྟ་བུ། བླུན་པོས་ཡི་གེ་ཤེས་པ་སྤྱིར་མི་འོས་ཀྱང་བླུན་པོས་ཤེས་ན་མཁས་པས་དེ་བས་ཤེས་དགོས་པ་ནི་འོས་པ་བས་ཀྱང་ཆེས་འོས་པ་ཡིན་པས་འོས་པ་མཆོག་ཏུ་འཛིན་པ་ཞེས་ཟེར། 10. འགལ་བའང་མི་འགལ་བ་བསྟན་པ་ནི། ཆོས་ཐ་དད་པ་གཉིས་སྤྱིར་འགལ་བ་ཡིན་ཡང་གཞི་གཅིག་གི་སྟེང་དུ་མི་འགལ་བར་བསྟན་པའི་ན་ཡིག་སྟེ། དཔེར་ན། གཞི་བུམ་པ་ལྟ་བུ་ཐ་སྙད་དུ་ཡོད་ན་དོན་དམ་དུ་མེད་ལྟ་བུ་སྤྱིར་ཡོད་པ་དང་མེད་པ་འགལ་ཡང་གཞི་བུམ་པའི་སྟེང་དུ་ཐ་སྙད་དུ་ཡོད་པ་དང་དོན་དམ་དུ་མེད་པ་མི་འགལ། 11. སྨོན་པ་ནི། ཡིད་སྨོན་དང་རེ་བ་བྱེད་པའི་དོན་ཅན་ཏེ། དཔེར་ན། ང་ཕ་ཡུལ་སླེབས་ན་སྐྱིད་པ་ལ། ལྟ་བུ། 12. འདྲི་བ་ནི། དོགས་པའི་གནད་ཅིག་ངག་ཐོག་ནས་འདྲི་བ་མཚོན་བྱེད་དེ། དཔེར་ན། བདེན་པར་མེད་ཀྱང་བྱ་བྱེད་འཐད་ན་འཐད་ཚུལ་ཇི་ལྟར་ཡིན། ལྟ་བུ། 13. ཐེ་ཚོམ་ལ་འཇུག་པ་ནི། གནད་དོན་གང་ཞིག་ལ་དོགས་པ་ཟ་བ་ཙམ་མཚོན་བྱེད་དེ། དཔེར་ན། བུམ་པ་མི་རྟག་ན་དེའི་རྒྱུ་མཚན་གང་ཡིན་སྙམ་ལྟ་བུ། བུམ་པ་མི་རྟག་པ་ཡིན་པའི་རྒྱུ་མཚན་ཐག་མ་ཆོད་པར་དོགས་པ་ཟ་བའམ་ཐེ་ཚོམ་ཟ་བ་མཚོན་པ་ནུས། ད་དུང་དེ་དག་ལ་དོན་དུ་འགྱུར་མི་འགྱུར་དང་། ཆ་མཉམ་པའི་ཐེ་ཚོམ་གསུམ་དུ་ཕྱེས་ནས་བཤད་རུང་བ་དང་། དྲི་བ་དང་པོའི་ཐེ་ཚོམ་གྱི་ཁྱད་པར་ཡང་དོགས་པ་དེ་ཉིད་སེམས་ཁོང་ན་ཡོད་པའི་སྐབས་ཙམ་བསྟན་པ་ནི་ཐེ་ཚོམ་དང་། དེ་གཞན་ཞིག་ལ་འདྲི་བ་ན་འདྲི་བ་བསྟན་པས་སྔ་ཕྱི་བརྒྱུད་རིམ་གྱི་ཁྱད་པར་ཙམ་མོ། ། 14. ཚེ་སྐབས་ནི། དུས་ཙམ་བསྟན་པའི་ན་ཡིག་སྟེ། དཔེར་ན། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ། ནམ་ཞིག་ཚེ་ཡི་འདུ་བྱེད་སྟོང་པ་ན། ། 15. དེ་ཉིད་ལ་འཇུག་པ། སོ་ན་གནས། ལྟ་བུ། (3) ལ་སྒྲ། སྨྲ་སྒོ་ལས་ལ་ཡིག་འཇུག་པ་བརྒྱད་བཤད་ཅིང་། དེ་ཉིད་ལ་འཇུག་པ་ནི་གཞུང་ཆེན་པོའི་དགོངས་པ་ཉིད་དུ་གྲུབ་པས་དེ་ལྟར་ན་འཇུག་པ་དགུ་ཡོད་པ་འདོད་དགོས། 1. ལ་ཡིག་རྣམ་དབྱེ་གཉིས་པ་ལ་འཇུག་པ་ནི། ལས་ལ་བྱ་བ་བྱས་པ་ཙམ་བསྟན་པའི་ཚིག་ཕྲད་དེ། དཔེར་ན། ཤར་ལ་རྒྱུག ལྟ་བུ། 2. ལ་ཡིག་རྣམ་དབྱེ་བཞི་པ་ལ་འཇུག་པ་ནི། དགོས་པའི་ཆེད་དུ་བྱ་བ་བྱས་པའི་དོན་ཅན་ཏེ་དཔེར་ན། སྨན་ལ་བསྟེན། ལྟ་བུ། 3. ལ་ཡིག་བདུན་པར་འཇུག་པ་ནི། གང་ལ་བརྟེན་པའི་གནས་ལ་འཇུག་པའི་དོན་ཅན་ཏེ། དཔེར་ན། དབུས་ལ་གནས། ལྟ་བུ། 4. སྡུད་པ་འཇུག་པ་ནི་བྱ་བ་དུ་མ་ཕྱོགས་གཅིག་ཏུ་སྡུད་པའི་དོན་ཅན་ཏེ། དཔེར་ན། ལག་པ་བཀྲུས་ལ་ཟས་བཟའ། ལྟ་བུ། 5. མཚམས་སྦྱོར་ནི་ཚིག་དོན་སྔ་ཕྱི་མཚམས་སྦྱོར་བྱེད་ལ་འཇུག་པའི་དོན་ཅན་ཏེ། དཔེར་ན། ཤིང་གི་ཡལ་ག་རིང་ལ་ལོ་མ་མང་། མགོ་ཟླུམ་ལ་མཇུག་རིང་ལྟ་བུ། བྱ་བྱེད་ཀྱི་འབྲེལ་བ་མེད་པའི་ཁྱད་ཆོས་ཙམ་འདྲེན་པ་རྣམས་སོ༎ 6. སྨོན་པ་ནི་རེ་བའམ་ཡིད་སྨོན་བྱེད་པའི་དོན་ཅན་ཏེ། དཔེར་ན། བདག་མཁས་པར་གྱུར་ལ་གྱུར་ནས་ཀྱང་གཞན་ལ་ཕན་ཐོགས་པར་ཤོག ལྟ་བུ། བྱ་བ་དང་སྨོན་འདུན་གཉིས་ལས་ཚིག་གྲོགས་ཕྱི་མའི་ནུས་པ་ལས་སྨོན་འདུན་གཙོ་ཆེར་བསྟན་པའི་ཚིག་ཕྲད་རྣམས་སོ། ། 7. ཚེ་སྐབས་ནི་དུས་ཙམ་བསྟན་པའི་ལ་དོན་ཏེ་དཔེར་ན། གྲངས་མེད་གསུམ་ལ་ཚོགས་བསགས། ལྟ་བུ། 8. ཚོད་འཛིན་པ་ནི་ཡུལ་དུས་གནས་བབ་གང་ཞིག་གི་ཚོད་འཛིན་པ་སྟེ། དེ་ལ་ཡང་དུ་མ་ཡོད་དེ། a. ལྕི་ཡང་གི་ཚོད་འཛིན་པ། སྲང་བཅུ་ལ་རྒྱ་མ་གང་ཟེར་ལྟ་བུ། b. རིང་ཐུང་གི་ཚོད་འཛིན་པ། འདམ་གང་ལ་གྲུ་བཞི་ཡོད་ལྟ་བུ། c. མཐོ་དམན་གྱི་ཚོད་འཛིན། ཐོག་བརྩེགས་གཅིག་ལ་མེ་ཊ་བརྒྱད་ཡོད་ལྟ་བུ། d. དུས་ཀྱི་ཚོད་འཛིན། ལོ་བརྒྱ་ལ་དུས་རབས་གཅིག་ཟེར་ལྟ་བུ། e. དངོས་པོའི་ཚོད་འཛིན་ནམ་ཆེ་ཆུང་གི་ཚོད་འཛིན་པ། གྲོག་མ་འབུམ་ཕྲག་ལ་གླང་ཆེན་ཀྱི་རྐང་པ་ཡ་གཅིག་ཙམ་ཡང་མེད་ལྟ་བུ། f. གྲངས་ཆོས་ཀྱི་ཚོད་འཛིན་པ། ལོ་ཙཱ་བ་ཞིག་ལ་བློ་ལྡན་ཤེས་རབ་ལས་བསྒྱུར་མང་བ་མེད་ལྟ་བུ། g. ཡོན་ཏན་གྱི་ཚོད་འཛིན་པ། འཛིན་གྲྭ་བརྒྱད་པའི་ལག་འཁྱེར་ཙམ་ལ་ཝཱརཱཎ་སཱི་མཐོ་སློབ་ཚུད་རྒྱུགས་ཀྱི་ཆ་རྐྱེན་ལྡན་ལྟ་བུ། h. རྫས་ཀྱི་ཚོད་འཛིན་པ། གྲྭ་ཆས་གོན་མཁན་ཙམ་ལ་གྲྭ་པའི་ངོས་འཛིན་བྱེད་ལྟ་བུ། i. རིགས་ཀྱི་ཚོད་འཛིན་པ། བོད་རིགས་ཙམ་ལ་དམིགས་གསལ་བྱས་ལྟ་བུ་། j. བྱ་བའི་ཚོད་འཛིན་པ། ཚོགས་སུ་ཕེབས་པ་ཙམ་ལ་སྐུ་འགྱེད་ཕུལ་ལྟ་བུ་སྟེ། ཚོད་འཛིན་པའི་སྤྱི་ལྡོག་ལ་ནང་བསྲེས་གཞི་ལྡོག་གི་སྒོ་ནས་ཕྱེ་ན་ཧ་ཅང་མང་། 9. དེ་ཉིད་ལ་འཇུག་པ་ནི། ཚིག་ཕྲད་སྦྱར་ས་དེའི་ངོ་བོ་ཉིད་དུ་གྲུབ་པའི་དོན་ཅན་ཏེ། དཔེར་ན། བྱས་པ་མི་རྟག་པ་ཁོ་ན་ལ་ཡོད། ལྟ་བུ།

(4) རྒྱན་སྡུད། ཚིག་མཛེས་བྱེད་དང་ཚིག་དོན་གོང་འོག་ཕན་ཚུན་སྡུད་བྱེད་ཀྱི་ཚིག་ཕྲད་རྣམས་ཏེ། དེ་དག་གི་དཔེ་མཚོན་ཙམ་འགོད་ན། 1. མཐུན་པའི་ཚིག་རྒྱན་ནི། མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་བསྡུས་ཤིང་ཁྱད་པར་ཚིག་མཛེས་པར་བྱེད་པ་སྟེ། དཔེར་ན། མདོག་ཀྱང་མཛེས་ལ་དབྱིབས་ཀྱང་ལེགས། ལྟ་བུ། 2. མི་མཐུན་པའི་ཚིག་རྒྱན་ནི། མི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་བསྡུས་ཤིང་ཁྱད་པར་ཚིག་མཛེས་པར་བྱེད་པ་སྟེ། དཔེར་ན། ཁྲོ་བ་ཡོད་ཀྱང་འཛིན་པ་མེད། སྐྲ་རིང་ཡང་བློ་ཐུང་། ལྟ་བུ། 3. ངེས་བཟུང་ནི། དཔེར་ན། བུམ་པ་མི་རྟག་པ་ཡང་ཡིན་སྐད་ཅིག་མ་ཡང་ཡིན། ཞེས་པ་ལྟ་བུའོ། ། 4. རྣམ་པར་བརྟག་པ་ནི། འོན་ཀྱང་དཔྱད་པར་བྱའོ། ། ཞེས་པ་ལྟ་བུ་སྟེ། ཟླ་དགའི་ཡན་ལག་བརྒྱད་པའི་འགྲེལ་པ་ལས། འོན་ཀྱང་ནི་རྣམ་པར་བརྟག་པའོ། ། ཞེས་གསུངས་པའི་ཕྱིར། 5. འདས་པ་བསྡུ་བ་ནི། བྱུང་ཟིན་པའི་ཆོས་བསྡུ་བ་སྟེ། དཔེར་ན། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། ། འདི་ཉིད་ནན་ཏན་བྱས་ནས་གསུངས ། ། 6. མ་འོངས་པ་བསྡུ་བ་ནི། འབྱུང་འགྱུར་གྱི་ཆོས་ཤིག་བསྡུ་བ་སྟེ། དཔེར་ན། མ་འོངས་སངས་རྒྱས་རྣམས་ཀྱིས་ཀྱང་། ། འདི་ཉིད་ངེས་པར་གསུང་པར་འགྱུར། ། 7. དངོས་པོ་གཞན་བསྡུ་བ་ནི། ད་ལྟ་བ་བསྡུ་བ་སྟེ། དེ་ལ་ཡུལ་བསྡུ་བ་དང་དངོས་པོ་ཙམ་བསྡུ་བ་གཉིས་ལས། ཡུལ་བསྡུ་བ་ནི། ལྷ་ས་ལ་ཡང་བོད་རིགས་མང་པོ་ཡོད། བདེ་བ་ཅན་ལའང་རི་དྭགས་ཡོད། 8. དངོས་པོ་ཙམ་བསྡུ་བ་ནི། མགོ་ལ་ཡང་ན་ཚ་བྱུང་། མིག་ནས་ཀྱང་མཆི་མ་ལྷུང་། 9. དོན་གཞན་བསྡུ་བ་ནི། ང་ཡང་བོད་པ་ཡིན། ཤ་ཡང་ཟོས་པ་ཡིན། ལྟ་བུ། 10. གཞི་མཐུན་སྡུད་བ་ནི། ཨུདྤལའང་ཡིན་ལ་སྔོན་པོ་ཡང་ཡིན་ནོ། ། ལྟ་བུ། 11. གོང་མས་འོག་མ་སྡུད་པ་ནི། ཆོས་ཀྱང་དྲན་ཏེ། ཆོས་མ་ཡིན་པ་མིན་ནོ། ། 12. འོག་མས་གོང་མ་སྡུད་པ་ནི། ལྷས་ཆར་ཕབ་སྟེ། ཀླུས་ཀྱང་འབེབས་སོ། ། 13. ཡང་སྒྲ་བསྣན་པ་ལ་འཇུག་པ་ནི། རྣམ་གྲངས་གཉིས་ལ་སོགས་པ་བསྣན་པའམ་དོན་སྔ་མའི་སྟེང་དུ་རྣམ་གྲངས་གཞན་བསྣན་པའི་དོན་ཅན་ཏེ། ཡང་ན་འདི་ལྟར་བྱ་སྟེ། ལྟ་བུ། 14. ཡང་སྒྲ་བསྐྱར་བའི་དོན་ལ་འཇུག་པ་ནི། ། བསྐྱར་བ་ནི་དོན་སྔ་མ་ཉིད་བལྡབས་པའི་དོན་ཅན་ཏེ། ཡང་དང་ཡང་དུ་དང། ཡང་ནས་ཡང་དུ་དང། སླར་ཡང་དང། དེ་ནས་ཡང་། ལྟ་བུ། (5) ལྷག་བཅས། བསྟན་བྱ་ལྷག་མ་ཡོད་པ་འདྲེན་པའི་ཚིག་ཕྲད་དེ། གསལ་བྱེད་ཀྱི་སྒྲ་ནི། ཏེ་སྟེ་དེ་ལ་ནས་ཅིང་ཞིང་ཤིང་རྣམས་སོ། ། དེ་དག་གང་ལ་འཇུག་ཡུལ་ནི། མཚམས་སྦྱོར་བ་དང་། དམ་བཅའ་བ་དང་། གཞན་འདྲེན་པ་སྟེ་གསུམ་དུ་འཇུག་པར་འདོད་དོ། ། མཚམས་སྦྱོར་བ་ལའང་ནང་གསེས་ཀྱིས་ཕྱེ་ན། བྱེད་པ་དང་བྱ་བ་མཚམས་སྦྱོར་བ། བྱ་བ་གཉིས་མཚམས་སྦྱོར་བ། དེ་དག་རིམ་ཅན་དུ་མཚམས་སྦྱོར་བ་དང་ཅིག་ཅར་དུ་མཚམས་སྦྱོར་བ་དང་བཞི། བསྒྲུབ་བྱ་གང་ཞིག་སྔ་མར་བཀོད་པ་དེའི་སྒྲུབ་བྱེད་གསལ་བར་བྱེད་པའི་རྒྱུ་མཚན་འདྲེན་པ་དང་། ངེས་ཚིག་འདྲེན་པ། དབྱེ་བ་འདྲེན་པ་གསུམ་ཡོད་ཅིང་། དེ་དག་ལས་གཞན་ལྷག་མ་ཡོད་པ་ཙམ་འདྲེན་པའི་ལྷག་བཅས་གཅིག་བཅས་ཡོད་དོ། ། དེ་དག་གི་གོ་དོན་དང་དཔེར་བརྗོད་རིམ་པ་བཞིན་འགོད་ན། དེ་ལ་ལྷག་བཅས་ནི། ཚིག་དོན་སྔ་མའི་བསྟན་བྱ་མ་རྫོགས་པར་ལྷག་མ་ཡོད་པར་བསྟན་པའི་ཚིག་ཕྲད་ལ་ཟེར། དེ་བསྟན་པའི་ཚིག་ཕྲད་ལ་སྨྲ་སྒོ་ནས་སྟེ་ཞེས་གསུངས་པ་དེའི་ཤུགས་ནས་དེ་ཏེ་འོག་ནས་འབྱུང་བའི་ལ་དང་ནས། གསུང་རབ་ཀྱི་བརྡ་ཆད་ཁྲོད་ནས་འབྱུང་བའི་ཅིང་ཞིང་ཤིང་གསུམ་རྣམས་ཀྱང་ལྷག་མ་བསྟན་པའི་ཕྲད་དུ་འཇུག་པའང་གཞན་ལས་ཤེས་པར་བྱ་དགོས། 1. དང་པོ་མཚམས་སྦྱོར་ལྷག་བཅས་ནི། བྱ་བ་གཉིས་མཚམས་སྦྱོར་བྱེད་ཀྱི་ལྷག་བཅས་ཏེ། a. བྱེད་པས་བྱ་བ་འདྲེན་པའི་ལྷག་བཅས་ནི། ཤིང་གཅོད་དེ་བུད་ཤིང་བཟོས། དགྲ་གསོད་དེ་རྒྱུ་འཕྲོག་ལྟ་བུ། b. བྱ་བས་བྱ་བ་འདྲེན་པ་ནི། ཤིང་བཅད་དེ་བུད་ཤིང་བཟོས། རྡོ་བཅག་སྟེ་ཕ་མཁར་བརྩིགས། c. ཅིག་ཅར་དུ་མཚམས་སྦྱོར་བའི་ལྷག་བཅས་ནི། སྒྲིབ་གཉིས་སྤངས་ཏེ་སངས་རྒྱས། དབུགས་ཆད་དེ་ཤི། ལྟ་བུ། 2. གཉིས་པ་དམ་བཅའ་ལྷག་བཅས་ནི། གང་ཞིག་དམ་བཅའ་བའི་དོན་དེ་ཉིད་ཀྱི་སྒྲུབ་བྱེད་ལྷག་མ་ཡོད་པར་བསྟན་པའི་ཚིག་ཕྲད་དེ། དེ་ལ་གསུམ། a. རྒྱུ་མཚན་འདྲེན་པའི་ལྷག་བཅས་ནི། གང་ཞིག་དམ་བཅའ་བའི་དོན་དེ་ཉིད་ཀྱི་སྒྲུབ་བྱེད་ཀྱི་རྒྱུ་མཚན་ལྷག་མ་ཡོད་པ་བསྟན་པའི་ཚིག་ཕྲད་དེ། དཔེར་ན། ཡོད་དེ་གཞི་གྲུབ་པའི་ཕྱིར་ལྟ་བུ། b. ངེས་ཚིག་འདྲེན་པ་ནི། གང་ཞིག་དམ་བཅའ་བའི་དོན་དེ་ཉིད་སྒྲུབ་བྱེད་ཀྱི་ངེས་ཚིག་གམ་སྒྲ་བཤད་འདྲེན་པའི་ཚིག་ཕྲད་དེ། དཔེར་ན། པདྨ་ལ་ཆུ་སྐྱེས་ཞེས་བྱ་སྟེ་ཆུ་ལས་སྐྱེས་པས་སོ། ། ལྟ་བུ། c. རྣམ་གྲངས་འདྲེན་པ་ནི། གང་ཞིག་དམ་བཅའ་བའི་དོན་དེ་སྒྲུབ་བྱེད་རྣམ་གྲངས་ལྷག་མ་འདྲེན་པའི་ཚིག་ཕྲད་དེ། དཔེར་ན། བདེན་པ་གཉིས་ཏེ། དོན་དམ་དང་ཀུན་རྫོབ་བོ། ། ལྟ་བུ། 3. གསུམ་པ་གཞན་འདྲེན་ལྷག་བཅས་ནི། མཚམས་སྦྱོར་བ་དང་དམ་བཅའ་བ་ལས་གཞན་པའི་བསྟན་བྱ་ལྷག་མ་ཡོད་པ་ཙམ་འདྲེན་པའི་ལྷག་བཅས་ལ་ཟེར། དཔེར་ན། འདུས་བྱས་ནི་མི་རྟག་སྟེ་ནམ་མཁའ་རྟག་པའོ། ། 4. བཞི་པ་རྒྱས་བཤད་འདྲེན་པའི་ལྷག་བཅས་ནི། མདོར་བསྟན་སྔོན་དུ་བཀོད་ནས་དེའི་བཤད་བྱ་ལྷག་མ་ཡོད་པར་བསྟན་པའི་ཚིག་ཕྲད་དེ། དཔེར་ན། སེམས་བསྐྱེད་པ་སྟེ། གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུང་འདོད་པའི་བདག་ཉིད་སྨོན་པ་དང་འཇུག་པའི་ངོ་བོ་རྣམ་པ་གཉིས་སོ་ལྟ་བུ། 5. ཚིག་ཁ་སྐོང་བྱེད་ལ་འཇུག་པ། བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་སྟེ། ། ལྟ་བུ། 6. མི་མཐུན་པ་ལ་འཇུག་པ། གླིང་སྒྲུང་རྣམས་སུ། དེ་སྟེ་འདྲ་མ་འདི་འདྲ་ཡོད་ལྟ་བུ། ཡིན་ན་ཡང་འདྲ་མ་འདི་འདྲ་ཡོད་ཅེས་པ་དང་དོན་འདྲ་བ་མི་མཐུན་པའི་དོན་ལ་འཇུག་པ་སོགས་ཀྱང་སྐབས་འདི་དང་བསྟུན་ནས་ཤེས་པར་བྱ་དགོས།

(6) འབྱེད་སྡུད། རྣམ་གྲངས་དུ་མ་འབྱེད་པ་དང་ཕྱོགས་གཅིག་ཏུ་སྡུད་པའི་ཚིག་ཕྲད་དེ། གསལ་བྱེད་སྒྲ་ནི་གམ་སོགས་བཅུ་གཅིག་དང་། དང་སྒྲ། ཀྱང་སོགས་ཀྱི་ཚིག་པྲད་རྣམས་ཡིན། དེ་དག་གི་འཇུག་ཡུལ་ནི། 1. འབྱེད་པ་ནི་གཞི་ཞིག་ལས་ཆོས་གང་ཞིག་འབྱེད་པའི་དོན་ཅན་ཏེ། དེ ལའང་དུ་མ་ཡོད་པ་ལས། a. དྲི་བའི་སྒོ་ནས་འབྱེད་པ་ནི། མྱུ་གུ་རྒྱུ་ཅན་ཡིན་ནམ་རྒྱུ་མེད་ཡིན། རང་བཞིན་གྱིས་གྲུབ་པའི་དངོས་པོ་ཡོད་དམ་མེད། ཁྱེད་གང་ནས་ཕེབས་སམ་ལྟ་བུ། b. ཐེ་ཚོམ་གྱི་སྒོ་ནས་འབྱེད་པ་ནི་སྒྲ་རྟག་གམ་སྙམ། སྒྲ་མི་རྟག་གམ་བསམ། སྒྲ་རྟག་གམ་མི་རྟག་སྙམ་ལྟ་བུ། རིམ་པ་བཞིན་དོན་མི་འགྱུར་དང་དོན་འགྱུར་ཆ་མཉམ་པའི་ཐེ་ཚོམ་རྣམས་ལ་འཇུག་པ་ཡིན། c. གདམ་ང་ལ་འཇུག་པ་ནི། དངོས་པོ་འདི་དག་ལས་གང་འདོད་དམ། ཁྱེད་ལ་ཅི་དགོས་སམ། ལྟ་བུ། དྲི་བའི་ཁྲོད་ནས་གདམ་ཁ་སྐོར་བྱའི་དངོས་པོ་གང་དང་གང་འདོད་པ་དེ་འདེམ་ཆོག་པའི་སྒོ་ནས་འདྲི་བ་དང་། d. མིང་གི་རྣམ་གྲངས་དུ་མ་འབྱེད་པ་ནི། སངས་རྒྱས་ལ། རྣམ་འདྲེན་ནམ་ཐུབ་པའམ་རྐང་གཉིས་མཆོག་གམ། མི་ཡི་སེང་གེ་སོགས་ཀྱི་མཚན་མང་ལྟ་བུ། e. དོན་གྱི་རྣམ་གྲངས་དུ་མ་འབྱེད་པ་ནི། ཆོས་ནི། ཐར་པའམ། དགེ་བའམ། ངོ་བོ་སོགས་ལ་འཇུག་ལྟ་བུ། f. རྣམ་གྲངས་ཙམ་འབྱེད་པ་ནི། ཕུང་པོ་ལྔ་ནི། གཟུགས་སམ་ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་རྣམས་སོ་ལྟ་བུ། ད་དུང་རིགས་མི་མཐུན་སེལ་བའི་འབྱེད་པ། ཕུང་གསུམ་སེལ་བའི་འབྱེད་པ། གྲངས་ངེས་ཀྱི་འབྱེད་པ་སོགས་ཀྱི་དབྱེ་སྒོ་མང་བ་ཡང་གཏན་ཚིགས་རིག་པ་དང་གཞུང་ཆེན་པོ་ལ་གཟིགས་མཁན་ཚོས་རིགས་འགྲེ་ནས་མཁྱེན་པར་མཛད་དགོས། 2. གཉིས་པ་སྡུད་པ་ནི། རྣམ་གྲངས་འདྲ་མིན་གཞི་གཅིག་ཏུ་སྡུད་པ་སྟེ། དེ་ལའང་དབྱེ་སྒོ་མང་པོ་ཡོད་པ་ལས། a. གཞི་མཐུན་པ་སྡུད་པ་ནི། དངོས་པོའམ་འདུས་བྱས་སམ། བྱས་པའམ་རང་མཚན་ནམ། མི་རྟག་པ་ནི་སྐད་ཅིག་མ་ཡིན། ལྟ་བུ་འདི་ལ་མིང་གི་རྣམ་གྲངས་དུ་མ་ཕྱོགས་གཅིག་ཏུ་སྡུད་པ་ཟེར་ནའང་འགྲིགས། b. དོན་གྱི་རྣམ་གྲངས་མང་པོ་མིང་གཅིག་ཏུ་སྡུད་པ་ནི། བྱའམ། དགེ་སློང་ངམ། བྲམ་ཟེའམ། དབྱངས་ཅན་ནམ། ཚངས་པའམ། སུམ་ཅུ་སོ་གཉིས་སམ། སོ་རྣམས་ལ་གཉིས་སྐྱེས་ཟེར། ལྟ་བུ། c. དབྱེ་བའི་རྣམ་གྲངས་ཙམ་སྡུད་པ་ནི། ཀུན་རྫོབ་བམ་དོན་དམ་ནི་ཤེས་བྱ་ཡིན་ལྟ་བུ།

(7) ནི་སྒྲའི་འཇུག་པ་བཤད་པ། ནི་སྒྲའི་ཚིག་ཕྲད་ནི་དགར་བ་དང་བསྣན་པའི་དོན་ཅན་གྱི་ཚིག་ཕྲད་དེ། དེ་དག་གི་གོ་དོན་དང་དཔེར་མཚོན་རགས་ཙམ་ཞུ་ན། 1. དགར་བ་ནི་ལོགས་སུ་དབྱེ་བ་འབྱེད་བྱེད་ཀྱི་ཚིག་ཕྲད་ཡིན། དེ་ལ་ཡང་ཟླ་ལས་དགར་བ་དང་། བཀོད་པ་ལས་དགར་བ། རིགས་སོགས་ཀྱི་དགར་བ་དུ་མ་ཡོད་པ་དེ་དག་རེ་རེ་བཞིན། a. ཟླ་ལས་དགར་བ་ནི། དགར་གཞིའམ་དབྱེ་གཞི་དངོས་སུ་མ་སྨྲས་པར་དགར་ཆོས་སམ་དབྱེ་བ་དངོས་སུ་སྨྲས་ནས་དགར་བ་ལ་ཟེར། དཔེར་ན། མིག་སྟོང་དང་ལྡན་པ་འདི་ནི་བརྒྱ་བྱིན་ནོ། ། ལྟ་བུ་དགར་གཞི་དངོས་སུ་མ་སྨོས་ཀྱང་ཁྱད་ཆོས་ཀྱི་སྒོ་ནས་གཞན་ལས་དམིགས་ཀྱིས་འབྱེད་པའོ། ། དེ་བཞིན་དུ། རྣམ་འདྲེན་བཞི་པ་ནི་པད་དཀར་ལྟར་བསྔགས་པ་ཡིན། ལྟ་བུ་དགར་གཞི་སངས་རྒྱས་སྟོང་ཞེས་མ་སྨྲས་ཀྱང་དོན་གྱིས་གོ་ནུས་པ་དག་ལ་ཟེར། b. བཀོད་པ་ལས་དགར་བ་ནི། སྔོན་དུ་བསྒྲུབ་བྱ་བཀོད་ནས་རྗེས་སུ་དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་བཀོད་པ་སྟེ། དཔེར་ན། བདེན་པ་གཉིས་ནི། དོན་དམ་དང་ཀུན་རྫོབ་བོ། ། ལྟ་བུ། སྔོན་དུ་བདེན་པ་གཉིས་ཡོད་པ་དམ་བཅས་ཏེ། དེའི་རྗེས་སུ་དེ་ལ་གཉིས་ཡོད་པའི་སྒྲུབ་བྱེད་དུ་རྣམ་གྲངས་རེ་རེ་བཞིན་བཀོད་པས་སོ། ། དེས་མཚོན་ནས། དཀོན་མཆོག་གསུམ་ནི་སངས་རྒྱས་ཆོས་དང་དགེ་འདུན་ལྟ་བུ་སོགས་རྒྱ་ཆེར་ཤེས་པར་བྱ་ལ། འདི་ལ་དབྱེ་གཞི་ལས་ལོགས་སུ་དགར་བ་ཟེར་ནའང་འགྲིག། c. རིགས་དགར་བ་ནི་དཔེར་ན། མི་ནི་དུད་འགྲོ་ལས་མཆོག ཁྱེད་ནི་ང་ལས་ལྷག སྟག་ནི་སྤྱང་ཀི་ལས་ངར། ལྟ་བུ་རིགས་མཆོག་ཏུ་དགར་པ་དང་། བོང་བུ་ནི་རྟ་ལས་དམན། ཕག་ནི་གླང་ཆེན་ལས་ཆུང་། ལྟ་བུ་རིགས་དམན་པ་དགར་བའོ༎ d. བྱ་བ་དགར་བ་ནི། དཔེར་ན། ཡོན་ཏན་ཀུན་གྱི་ནང་ནས་སུམ་རྟགས་བསླབ་པ་ནི་བཟང་ཤོས་ཡིན། བོང་བུ་འཚོ་བ་ནི་རྟ་འཚོ་བ་ལས་དམན་ལྟ་བུ། e. ཡོན་ཏན་དགར་བ་ནི། རྩིས་རིགས་མཁས་པ་འདི་ནི་སློབ་གྲྭའི་ཨང་རྩིས་དགེ་རྒན་རེད། རྨ་བྱ་ནི་བྱ་རིགས་ཀུན་གྱི་ནང་ནས་མཛེས་ཤོས་དེ་རེད། ལྟ་བུ། f. རྫས་དགར་བ་ནི་དཔེར་ན། ཆོས་གོས་ཅན་འདི་ནི་གྲྭ་ཚང་གི་མཁན་པོ་ཡིན། བྱ་རྣམས་ཀྱི་ནས་ནས་སྟག་ཁྲི་ཅན་ནི་པུ་ཤུ་ལ་ཟེར། ལྟ་བུ། g. མཆོག་ཏུ་དགར་བ་ནི། དཔེར་ན་གསེར་ནི་ཟངས་ལས་རིན་ཐང་ཆེ་ལྟ་བུ། h. དམན་པ་དགར་བ་ནི། དཔེར་ན་ཕག་ནི་གླང་ཆེན་ལས་གཟུགས་སྟོབས་ཞན་ལྟ་བུའི་དགར་གཞི་ནི་གླང་ཆེན་ལ་དགར་ཆོས་ནི་ཕག་པ་ཡིན་པ་དགར་གཞི་གླང་ཆེན་ལས་དགར་ཆོས་ཕག་པ་གཟུགས་སྟོབས་ཞན་པས་ན་དམན་པ་དགར་བ་ཞེས་ཟེར་ཞིང་། དགར་གཞི་ལས་དགར་ཆོས་མཆོག་པའམ་བཟང་ན་མཆོག་ཏུ་དགར་བ་ཟེར། i. ཐ་དད་ཙམ་དུ་དགར་བ་ནི། དཔེར་ན། བུམ་པ་ནི་ཀ་བ་ལས་གཞན་ནོ་ལྟ་བུ། དགར་གཞི་དང་དགར་ཆོས་ཞེས་པ་ནི་དབྱེ་གཞི་དང་དབྱེ་ཆོས་ཞེས་པ་དང་དོན་འདྲའོ༎ j. རིགས་མཐུན་དགར་བ་ནི། གསེར་བུམ་ནི་བུམ་པའི་ནང་ནས་རིན་གོང་ཆེ་ཤོས་དེ་ཡིན། k. རིགས་མི་མཐུན་དགར་བ་ནི། ཟངས་བུམ་ལས་གསེར་བུམ་རིན་ཐང་ཆེ་ལྟ་བུ། རིགས་སོགས་བཞི་ལ་དབྱེ་བ་ལྔ་ལྔར་ཕྱེས་ནས་ཉི་ཤུར་འགྱུར་ཚུལ་ཡང་ཤེས་དགོས། 2. བསྣན་པ་ནི་ས་པཎ་གྱི་ཡི་གེའི་སྦྱོར་བ་དང་། ཐོན་མིས་མཛད་པར་གྲགས་པའི་རྟགས་འཇུག་གི་རྗེས་འཇུག་ཇི་ལྟར་འཇུག་པ་བཤད་པའི་སྐབས་དང་། སྨྲ་སྒོ་སོགས་སུ་བསྣན་པ་ཞེས་བྱུང་ཞིང་། ཞ་ལུ་ལོ་ཙཱ་བའི་སུམ་འགྲེལ་དུ་བརྣན་པ་ཞེས་བྲིས་སྣང་། དོན་ནི་ནན་ཏན་ནམ་ངོས་བཟུང་བའི་དོན་དུ་སྔོན་གྱི་སུམ་འགྲེལ་བྱེད་པོ་ཚོས་འགྲེལ་བར་སྣང་། a. ངོ་བོ་ཉིད་བསྣན་པ་ནི། གཞན་ཡིན་པ་བཅད་ནས་གཞི་དེ་ཆོས་དེའི་ངོ་བོ་ཉིད་དུ་གྲུབ་པ་ངོས་འཛིན་བྱེད་དེ། འདུས་མ་བྱས་པ་རྟག་པ་ཡིན་མོད། འདུས་བྱས་ནི་མི་རྟག་པ་ཁོ་ན་ཡིན་ནོ། ། བུམ་པ་ནི་དངོས་པོ་ཉིད་དོ། གསེར་བུམ་ནི་གསེར་གྱི་ངོ་བོ་ཉིད་དུ་གྲུབ། ཀ་བ་ནི་གདུང་འདེགས་ཀྱི་ཆོས་སོ། ། མི་ནི་སྨྲ་ཤེས་དོན་གོ་བ་ལ་ཟེར། ལྟ་བུ། b. རྣམ་གྲངས་གཞན་བསྣན་པ་ནི། གཞི་དེར་ཆོས་གཞན་ཞིག་བསྣན་པའི་དོན་ཅན་ཏེ། དཔེར་ན། བུམ་པ་ནི་མི་རྟག་པ་ཡིན་ལ། སྣམ་བུ་དང་ཀ་བ་ཡང་དེ་བཞིན་ནོ། ། གཞི་བུམ་པའི་སྟེང་དུ་མི་རྟག་པ་ཡིན་པའི་ཆོས་སྣམ་བུ་དང་ཀ་བ་སོགས་བསྣན་ནས་སྨྲས་པ་ལྟ་བུ། c. ནི་སྒྲ་བརྣན་པའི་དོན་ཅན་ལ་འཇུག་པ་ ནི། གཞན་གྱི་ཟླ་བོ་ལ་ལྟོས་པ་མ་ཡིན་པར་ངོ་བོ་དང་ཁྱད་པར་བྱ་བྱེད་སོགས་རང་ས་རང་སར་ལྷག་པར་ངེས་པའམ། ནན་ཏན་ཏུ་ངེས་པར་བྱེད་པ་སྟེ། དཔེར་ན། ཁྲབ་ནི་གྱོན། རྨོག་ནི་གྱོན། གྲི་ནི་ཡོད། མདའ་ནི་ཡོད། མདུང་ནི་ཡོད། མེ་མདའ་ནི་ཡོད། ཅེས་སོགས་གཡུལ་དུ་འཇུག་པ་ན། རང་གི་གོ་ཆ་དང་མཚོན་ཆ་ལ་སོགས་པ་ཚང་མ་ཚང་ལྟ་བའི་ཚེ། དེ་དག་རེ་རེ་ནས་ངེས་ངེས་བྱེད་པ་ལྟ་བུའོ། ། དེ་བཞིན་དུ་བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐུགས་སུ་ཆུད། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མའི་ཚོགས་དུལ་བ་མཐའ་ཡས་པ་ནི་མངའ་ལྟ་བུ་རྣམས་སོ། ། (8) དང་སྒྲ། སྡུད་པ་དང་། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་བཅས་ལྔ་ལ་འཇུག་ཅིང་། སྡུད་པ་ལའང་ནང་གསེས་ཕྱེ་ན། ཉེ་བར་སྡུད་པ། ངོ་བོ་གཞན་སྡུད་པ། ལན་གྲངས་གཞན་སྡུད་པ་གསུམ་དུ་འདོད་དོ། ། དེ་དག་གི་གོ་དོན་དང་དཔེར་བརྗོད་རིམ་པ་བཞིན་འགོད་ན། 1. སྡུད་པ་ནི། ཆོས་དུ་མ་གཞི་གཅིག་ཏུ་སྡུད་པ་སྟེ། དཔེར་ན། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཕུང་པོ་ཡིན་ནོ་ལྟ་བུ། འདི་ལའང་ཞིབ་ཏུ་ཕྱེ་ན་གསུམ་ལས། a. དུས་སྡུད་པ་ནི། ཆོས་དུས་འདས་མ་འོངས་གང་ཡང་རུང་བ་ཞིག་གཞི་དུས་ཅན་གཅིག་གི་སྟེང་དུ་སྡུད་པ་ལ་ཟེར། དཔེར་ན། གནས་དང་། བྱེད་པ་དང་། སྐུལ་སློང་དང་། རླུང་རྣམས་ལས་ཡི་གེ་འབྱུང་ངོ་ལྟ་བུ། རྒྱུ་འམ་འདས་པ་སྡུད་པ་ཡིན། ང་རོ་དང་། དབུགས་དང་། རྟོག་པའི་སྣང་བ་རྣམས་ནི་ཡི་གེ་དང་ལྷན་ཅིག་ཏུ་འབྱུང་ངོ་ལྟ་བུ་ད་ལྟ་བའི་དུས་སྡུད་པ་ཡིན། མིང་དང་ཚིག་དང་བརྗོད་པ་རྣམས་ནི་ཡི་གེ་ལས་བྱུང་བའི་སྒྲའི་གྲུབ་ཆ་ཡིན་ལྟ་བུ་འབྲས་བུ་སྡུད་པ་ཡིན། b. དངོས་པོ་གཞན་སྡུད་པ་ནི། གཞི་དེ་ཉིད་དང་རིགས་མཐུན་པའི་དངོས་པོ་གཞན་རྣམས་སྡུད་པ་སྟེ། དཔེར་ན། གསེར་ནི་རིན་ཐང་ཅན་ཏེ་ཟངས་དང་ལྕགས་དང་དངུལ་རྣམས་ཀྱང་དེ་བཞིན་ནོ། ། ལྟ་བུ། c. ལན་གྲངས་གཞན་སྡུད་པ་ནི། སྒྲ་དོན་ཅི་རིགས་པའི་ལན་གྲངས་གཞན་སྡུད་པ་སྟེ། དཔེར་ན། དང་པོ་སྒྲའི་ལན་གྲངས་གཞན་སྡུད་པ་ནི། ཉི་མའི་གཉེན་དང་རྣམ་འདྲེན་བཞི་པ་དང་བུ་རམ་ཤིང་པ་དང་གོ་བུ་ཏ་མ་རྣམས་ནི་ཟས་གཙང་སྲས་ཀྱི་མཚན་ཡིན་ལྟ་བུ། གཉིས་པ་དོན་གྱི་ལན་གྲངས་གཞན་སྡུད་པ་ནི། དགེ་སློང་དང་བྲམ་ཟེ་དང་ཚངས་པ་དང་དབྱངས་ཅན་མ་དང་བྱ་ཡང་གཉིས་སྐྱེས་ཡིན་ལྟ་བུ་མིང་གཅིག་དོན་མང་ལ་འཇུག་པའི་སྡུད་པའམ་དོན་མང་མིང་གཅིག་ཏུ་སྡུད་པ་རྣམས་སོ། ། 2. འབྱེད་པ་ནི། གཞི་གཅིག་ལས་རྣམ་པ་དུ་མ་འབྱེད་པ་སྟེ། དཔེར་ན། ཤེས་བྱ་ལ་ཀུན་རྫོབ་དང་དོན་དམ་གཉིས་ལྟ་བུ། དབྱེ་གཞི་ལས་དབྱེ་བ་འབྱེད་པ་དང་། འདི་ན་འབྲུག་པ་དང་། འབྲས་ལྗོངས་དང་། ལ་དྭགས་དང་། ཁུ་ནི་དང་། བོད་པ་དང་། སོག་པོ་སོགས་ཡོད་ལྟ་བུ་རྣམ་གྲངས་ཙམ་འབྱེད་པ་སྟེ། དེ་དག་ལ་ཞིབ་ཏུ་དཔྱོད་ན། རིགས་མི་མཐུན་སེལ་བའི་འབྱེད་པ་དང་། ལོག་རྟོག་སེལ་བའི་འབྱེད་པ། ཕུང་སུམ་སེལ་བའི་འབྱེད་པ་གསུམ་དུ་འགྱུར་བ་ཡང་ཚད་མ་རིག་པ་ངེས་མཁན་ཞིག་ཡིན་ན་རང་བཞིན་གྱིས་ཤེས་འོང་། རྟ་དང་བ་ལང་དང་རྔ་མོང་འདི་དག་གི་ནང་ནས་གང་འདོད་དེ་ཁྲིད་ལྟ་བུ་གདམས་ངའི་སྒོ་ནས་འབྱེད་པ་དང་། མི་འདི་རྒྱ་རིགས་དང་བོད་རིགས་དང་སོག་རིགས་གང་ཡིན་སྙམ་ལྟ་བུ་ཐེ་ཚོམ་གྱི་འབྱེད་པ་དང་། ཁོ་མོ་མི་རིགས་དཀར་པོ་དང་ནག་པོ་དང་སེར་པོ་གང་ཞིག་ཡིན་ནམ་ལྟ་བུ་དྲི་བའི་སྒོ་ནས་འབྱེད་པ་སྟེ། ནང་གསེས་ཀྱི་དབྱེ་བ་ཕྱེ་ན་ཤིན་ཏུའང་མང་པ་དེ་རིགས་ཀྱང་རིག་པ་འཕེལ་བར་འདོད་ན་ཅིས་ཀྱང་ཤེས་པར་བྱེད་དགོས། 3. རྒྱུ་མཚན་ལ་འཇུག་པ་ནི། སྒྲུབ་བྱེད་བསྟན་པའི་དང་སྒྲ་སྟེ། དཔེར་ན། འཁར་རྔ་གོ་བ་དང་གྲྭ་ཇ་ཡོད་པ་ཤེས། རྨ་བྱའི་སྐད་གོ་བ་དང་རྨ་བྱ་ཡོད་པ་ཤེས། རྐང་རྗེས་རྙེད་པ་དང་རྐུ་མ་སུ་ཡིན་ཚོད་དཔག་ཐུབ་ལྟ་བུ་གོ་སླ། གཞུང་ཆེན་མོ་རྣམས་སུ་འདི་འདྲ་བ་ཤིན་ཏུ་མང་། 4. ཚེ་སྐབས་ནི། དུས་ཙམ་སྟོན་བྱེད་ཀྱི་དང་སྒྲ་སྟེ། དཔེར་ན། ནམ་གསལ་བ་དང་ཡར་ལངས། ས་རུབ་པ་དང་ཉལ། དགྲ་སླེབས་པ་དང་འགོག་སྲུང་བྱེད་ལྟ་བུ། ཡང་། འཁར་རྔ་རྡུང་བ་དང་གྲྭ་ཇ་ཡོད་པ་ཤེས་ལྟ་བུར་ཁྱོད་ཀྱིས་རྒྱུ་མཚན་གང་ལ་བརྟེན་ནས་གྲྭ་ཇ་ཡོད་པ་ཤེས་བྱུང་ཞེས་དྲིས་པའི་ལན་དུ་སྨྲས་ན་རྒྱུ་མཚན་ཡིན་ལ། ག་དུས་ཤེས་བྱུང་དྲིས་པའི་ལན་དུ་སྨྲས་ན་ཚེ་སྐབས་ཡིན་པའང་། རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར། ། ཞེས་པ་ལྟར་ཤེས་དགོས་པ་ཡིན། 5. གདམས་ངག་ནི། སྐབས་བབ་ཀྱི་གནད་དོན་དེའི་བླང་དོར་བསླབ་བྱ་བསྟན་པའི་ངག་སྟེ་དོན་དུ་སྐུལ་ཚིག་དང་གནད་གཅིག་པ་ཡིན། དཔེར་ན། ཡར་ལོངས་དང་། མར་ཉོལ་དང་། སློབ་སྦྱོང་གྱིས་དང་ལྟ་བུ་སྟེ་སླའོ། ། (9) བདག་སྒྲ། བདག་པོ་བསྟན་པའི་ཚིག་ཕྲད་དེ། གསལ་བྱེད་སྒྲ་ནི། པ་པོ་བ་བོ་མ་མོ་ཅན་ལྡན་མཁན་བཅས་དགུ་ཡོད། དེ་དག་གི་འཇུག་ཚུལ་ནི། 1. བདག་པོ་སྤྱི་ཙམ་པ་བསྟན་པ། འགྲོ་བ། རྟ་བ། བཤད་མཁན། ཤེས་ལྡན། ཡོན་ཏན་ཅན་ལྟ་བུ། 2. ཕོ་བསྟན་པའི་བདག་སྒྲ། རྩོམ་པ་པོ། ཉན་པ་པོ། འབྲོག་པ། རོང་པ། ཞིང་པ། ལྟ་བུ། 3. མོ་བསྟན་པའི་བདག་སྒྲ་ནི། གླུ་མ། བཙུན་མ། རྒྱ་མོ། བོད་མོ། བཙུན་མོ། ལྟ་བུ། 4. བདག་སྒྲ་འཆལ་བ་ནི། ཇ་མ། བླ་མ། ལྟ་བུ། 5. བདག་སྒྲ་མིང་མཐའ་ཙམ་ལ་འཇུག་པ་ནི། རྐང་པ། ཟ་བ། རིང་པོ། རི་བོ། སྨྱུགས་མ། རི་མོ། ལོ་མ་ཅན། འདབ་ལྡན། ལྟ་བུ།

(10) དགག་སྒྲ། རང་ཉིད་གང་ལ་འཇུག་ཡུལ་གྱི་དོན་དེའི་ལྡོག་ཕྱོགས་ནས་བསྟན་པའི་ཚིག་ཕྲད་དེ། གསལ་བྱེད་སྒྲ་ནི། མ་མི་མིན་མེད་རྣམས་སོ། ། དེ་དག་གི་འཇུག་ཡུལ་ནི། 1. འདས་པ་དགག་པ། མ་སོང་། མ་བཤད། ལྟ་བུ། 2. མ་འོངས་པ་དགག་པ་ནི། མི་འགྲོ། མི་ཟ། ལྟ་བུ། 3. ད་ལྟ་བ་དགག་པ་ནི། མི་འགྲོ། མི་ཟ། ལྟ་བུ་སྟེ་སྐབས་དང་སྟོབས་ལ་སྦྱར་ནས་ཤེས་དགོས། 4. སྐུལ་ཚིག་ལ་འཇུག་པ། མ་འགྲོ། མ་ཟ། ལྟ་བུ། 5. ཚིག་དོན་གོང་འོག་གཉིས་ཀ་དགག་པ། ར་མ་ལུག། རྒྱ་མ་བོད། གསར་མིན་རྙིང་མིན། ལྟ་བུ། (12) སྤྱི་སྒྲ་ནི། སྐབས་བབ་ཀྱི་བརྗོད་དོན་དེའི་སྤྱི་ཁྱབ་ཙམ་བསྟན་པའི་ཚིག་ཕྲད་ལ་ཟེར། དེ་ཉིད་གསལ་བྱེད་ཀྱི་སྒྲ། གང་ཅི་ཇི་སུ་ནམ་ལྔ་ནི། གསུང་རབ་དང་བརྡ་སྤྲོད་ལ་གྲགས་པའི་སྤྱི་སྒྲ་ཡིན་ལ། ག་རེ། ག་དུས། ག་བར། རྣམས་ནི་ཕལ་སྐད་ལ་གྲགས་པའི་སྤྱི་སྒྲ་ཡིན། དེ་དག་གི་འཇུག་པ་རེ་རེ་བཞིན་བཤད་ན། 1. གང་སྒྲ། ཀུན་ལ་འཇུག་པའི་སྤྱི་སྒྲ་སྟེ། གང་སྒྲའི་འཇུག་ཡུལ་ནི། a. དྲི་བ་ལ་འཇུག་པ། ཁྱོད་གང་ནས་ཕེབས་སམ། b. ཐེ་ཚོམ་ལ་འཇུག་པ། སྒྲ་མི་རྟག་པའི་རྒྱུ་མཚན་གང་ཡིན་སྙམ། c. གདམ་ང་ལ་འཇུག་པ། ཅ་ལག་འདི་དག་ལས་གང་འདོད་པ་དེ་ཁུར། d. རིགས་ཅན་སྤྱི་ཁྱབ་ལ་འཇུག་པ། ཆོས་གོས་ཅན་གང་ཡིན་པ་དེ་གྲྭ་པ་ཡིན། e. བྱེ་བྲག་ལ་འཇུག་པ། གང་ལ་ཡོན་ཏན་མཆོག་མངའ་བའི་དཀོན་མཆོག་དེ་ལ། f. དཔེ་ལ་འཇུག་པ། གང་འདྲ་ཞིག་འདུག། 2. ཅི་སྒྲ། གཙོ་བོ་དོན་བརྗོད་པའི་སྤྱི་སྒྲ་སྟེ། ཅི་སྒྲ་འཇུག་ཡུལ་ནི། a. དོན་ལ་འཇུག་པ། ཅི་སླད་ཅེ་ན་འདིར་བཤད་བྱ། b. དྲི་བ་ལ་འཇུག་པ། ཁྱོད་ཀྱི་མིང་ལ་ཅི་ཞིག་ཟེར་ལེ་རེད། c. གདམ་ང་ལ་འཇུག་པ། ཅི་ཞིག་བཤད་འདོད་པ་དེ་བཞིན་ཤོད། d. ཐེ་ཚོམ་ལ་འཇུག་པ། ཅི་ཞིག་བྱས་ན་མཁས་པར་འགྱུར་རོ་སྙམ། e. དཔེ་ལ་འཇུག་པ། ཅི་འདྲ་བ་ཡི་ལས་བྱས་པ། འབྲས་བུ་དེ་འདྲ་ཉིད་དུ་འགྱུར། f. རིགས་མཐུན་སྤྱི་ཁྱབ་ལ་འཇུག་པ། ཅི་དང་ཅི་ཞིག་བཤད་པ་ལྟར། ། དེ་དང་དེ་བཞིན་སྒྲུབ་པར་ནུས། ། 3. ཇི་སྒྲ། དཔེ་ཁོ་ན་བརྗོད་པའི་སྤྱི་སྒྲ་ཏེ། འཇུལ་ཚུལ་ནི། a. གྲངས་ཀྱི་དཔེ་བརྗོད་པ། གནམ་ལ་སྐར་ཚོགས་ཇི་སྙེད་ཡོད་པ་མཚོ་ལ་བྱེ་མ་དེ་སྙེད་ཡོད། b. དུས་ཀྱི་དཔེ་བརྗོད་པ། ཇི་སྲིད་རང་དབང་མ་ཐོབ་བར། ། དེ་སྲིད་མི་ཡུལ་གང་སར་འཁྱམས། ། c. ངོ་བོའི་དཔེར་བརྗོད་པ། ཇི་ལྟར་འདུས་བྱས་ཤེས་བྱ་ཡིན་པ་ལྟར། ། དེ་ལྟར་འདུས་མ་བྱས་ཀྱང་ཤེས་བྱ་ཡིན། ། d. དངོས་པོའི་དཔེ་བརྗོད་པ། མགོ་ཇི་ཙམ་པ་ལུས་ཀྱང་དེ་ཙམ་དུ་མཆིས། e. ངང་ཚུལ་གྱི་དཔེར་བརྗོད་པ། ཁྱོད་ཀྱིས་ཇི་སྐད་གསུངས་པ་ངས་ཀྱང་དེ་སྐད་བཤད། 4. སུ་སྒྲ། གང་ཟག་ཁོ་ན་ལ་འཇུག་པའི་སྤྱི་སྒྲ་སྟེ། སུ་སྒྲ་འཇུག་ཚུལ་ནི། a. དཔེ་ལ་འཇུག་པ། དེ་སུ་འདྲ་བོ་ཞིག་འདུག b. དྲི་བ་ལ་འཇུག་པ། འཛིན་གྲྭ་ཚོགས་དུས་གཉིད་གུག་མཁན་དེ་སུ་རེད། c. ཐེ་ཚོམ་ལ་འཇུག་པ། གཉིད་གུག་མཁན་དེ་སུ་ཡིན་སྙམ། d. གདམ་ང་ལ་འཇུག་པ། སློབ་ཕྲུག་ནང་ནས་ཁྱོད་ཀྱིས་སུ་འདོད་པ་དེ་ཁྲིད། e. རིགས་མཐུན་སྤྱི་ཁྱབ་ལ་འཇུག་པ། སུ་དང་སུ་སློབ་ཕྲུག་ཡིན་པ་དེ་དང་དེས་སློབ་སྦྱོང་བྱེད་དགོས། 5. ནམ་སྒྲ། དུས་བརྗོད་པའི་སྤྱི་སྒྲ་སྟེ། འཇུག་ཚུལ་ནི། a. དྲི་བ་ལ་འཇུག་པ། དུས་ནམ་ཞིག་ལ་སློབ་གྲྭ་ཚོགས་སམ། b. ཐེ་ཚོམ་ལ་འཇུག་པ། ནམ་ཞིག་སློབ་གྲྭ་གྲོལ་བར་འགྱུར་རོ་སྙམ། c. གདམ་ང་ལ་འཇུག་པ། ནམ་ཞིག་ཕེབས་པར་འདོད་ན་དེ་བཞིན་མཛོད། d. དུས་ཙམ་ལ་འཇུག་པ། ནམ་ཞིག་རང་དབང་ཐོབ་པའི་དུས་དེ་ལ། ། བདག་ཀྱང་འདི་ན་མི་སྡོད་བོད་ལ་ལོག། ཕལ་སྐད་ཀྱི་སྤྱི་སྒྲ་དེ་དག་ཀྱང་། འདིས་རིགས་འགྲེ་ནས་འཇུག་ཚུལ་ཤེས་པར་བྱ་དགོས། (12) དེ་སྒྲ། དེ་སྒྲ། ཐ་སྙད་གསུམ་དང་དངོས་པོ་བཞི་དུས་གཉིས་ཏེ་དགུ་ལ་འཇུག་གོ ། ཐ་སྙད་ནི་རྗོད་བྱེད་སྒྲའི་ཐ་སྙད་དང་བརྗོད་བྱ་དོན་གྱི་དངོས་པོ་གཉིས་ལས། རྗོད་བྱེད་སྒྲའི་མིང་གི་ཐ་སྙད་ལ་ཟེར། དེ་ལ་ཐ་སྙད་འདས་མ་ཐག་པ་དང་། རྣམ་གྲངས་གཞན་ཅན། ཐ་སྙད་ལྷག་མ་དང་བཅས་པ་གསུམ་མོ། ། དངོས་པོ་ནི། བརྗོད་བྱ་དོན་གྱི་དངོས་པོ་སྟེ། དེ་ལ་ཡང་དངོས་པོ་བདེན་པ་དང་། དངོས་པོ་གསང་བ། དངོས་པོ་བདག་གི་བ། དངོས་པོ་ཕ་རོལ་པོ་དང་བཞི། དུས་ནི་བརྗོད་བྱའི་དངོས་ལས་ཕྱེས་པའི་དུས་ཀྱི་ཁྱད་པར་ཏེ། དབྱེ་ན། འདས་དང་མ་འོངས་གཉིས་ཏེ་བསྡོམས་པའི་དེ་སྒྲ་འཇུག་པ་དགུ་ཡོད་དོ། ། དེ་དག་གི་གོ་དོན་དང་དཔེར་བརྗོད་རིམ་པ་བཞིན། 1. ཐ་སྙད་འདས་མ་ཐག་པ་ནི། ཐ་སྙད་སྔ་མའི་མིང་ཚབ་ཏུ་འཇུག་པ་ལ་ཟེར། དཔེར་ན། གསེར་བུམ་ནི། ལྟོ་ལྡིར་བ་ཡིན་ལ། དེ་ཞབས་ཞུམ་པ་ཡང་ཡིན། དེ་རྒྱུ་གསེར་ལས་གྲུབ། དེ་མདོག་སེར་པོ་ཡིན་ལྟ་བུ། 2. རྣམ་གྲངས་གཞན་ཅན་ནི། རང་དང་རིགས་མཐུན་པའི་རྣམ་གྲངས་གཞན་བརྗོད་པ་ལ་ཟེར། དཔེར་ན། སྨྲ་ཤེས་དོན་གོ་གང་དང་གང་ཡིན་པ་དེ་དང་དེ་ནི་མི་ཡིན་ནོ་ལྟ་བུ། 3. ཐ་སྙད་ལྷག་བཅས་ནི། བསྟན་བྱ་ལྷག་མ་ཡོད་པར་བསྟན་པའི་དེ་སྒྲ་སྟེ། དཔེར་ན། ཡོད་དེ་གཞི་གྲུབ་པའི་ཕྱིར། དེད་དེ་རྗེས་ཟིན་ལྟ་བུ། 4. དངོས་པོ་བདེན་པ་ནི། སྐབས་བབ་བརྗོད་གཞི་དེའི་གནས་ལུགས་དངོས་བསྟན་པ་སྟེ། དཔེར་ན། དེ་དེ་ག་རང་རེད། རིགས་ཀྱི་བུ་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ་ལྟ་བུ། དེ་ཁོ་ན་ཉིད་དུ་གནས། ཇི་ལྟར་བཤད་པ་དེ་ལྟ་ཉིད་དུ་ངེས། དེ་བཞིན་ཉིད་ལྟ་བུས་མཚོན་ནོ། ། 5. དངོས་པོ་གསང་བ་ནི། གསང་བྱའི་དངོས་པོའི་དོན་ལ་འཇུག་པའི་དེ་སྒྲ་སྟེ། དཔེར་ན། དེ་སུ་ལའང་མ་བཤད་ལྟ་བུ། 6. དངོས་པོ་བདག་གི་བ་ནི། རང་ཉིད་ཀྱི་བདག་གིར་བཟུང་བའི་དངོས་པོ་ལ་འཇུག་པ་སྟེ། དཔེར་ན། ངའི་ཆོས་གོས་དེ་ལྟ་བུ་བདག་གི་བའི་རྫས་དང་། ངའི་ལས་ཀ་དེ་ལྟ་བུ་བདག་གི་བའི་བྱ་བ་མཚོན་པ་ལྟ་བུ། 7. དངོས་པོ་ཕ་རོལ་པོ་ལ་འཇུག་པ་ནི། རང་ལས་གཞན་ནམ་གཞན་གྱི་དངོས་པོ་ལ་འཇུག་པ་སྟེ། དཔེར་ན། མི་དེ། གྲྭ་པ་དེ་ལྟ་བུ་དངོས་པོ་གཞན་དང་། ཁོའི་རྟ་དེ། ཁྱོད་ཀྱི་ཆོས་གོས་དེ་ལྟ་བུ་གཞན་གྱི་རྫས་ལ་འཇུག་པ་ཡིན་ནོ། ། 8. དུས་འདས་པ་ལ་འཇུག་པ་ནི། དུས་འདས་ཟིན་པའི་དངོས་པོ་ལ་འཇུག་པ་སྟེ། དཔེར་ན། རྣམ་འདྲེན་བཞི་པ་འཇིག་རྟེན་ལ་བྱོན་པའི་དུས་དེ་ལ། ལྟ་བུ། 9. དུས་མ་འོངས་པ་འཇུག་པ་ནི། འབྱུང་འགྱུར་གྱི་དངོས་པོ་ལ་འཇུག་པ་སྟེ། དཔེར་ན། མ་འོངས་རང་བཙན་ཐོབ་པའི་དུས་དེ་ལ། བདག་འཆི་བའི་དུས་དེ་ནམ་ཞིག་ཡིན། རྣམ་འདྲེན་ལྔ་པ་འཇིག་རྟེན་ན་བྱོན་པའི་དུས་དེ། ལྟ་བུས་མཚོན་ནོ། ། 10. ལྐོག་འགྱུར་ལ་འཇུག་པ་ནི། ལྐོག་ཏུ་གྱུར་པའི་གཞིའི་ཚབ་མཚོན་ལ་འཇུག་པ་སྟེ། དཔེར་ན། དེ་མི་ཤེས་ལྟ་བུ། 11. རིང་བ་ལ་འཇུག་པ་ནི། སྨྲ་བ་པོ་དང་ལྟོས་གྲུབ་ཀྱིས་ཐག་རིང་བའི་དངོས་པོའི་ཚབ་མཚོན་ཏེ། དཔེར་ན། ཨ་རིའི་མི་དེ་ཚོ་ལྟ་བུ། 12. དངོས་པོ་ད་ལྟ་བ་ལ་འཇུག་པ་ནི། ད་ལྟ་བའི་ཁྱད་པར་དུ་བྱས་པའི་དངོས་པོ་ལ་འཇུག་པ་སྟེ། འགྲོ་བཞིན་པའི་མི་དེ་ལྟ་བུ། དེ་སྒྲ་མི་འཇུག་པ་ནི། དུས་ཀྱི་དབང་དུ་བྱས་ན་ད་ལྟ་བ་དང་། དངོས་པོའི་དབང་དུ་བྱས་ན་བདག་དང་། མངོན་ལྐོག་གཉིས་ལས་མངོན་གྱུར། ཉེ་རིང་གཉིས་ལས་ཉེ་བ་བཅས་པ་མི་འཇུག་པ་ཡིན། དེ་དག་གི་ཚབ་ལ་འདི་སྒྲ་སྦྱར་དགོས། (13) འདི་སྒྲའི་ཚིག་ཕྲད་ནི། དངོས་པོ་བདག་གི་བ་དང་། ཉེ་བ། མངོན་འགྱུར། དུས་ད་ལྟ་བ་བཅས་པ་འཇུག་པ་ཡིན། དེ་དག་གི་དཔེར་བརྗོད་ན། 1. བདག་གི་བ་ལ་འཇུག་པ་ནི། ངའི་ལག་པའི་ནང་གི་ཅ་ལག་ལ་འདི་དང་། ཁྱེད་ཀྱི་ལག་པའི་ནང་གི་ཅ་ལག་ལ་དེ་ཞེས་པ་ལྟ་བུ། 2. དངོས་པོ་ཉེ་བར་འཇུག་པ། རིང་བ་ལ་ལྟོས་ནས་འཇོག་སྟེ། ངའི་འཁྲིས་ན་ཡོད་པའི་མི་འདི། རྒྱ་གར་གྱི་མི་འདི་ཚོ་ལྟ་བུ་ཡུལ་ལ་ལྟོས་ནས་ཉེ་བ་དང་། 3. མངོན་སུམ་ལ་འཇུག་པ་ནི། བློ་ལ་ལྟོས་ནས་ཉེ་བ་སྟེ། འདི་བུམ་པའོ། ། བུམ་པ་མི་རྟག་པའི་རྒྱུ་མཚན་འདིའོ་ལྟ་བུ། རང་གིས་ཤེས་པ་ལ་འདི་དང་མི་ཤེས་པ་ལ་དེ་ཞེས་པ་ལྟ་བུ་ཡིན་ནོ། ། 4. ད་ལྟ་བར་འཇུག་པ་ནི། འདས་པ་དང་མ་འོངས་པར་ལྟོས་ནས་དུས་ཀྱི་ཉེ་བའི་ཆར་འཇུག་པ་སྟེ། བསྐལ་པ་འདི། དུས་རབས་འདི། མི་རབས་འདི། ལྟ་བུ། རང་ཉིད་ཀྱིས་བློས་ཡུལ་ལ་འཇུག་པ་ཉེ་བ་དག་ལ་ཟེར་རོ། ། འདི་སྒྲ་མི་འཇུག་པ་ནི། མངོན་ལྐོག་གཉིས་ལས་ལྐོག་ཏུ་གྱུར་པ་དང་། ཉེ་རིང་གཉིས་ལས་རིང་བ་དང་། དུས་གསུམ་ལས་འདས་པ་དང་མ་འོངས་པ་ལ་མི་འཇུག་གོ།

(14) ད་སྒྲ། ད་ལྟ་བའི་མཚམས་སྦྱོར་བྱེད་ཀྱི་སྒྲ་སྟེ། ད་ལྟ་བ་འཇུག་ཅིང་། འདས་པ་དང་མ་འོངས་པ་ལ་མི་འཇུག 1. ད་ལྟ་བ་ལ་འཇུག་པ། དཔེར་ན། སེམས་བསྐྱེད་བཅུ་བཤད་ཟིན་ནས་ད་ནི་གདམས་ངག་བཤད་པར་བྱ་སྟེ་ལྟ་བུ། ཁ་ཅིག་མ་འོངས་པར་ད་སྒྲ་འཇུག་སྟེ། ད་ནས་བཟུང་སྟེ་ལྟ་བུ་དཔེར་བཀོད་པ་མི་འཐད་དེ། ད་ནས་བཟུང་སྟེ་ཞེས་པ་ནི་ད་ལྟ་ནས་བཟུང་སྟེ་ཞེས་པའི་བསྡུས་མིང་ཡིན་པས་དེས་འགོ་འཛུགས་བྱེད་པའི་སྐབས་སམ་དུས་དེ་ད་ལྟ་བ་བསྟན་པ་ལས་མ་འོངས་པ་མི་སྟོན་པའི་ཕྱིར། ཞེས་སོ། ། (15) ཉིད་སྒྲ། གཞན་ལྡན་རྣམ་གཅོད་དང་། མི་ལྡན་རྣམ་གཅོད། ངེས་གཟུང་བ་དང་། དངོས་པོའི་ངོ་བོ་མཚོན་བྱེད་བཅས་ལ་འཇུག་སྟེ། དེ་དག་གི་དཔེ་མཚོན་ཙམ་བགྲང་ན། 1. གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ནི། འཛིན་གྲྭའི་ནང་བློ་བཟང་ཉིད་རྒྱ་ཡིག་ལ་མཁས། ལྟ་བུ། 1. མི་ལྡན་རྣམ་གཅོད་ནི། བློ་བཟང་རྒྱ་སྐད་མཁས་པ་ཁོ་ནའོ། ། 2. ངེས་གཟུང་ནི། ཆོས་ཕྱི་མ་གཞི་དེ་དང་ངོ་བོ་ཐ་མི་དད་པ་བསྟན་པའི་སྒྲ་སྟེ། དཔེར་ན། ཨུཏྤལ་ཉིད་སྔོན་པོ་ལྟ་བུ། གཅིག་ཚིག་ལ་ཉིད་དང་། གཉིས་ཚིག་ལ་ཨུཏྤལ་དག མང་ཚིག་ལ་ཨུཏྤལ་རྣམས་ཞེས་འབྲི་དགོས་པ་ཡིན། དེས་ན་འདིའི་ཉིད་སྒྲ་ནི་གཅིག་ཚིག་གསལ་བྱེད་ཀྱི་ཚིག་ཕྲད་ཙམ་ཡིན། དཔེར་ན། བུམ་པ་ཉིད། ཀ་བ་ཉིད། བུམ་པ་དག ཀ་བ་དག བུམ་པ་རྣམས། ཀ་བ་རྣམས་ཞེས་པས་གསལ་བར་མཚོན་ནུས་སོ། ། 3. དངོས་པོའི་ངོ་བོ་མཚོན་བྱེད་ནི། སྲ་བའི་དངོས་པོ་ལ་སྲ་བ་ཉིད་དང་། ཆུ་ལྟ་བུ་ལ་གཤེར་བ་ཉིད་ཅེས་པ་ལྟ་བུ། དངོས་པོ་དེའི་ངོ་བོ་མཚོན་བྱེད་ཙམ་ལས་དངོས་ཤུགས་ཀྱི་གོ་བྱ་གཞན་གང་ཡང་མེད། 4. ཚིག་ཁ་སྐོང་བྱེད་ཙམ་དུའང་འཇུག་པར་སྣང་སྟེ། དཔེར་ན། རྐྱེན་ལས་བྱུང་བའི་འདུས་བྱས་ཉིད། ། འཇིག་པའི་ཆོས་ཅན་ཉིད་དུ་གྲུབ། ། ཅེས་པ་ལྟ་བུའི་ཉིད་སྔ་མ་ཚིག་ཁ་སྐོང་བྱེད་ཙམ་དུ་འཇུག་པས་སོ། ། ། (འཇུག་ཚུལ་རྒྱས་པ་ཁོ་བོས་བྲིས་པའི་སྨྲ་སྒོའི་འགྲེལ་བར་གཟིགས) ། (16) ཁོ་ནའི་སྒྲ། གང་ཞིག་རྣམ་པར་གཅོད་པའི་སྒོ་ནས་ངེས་གཟུང་བའི་ཚིག་ཕྲད་དེ། སྨྲ་སྒོ་ལས་འཇུག་པ་དྲུག་ཏུ་བཤད་ཀྱང་ཉེ་བར་མཁོ་བ་ནི་གཉིས་ཏེ། གཞན་ལྡན་རྣམ་གཅོད་དང་མི་ལྡན་རྣམ་གཅོད་གཉིས་སོ། ། དེ་དག་གི་གོ་དོན་དང་དཔེར་བརྗོདནི། 1. གཞན་ལྡན་རྣམ་གཅོད་ཀྱི་སྒྲ་ནི། གཞན་ལ་ལྡན་པ་རྣམ་པར་གཅོད་པ་སྟེ། འཛིན་གྲྭའི་ནང་བློ་བཟང་ཁོ་ན་རྒྱ་ཡིག་ལ་མཁས། ལྟ་བུ། 2. མི་ལྡན་རྣམ་གཅོད་ནི། གཞན་ལ་ལྡན་པ་མི་གཅོད་པའི་སྒོ་ནས་ངེས་གཟུང་བ་ལ་ཟེར། བློ་བཟང་རྒྱ་སྐད་མཁས་པ་ཁོ་ནའོ། ། (འཇུག་ཚུལ་རྒྱས་པ་ཁོ་བོས་བྲིས་པའི་སྨྲ་སྒོའི་འགྲེལ་བར་གཟིགས) ། (17) ཙམ་སྒྲ། ཚོད་འཛིན་པའི་ཚིག་ཕྲད་དེ། དེའི་འཇུག་ཡུལ་ནི། 1. གཟུགས་ཀྱི་ཚོད་འཛིན་པ། རི་བོ་ཙམ། ཁབ་རྩེ་ཙམ། ལྟ་བུ། 2. དངོས་པོའི་ཚོད་འཛིན་པ། མགོ་ཙམ་ལ་མིག་རྣ་ལྡན། 3. གྲངས་ཀྱི་ཚོད་འཛིན་པ། མི་བཅུ་ཙམ་འདུས། ལྟ་བུ། 4. དུས་ཀྱི་ཚོད་འཛིན་པ། ལོ་གཅིག་ཙམ་ཕྱིན། ལྟ་བུ། 5. ངོ་བོའི་ཚོད་འཛིན་པ། དོན་བྱེད་ནུས་པ་ཙམ་ལ་དངོས་པོ་ཟེར། 6. བྱ་བའི་ཚོད་འཛིན་པ། འཚོང་རྒྱག་པ་ཙམ་གྱིས་ཕྱུག་པོ་ཆགས། 7. ཡོན་ཏན་གྱི་ཚོད་འཛིན་པ། གསལ་བ་ཙམ་ལ་འོད་ཀྱི་རང་བཞིན་ལྡན། 8. གཞན་བཀག་པ། རྟོག་པས་བཏགས་ཙམ། མཐོང་རེག་བཀག་ཙམ། སེམས་ཙམ། ལྟ་བུ། (18) བཞིན་སྒྲ། བཞིན་ལ་སོགས་པའི་ཚིག་ཕྲད་ཀྱི་འཇུག་པ་ནི། མ་ནོར་བ་དང་། ཡིན་པ་དང་། འདྲ་བ་དག་ཏུ་འཇུག་པ་ཡིན་ནོ། དེ་དག་ལ་འཇུག་པའི་དཔེ་ནི། 1. བཞིན་སྒྲ་བདེན་པའི་དོན་ཅན་ལ་འཇུག་པ་ནི། རིགས་ཀྱི་བུ་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ལྟ་བུ། 2. བཞིན་སྒྲ་མ་ནོར་བ་ལ་འཇུག་པ་ནི། གནས་ལུགས་དངོས་ལ་འཇུག་པ་སྟེ། དེ་བཞིན་ཉིད། ལྟ་བུ། 3. བཞིན་སྒྲ་ཡིན་པ་ལ་འཇུག་པ་ནི། དེ་དེར་ངོ་འཕྲད་བྱེད་ལ་འཇུག་པ་སྟེ། ཚུལ་བཞིན་ཡིད་ལ་བྱེད། དེ་བཞིན་དོན་ལ་གནས། ཇི་ལྟ་བ་བཞིན་དུ་ལྟ་བུ། 4. འདྲ་བ་སྦྱོར་བ་ནི་མཚུངས་པ་གསལ་བྱེད་དེ། དཔེར་ན། ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་གདོང་། ། ལྟ་བུ། ལྟར་དང་། ལྟ་བུ། ཇི་ལྟར། འདྲ། མཚུངས་སོགས་ཕལ་ཆེ་བར་བཞིན་སྒྲ་དང་འཇུག་པ་འདྲ་བ་ཡོད་དེ། དཔེར་ན། ཁྱོད་བཞིན་ལ་ཁྱོད་ལྟར། ཁྱོད་ཇི་བཞིན་ལ་ཁྱོད་ལྟ་བུ་དང་ཁྱོད་ཇི་ལྟ་བུ། ཁྱོད་བཞིན་ལ་ཁྱོད་འདྲ་དང་ཁྱོད་དང་མཚུངས་ལྟ་བུས་མཚོན་ནས། མེ་ལོང་མ་ལས་བྱུང་བའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཕལ་ཆེ་བ་འདི་དང་སྦྱོར་རུང་ངོ་། ། དེ་དག་གི་རྣམ་གསལ་དཔེར་བརྗོད་འགའ་ཞིག་འགོད་ན། 1. ལྟར་སྒྲ་ནི། ཁྱོད་ཀྱི་ཞལ་ལྟར་ནམ་མཁའི་ཟླ་བ་དཀར། ། ལྟ་བུ། 2. ལྟ་བུའི་སྒྲ་ནི། ཟླ་བ་ལྟ་བུའི་ཞལ་རས་མཛེས། ། ལྟ་བུ། 3. ཇི་ལྟར་ནི། ཟླ་བ་ཇི་ལྟར་ཁྱོད་ཀྱི་ཞལ་དེ་ལྟར། ། ལྟ་བུ། 4. བཞིན་སྒྲ་ནི། ཁྱོད་ཀྱི་གདོང་ནི་པདྨ་བཞིན། ། ལྟ་བུ། 5. མཚུངས་སྒྲ་ནི། ཁྱོད་ཞལ་པདྨ་ཉིད་དང་མཚུངས། ། ལྟ་བུ། 6. འདྲ་བ་ནི། ཁྱོད་ཞལ་པདྨ་ཉིད་དང་འདྲ། ། ལྟ་བུ། དེ་ལ་སོགས་པ་རྒྱ་ཆེར་ཤེས་པར་བྱའོ། ། (19) ཚུལ་སྒྲ། ཐབས་དང་། རང་བཞིན། ཟོལ་ཙམ། འདྲ་བ་བཅས་ལ་འཇུག་སྟེ། དེ་དག་གི་དཔེ་མཚོན་ཙམ་ནི། 1. ཐབས་ལ་འཇུག་པ་ནི། བྱ་སྤྱོད་སྤེལ་སྟངས་ཀྱི་ཁྱད་པར་ཏེ། འགྲོ་ལུགས། འདུག་སྟངས། བཤད་ཐབས་ལྟ་བུར། འགྲོ་ཚུལ་འདུག་ཚུལ། བཤད་ཚུལ་ཅེས་སྦྱོར་བ་དང་དོན་འདྲ་བའོ། ། 2. རང་བཞིན་ལ་འཇུག་པ་ནི། བྱ་དངོས་རང་རང་གི་ངོ་བོ་བསྟན་བྱེད་ཙམ་སྟེ། སྡོམ་པ་ཚུལ་བཞིན་སྲུང་། ལྟོ་ལྡིར་པ་བུམ་པའི་རང་ཚུལ་ཡིན། ལྟ་བུ། 3. ཟོལ་ལ་འཇུག་པ་ནི། དངོས་གནས་མིན་པ་ལ་ཡིན་པའི་བཟོ་བསྟན་པའི་སྒྲ་སྟེ། མ་ཡིན་ཡིན་ཚུལ་བྱེད། སྨྱོས་པ་མ་ལགས་སྨྱོས་པའི་ཚུལ། ལྟ་བུ། 4. འདྲ་བ་ལ་འཇུག་པ་ནི། མཚུངས་པ་གསལ་བྱེད་ཀྱི་སྒྲ་སྟེ། བདག་སེམས་དྭངས་གཙང་ནམ་མཁའ་ལ། ། ཁྱོད་ཞལ་ཟླ་བའི་ཚུལ་དུ་འཆར། ། ལྟ་བུ། (འཇུག་ཚུལ་རྒྱས་པ་ཁོ་བོས་བྲིས་པའི་སྨྲ་སྒོའི་འགྲེལ་བར་གཟིགས) །

(20) བཅས་སྒྲ། བཅས་ཞེས་པ་འདི་ནི། ཚིག་གྲོགས་ལ་བརྟེན་ནས་དོན་དུ་མར་འཇུག་པར་འགྱུར་ཏེ། ཅིག་ཅར་རམ་མཉམ་དུ། ལྡན་པའམ་ཡོད་པ། རྫོགས་པའམ་མ་ལུས་པ། ཡོན་ཏན་ནམ་ཁྱད་ཆོས། ཚང་པའམ་འདུས་པ་སོགས། གོ་ས་མང་དུ་ཡོད་པ་དེ་དག་གི་དཔེ་མཚོན་རེ་གཉིས་ཞུ་ན། 1. མཉམ་དུའམ་ལྷན་ཅིག་པའི་དོན་ལ་འཇུག་པ། སྐྲ་དང་བཅས་ཏེ་མགོ་ནས་བཟུང་། ལྟ་བུ། 2. ལྡན་པའམ་ཡོད་པའི་དོན་ལ་འཇུག་པ། ལན་བུ་བཅས་པའི་གདོང་མཛེས་ལྡན། ལྟ་བུ། 3. རྫོགས་པའམ་མ་ལུས་པ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ལྟ་བུ། 4. ཁྱད་ཆོས་སམ་ཡོན་ཏན་ལ་འཇུག་པ། མགྲིན་དང་བཅས་པ་སྔོན་པོ་ཅན་ལྟ་བུ། 5. ཚང་བའམ་འདུས་པའི་དོན་ལ་འཇུག་པ། ལྷ་དང་བཅས་པ་ལྟ་བུ། 6. འདྲ་བའི་དོན་ལ་འཇུག་པ་ནི། སྙན་ངག་མེ་ལོང་ལས་བྱུང་བའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་སྟེ། དབྱངས་ཅན་དགྱེས་གླུ་ལས། ཉེ་རིང་མེད་པར་ཀུན་ཁྱབ་ཐུགས་རྗེ་འདི༎ནམ་མཁའི་ནོར་བུའི་འོད་ཀྱི་རང་བཞིན་བཅས༎ལྟ་བུ་དང་། ཡང་ན། ཟོལ་མེད་ལྷག་བསམ་དཀར་བའི་ཚུལ༎ཀེ་ལ་ཤ་ཡི་མདངས་དང་བཅས༎ ལྟ་བུ། དེས་ན། ཕུང་པོར་བཅས་ཞེས་པར། ཕུང་པོར་བཅས་པ་མྱ་ངན་འདས་ཞེས་བརྗོད་ན། ཕུང་པོ་དང་ལྷན་ཅིག་ཏུ་ཞེས་པའི་དོན་ཡིན། ཕུང་པོར་བཅས་པ་མི་རྟག་གོ་ཞེས་བརྗོད་ན། ཕུང་ཁམས་སྐྱེ་འཆེད་ཀུན་མི་རྟག་པའི་དོན་དུ་གོ། འདིའི་གནད་རགས་ཙམ་མཁྱེན་པ་ལ་ཚིག་སྡུད་ཀྱི་སྐོར་ཕྱོགས་ཙམ་ཤེས་དགོས། (21) སོགས་སྒྲ། སོགས་ཀྱི་སྒྲ་ནི་སྐད་གསར་བཅད་རིམ་པ་གསུམ་པའི་སྐབས་ལསྩོགས་པའི་དོན་བསྡུས་ནས། ལ་སོགས་པར་གྱུར་པ་ཡིན། འདི་ཉིད་ཐམས་ཅད་སྡུད་པའི་དོན་ཅན་དུ་འཇུག་སྟེ། དེ་ཡང་གཟུགས་སོགས་ལྟ་བུ་བསྡུ་བྱའི་ཆོས་ཀྱི་མིང་ཚིག་ཐོག་མ་དེའི་འོག་ཏུ་སྦྱར་བ་ན་བསྡུ་བྱའི་ཆོས་ཀྱི་མཐའ་མ་རྣམ་མཁྱེན་བར་ཐམས་ཅད་གོ་ནུས་པའི་ཐམས་ཅད་སྡུད་པ་ཞེས་བྱ། 1. གཟུགས་སོགས་ལྟ་བུ་ཐམས་ཅད་བསྡུ་བ། 2. མི་སོགས་ལྟ་བུ་སྐྱེ་འགྲོ་ཐམས་ཅད་བསྡུ་བ། 3. བུམ་པ་སོགས་ལྟ་བུ་དངོས་པོ་བསྡུ་བ། 4. ལག་པ་སོགས་ལྟ་བུ་ཡན་ལག་ཙམ་བསྡུ་བ། 5. ཕུང་སོགས་ལྟ་བུ་རིགས་མཐུན་གྱིས་དངོས་པོ་ཀུན་བསྡུ་བའི་དོན་ཅན་དུ་འཇུག་པ་རྣམས་ཀྱང་བྱེ་བྲག་ཏུ་བཀར་ནས་མཁྱེན་པར་མཛོད་དགོས། སྨྲ་སྒོ་ལས་འབྱུང་བ་ལྟར་ན། ད་དུང། 6. འབྲེལ་པའི་ཡན་ལག་བསྡུ་བ་ནི། ལུས་ལ་སོགས་པའི་དབང་པོ་ཞེས་བྱ་བ་ལྟ་བུ། 7. གོ་རིམས་ཀྱི་ཡན་ལག་བསྡུ་བ་ནི། གཟུགས་ལ་སོགས་པའི་དབང་པོ་ཞེས་བྱ་བ་ལྟ་བུ། 8. དོན་གྱི་ཡན་ལག་བསྡུ་བ་ནི། འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་ལྟ་བུ། 9. འཇིག་རྟེན་ན་གྲགས་པའི་ཡན་ལག་བསྡུ་བ་ནི། ཀ་བ་བུམ་པ་ལ་སོགས་པ་ལྟ་བུ་དངོས་པོའི་ཁྱད་པར་ཅན་རྣམས་སོ། ། 10. བསྟན་བཅོས་ལ་གྲགས་པ་ནི། འཆད་པ་ལ་པ་སོགས་པ་ལྟ་བུ་བྱ་བའི་ཁྱད་པར་ཅན་རྣམས་སོ། ། དེ་ལས་གཞན་ཡང་། 11. རིགས་བསྡུ་བ་ནི། རྒྱལ་པོ་ལ་སོགས་པ་སོགས་པའི་མི་རྣམས། 12. ཡོན་ཏན་བསྡུ་བ་ནི། དཀར་བ་ལ་སོགས་པའི་གངས་རིའི་ཁྱད་ཆོས། 13. རྫས་བསྡུ་བ་ནི། ཆོས་གོས་ལ་སོགས་པའི་རབ་ཏུ་བྱུང་བའི་ཡོ་བྱད་ལྟ་བུ་དག་ཀྱང་ཞིབ་ཚགས་ཀྱི་ལུགས་སུ་བྱས་ནས་ཤེས་དགོས། (22) ཟུར་ཟའི་ཚིག་ཕྲད། གྲགས་ཚད་ཙམ་ལས་དོན་དངོས་མིན་པའམ་མ་རངས་པ་བརྗོད་པའི་ཚིག་ཕྲད་དེ། གསལ་བྱེད་སྒྲ་ནི། ལོ་གྲག་ཟེར་གསུམ་མོ། དཔེ་མཚོན་ཙམ་བཀོད་ན། 1. ལོ་སྒྲ་ནི། མདོ་སྔགས་གཞུང་དོན་ཚིག་ཙམ་མི་མཁྱེན་ཡང་༎ ནག་ཆང་ཤ་གསུམ་སྤྱད་སྟངས་གཞན་ལས་མཁས༎ ཤི་གསོན་གཉིས་ཀྱི་འབྱོར་ལྡན་ཁྲལ་སྡུད་མཁན༎ ཟ་འདྲེ་འདི་ཚོ་སྤྲུལ་སྐུ་ཡིན་ནོ་ལོ༎ 2. གྲག་སྒྲ་ནི། ཐོས་པའི་མན་ངག་རྣ་བའི་ལམ་ན་མེད༎ རིག་པས་དཔྱོད་པའི་སྐྱེས་སྟོབས་ཤེས་རབ་མེད༎ རྒྱུ་མེད་འབྲས་ལ་རེ་བའི་ཡ་མཚན་ཅན༎ བླུན་རྒན་འགའ་ལ་གྲུབ་པའི་སྐྱེས་ཆེན་གྲག༎ 3. ཟེར་སྒྲ་ནི། ཁ་དོག་དཀར་དམར་རྩོད་པའི་རིགས་ལམ་མེད༎ བསྐྱེད་རྫོགས་ཉམས་ལེན་བྱེད་པའི་མན་ངག་མེད༎ ཐལ་སྐམ་རིགས་པས་མི་ཚེ་སྟོང་པ་འགར༎ མདོ་སྔགས་གཞུང་བརྒྱ་སྨྲ་བའི་དགེ་བཤེས་ཟེར༎ (23) མང་ཚིག་གསལ་བྱེད། མང་ཚིག་གསལ་བྱེད་ཀྱི་ཚིག་ཕྲད་ནི། དག་དང་། རྣམས། ཐམས་ཅད། མ་ལུས་པ། མཐའ་དག། ཅོག། བཅས་ཡིན། དེ་ལས་གཞན་ཡང་གསུང་རབ་ལས་འབྱུང་བའི་། ཟུང་དང་། སོགས། ཡོངས་རྫོགས། རྣམས་ཀྱང་མང་ཚིག་གསལ་བྱེད་ཡིན་ལ། ཁ་སྐད་ཙམ་ལ་ནི། ཚང་མ་ལྟ་བུ་ཡང་མང་ཚིག་གསལ་བྱེད་ཀྱི་སྒྲ་ཡིན། དེ་དག་གི་འཇུག་ཚུལ་ནི། (1) དག་དང་ཟུང་གི་སྒྲ་ནི། གཉིས་ཚིག་གསལ་བྱེད་དེ། བུམ་པ་དག། མིག་དག། རྣ་བ་ཟུང་ལྟ་བུ། (2) རྣམས་སྒྲ་ནི། གསུམ་ཡན་ཆད་གསལ་བྱེད་ཀྱི་སྒྲ་སྟེ། ལྷ་རྣམས། མི་རྣམས་ལྟ་བུ། (3) ཐམས་ཅད་ནི། ཧ་ཅང་མང་པོ་གསལ་བྱེད་དེ། མི་ཐམས་ཅད། ལྟ་བུ། (4) མ་ལུས་པ་སོགས་ནི། ཕྱོགས་གཞན་གཅོད་པའི་མང་ཚིག་སྟེ། འགྲོ་མ་ལུས་ལས་ལས་གྲུབ་པ་གསུངས། ། ཁྱོད་ཀྱི་ཡོན་ཏན་མཐའ་དག་སུས་བརྗོད་ནུས། རྒྱལ་བའི་བཀའ་བསྟན་འགྱུར་རོ་ཅོག། ཡོངས་རྫོགས་བསྟན་པའི་མངའ་བདག། ལྟ་བུ། (5) ཚང་མ་ནི། གསུང་རབ་ཀྱི་བརྡ་ཆད་ལས་མི་འབྱུང་མོད། ཁ་སྐད་ལ་རྒྱུག་ཆེ་བའི་ཐམས་ཅད་དང་དོན་འདྲ། དཔེར་ན། མི་ཚང་མ་ལྟ་བུ། (24) བྱ་ཚིག་ད་ལྟ་བ་ལ་འཇུག་པའི་ཚིག་ཕྲད། གིན་སོགས་བྱ་ཚིག་ད་ལྟ་བ་བསྟན་བྱེད་དུ་འཇུག་པ་སྟེ། འདི་ནི་གསུང་རབ་ཀྱི་བརྡ་ཆད་ན་མི་སྣང་ཡང་། གྲོང་ཚིག་ཁྲོད་ནས་ཆེས་ཁུག་ཁུག་ཀྱོག་ཀྱོག་གི་ལོག་སྐད་ལྟ་བུ་ཞིག་མིན་པར། ཅུང་ཟད་ཁྱབ་ཆེ་བའི་ཕལ་སྐད་ཀྱི་ཚིག་ཕྲད་ཅིག་ཡིན་པས། མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་ལྟ་བུས་ཀྱང་བརྡ་ཆད་འདི་ཚོ་སྤྱད་དུ་ཡོད་པ་མ་ཟད། དུས་ཕྱིས་བརྡ་སྤྲོད་ཀྱི་གཞུང་རྩོམ་མཁན་ཁ་ཅིག་གིས། གིན་སོགས་ད་ལྟ་བར་འཇུག་པའི་ས་བཅད་དང་དོན་ཚན་བྱས་ནས་དཔེར་བརྗོད་ཀྱང་བཀོད་ཡོད། འདིར་ཡང་དཔེར་བརྗོད་ཙམ་འགོད་ན། 1. རང་དང་འབྲེལ་བའི་བྱ་ཚིག་ད་ལྟ་བ་ལ་འཇུག་པ། ལག་པ་རྐྱང་གིན་འགྲོ། ལས་ཀ་ལས་ཀྱིན་ཡོད། སྐད་ཆ་གོ་ཡིན་འདུག་ལྟ་བུ། 2. གཞན་དང་འབྲེལ་བའི་བྱ་ཚིག་ད་ལྟ་བ་ལ་འཇུག་པ། དགག་པ་རྒྱག་གིན་འགྲེལ་བརྗོད་གནང་། མདའ་བརྒྱབ་ཀྱིན་འདུག སྐད་ཆ་གོ་ཡིན་འདུག་ལྟ་བུ། བར་ལམ་ནས་དབུས་སྐད་ཀྱི་ཤན་ཤུགས་ཐེབས་ཏེ། འགྲོ་གི་ཡོད་ལྟ་བུ་འབྲི་བའི་སྲོལ་དར། རྡོ་རྗེ་རྒྱལ་པོས་གཞོན་སྐྱེས་སྒྲ་བསྒྱུར་སྡེ་ཚན་ཁག་གཅིག་ལ། ཕལ་སྐད་ཐོག་ནས་བསྒྱུར་ན་གོ་བདེ་བས་དེ་དག་རང་སོར་བཞག་དགོས་གསུངས་པ་བཞིན། ད་ལྟའི་བར་གཞིས་ཕྱོགས་སུ་དེ་ལྟར་འབྲི་བཞིན་ཡོད།

(25) ཚིག་ཕྲད་ཞིང་སོགས། ཚིག་ཕྲད་ཞིང་སོགས་ནི་སྨྲ་སྒོར། ཅིང་གི་སྒྲ་འབྱུང་བ་ལ་དཔེར་བལྟས་ནས་གསུང་རབ་ལས་འབྱུང་བའི་ཞིང་སོགས་ཚིག་ཕྲད་བཅོ་ལྔ་ཕྱོགས་གཅིག་ཏུ་བསྒྲིགས། དུས་ཕྱིས་གསལ་རིག་གི་ཤེས་པ་དང་ཚིག་ཕྲད་ཀྱི་ཤེས་དབར་མི་ནོར་བའི་ཆེད་དེ་ཉིད་ཞེས་ལ་བསྒྱུར་ཏེ། ཕྲད་བཅུ་བཞིར་ངེས་པར་བྱས། དེ་དག་གི་འཇུག་ཚུལ་ནི། 1. ཅིང་ཞིང་ཤིང་གསུམ་ནི། ལྷག་བཅས་ལ་འཇུག་པ། མིག་གིས་ལྟ་ཞིང་འགྲོ་ལྟ་བུ། 2. ཅིག་ཞིག་ཤིག་གསུམ་ནི་གཅིག་ཚིག་དང་སྐུལ་ཚིག་ལ་འཇུག a. གཅིག་ཚིག་ལ་འཇུག་པ། མི་ཞིག་འདུག། སྟག་ཅིག་མཐོང་། ལས་ཤིག་སྒྲུབ། ལྟ་བུ། b. སྐུལ་ཚིག་ལ་འཇུག་པ། ཟོ་ཞིག། སོད་ཅིག། རྒྱུགས་ཤིག། ལྟ་བུ། 3. ཅེའོ་ཞེའོ་ཤེའོ་གསུམ་ནི། ཟེར་རོ་དང་དོན་འདྲ། མི་རྟག་ཅེ་འོ། ། གཟུགས་མཐོང་ཞེ་འོ། ། ཆོས་ཤེས་ཤེའོ། ། ལྟ་བུ། 4. ཅེ་ན་ཞེ་ན་ཤེ་ན་གསུམ་ནི། ཟེར་ན་དང་འདྲ། སྒྲ་རྟག་ཅེ་ན། ཡིན་ཞེ་ན། ཆོས་ཤེ་ན་གང་། ལྟ་བུ། དེ་དག་ཀྱང་གཙོ་བོ་རང་གིས་རང་ཉིད་ལ་འདྲི་བའི་ཐ་ཚིག་ཡིན། 5. ཅེས་ཞེས་གཉིས་ནི། དེ་སྐད་ཅེས་ཞེས་པ་དང་དོན་འདྲ། གཟུགས་ཞེས་བྱ་བོ། རྟག་ཅེས་ཟེར་རོ། ལྟ་བུ།

(26) ཕྲད་དུ་མ་འདུས་པ་ནི། ཚིག་ཕྲད་གཉིས་ཡན་ཆད་འདུས་པ་སྟེ། དཔེ་རྣམ་གསལ་ཅན་འགའ་ཞིག་བགྲང་ན། (1) ཕྲད་གཉིས་འདུས་ཅན་ནི། གང་དགཅེ་ན། དེ་ནི། ད་ནི། ཚེ་ན། ཞེ་ན། ཅེའོ། ཞེའོ། ཤེའོ། དེ་སླད། ཇི་ལྟར། དེ་ལྟར། གང་ན། དེ་ན། གང་ཡང༌། དེ་ཡང༌། འདི་ཡང༌། གང་ཞིགགང་ལ། ཅི་ཡང༌། འོ་ན། ལྟ་བུ། (2) ཕྲད་གསུམ་འདུས་ཅན་ནི། འོན་ཀྱང༌། གང་གི་ན། སུ་ཞིག་གོ། ཇི་ལྟར་ན། གང་སུ་དགཅི་ཞེ་ན། ཅི་ཞིག་ལྟ། གང་ཞེ་ན། དེ་ཙམ་ན། གང་ལ་ཅི། ཅན་ཞིག་སུ། དེ་ལྟ་ན། འོ་ན་ཡང༌། གང་ལ་ལ། ཅི་ལ་ཡང༌། སུ་ཞིག་ཀྱང༌། དེ་དག་ཀྱང༌། ལྟ་ཅི་ཞིགལྟ་བུ། (3) ཕྲད་བཞི་འདུས་ཅན་ནི། ཇི་སྙེད་སུ་དགགང་ན་སུ་ཞིགགང་དང་གང་ལ། དེ་དང་དེ་ལ། ཇི་ལྟར་ཇི་སྙེད། གང་ཞིག་གང་གི་ཡང་ནས་ཡང་དུ། སུ་དང་གང་ལ། གང་གང་དེ་ནི། དེ་དང་དེ་ནི། ཅི་སླད་ཅེ་ན། འདི་ཞེས་ཞེའོ། དེ་ལྟ་ན་ཡང༌། ཅི་སྙམ་ན་སྟེ། དེ་ཅི་སྟེ་ན། དེ་ཁོ་ན་ཉིད། དེ་ཙམ་ལ་ནི། ཅི་ཞིག་ལའོ། ལྟ་བུ། (4) ཕྲད་ལྔ་འདུས་ཅན་ནི། ཇི་སྙེད་སུ་དག་ལ། གང་དང་གང་ཞིག་གི་དེ་དང་དེ་ལ་ནི། ཡང་དང་ཡང་དུ་སྟེ། གང་ན་སུ་ཞིག་གོདེ་དང་དེ་རྣམས་ནི། ཅི་ཞིག་ལྟ་ཡང་སྙམ། གང་གི་ཚེ་ན་ནི། འདི་ནི་ཅི་ཞིག་གོ། དེ་སྙེད་ཙམ་འདི་དགཇི་ལྟར་ཇི་སྙེད་ཀྱི། གང་གིས་གང་ཞིག་ལ། སུ་དང་ཅི་ཞིག་གིས། ལྟ་བུ། (5) ཕྲད་དྲུག་འདུས་ཅན་ནི། གང་དང་གང་གི་ཚེ་ན། འདི་དག་ནི་ཅི་ཞིག་གོ་སུ་ཞིག་གང་ལ་ལྡན་ནམ། སུ་ཞིག་དེ་བཞིན་སྙམ་ན། གང་དུ་སུ་ཞིག་ཅེ་ན། གང་ལ་ལྡན་པ་དེ་འོ། ། ལྟ་བུ། (6) ཕྲད་བདུན་འདུས་ཅན་ནི། གང་གང་དེ་ནི་གང་གང་ལ། དེ་དེ་ལ་དེ་དེ་དང་དེ། ཇི་ལྟ་ཇི་ལྟ་གང་དང་གང༌། དེ་ལྟ་དེ་ལྟར་ཅི་ཞེ་ན། ཚུལ་ཇི་ལྟར་ཞེའོ་ཞེ་ན། གང་ཞིག་ཡང་ཡང་ཡང་དག་ཏུ། གང་ལ་གང་གིས་ཇི་ལྟ་ན། སུ་དང་སུ་ཞིག་གང་ལ་ནི། ཅི་འདྲ་དེ་འདྲ་ཉིད་དུ་འོ། ། ལྟ་བུ། (7) ཕྲད་བརྒྱད་འདུས་ཅན་ནི། སུ་ཞིག་གང་ལ་དེ་སྙེད་ཚུལ་ཙམ། གང་ཞིག་གང་གིས་གང་ལ་ཞེ་ན། ཅི་དང་ཅི་འདྲ་དེ་དང་དེ་འདྲ། ། ཇི་སྙེད་སུ་དག་དེ་སྙེད་དེ་དག་ལ། ། ལྟ་བུ། (8) ཕྲད་དགུ་འདུས་ཅན་ནི། གང་དང་གང་ལ་དེ་དང་དེ་བཞིན་ནོ། ། སུ་ཞིག་གང་ལ་ཅི་ཞིག་ལྟ་བུ་རུ། ། ཅི་དང་ཅི་འདྲ་དེ་དང་དེ་འདྲ་འོ། ། ཡང་དང་ཡང་དུ་གང་དང་གང་ཞིག་ལ། ། སུ་ཞིག་གང་ལ་ཅི་ཞིག་ཇི་ལྟར་ན། ། སུ་ཞིག་གང་ལ་འདི་དག་ཅི་ལྟར་ཞེས། ། ལྟ་བུ་སྟེ། འདིས་མཚོན་ནས་རྒྱ་ཆེར་ཤེས་པར་བྱ་འོ། ། མིང་མཐའི་རྗེས་འཇུག་གི་ཤུགས་ཀྱིས་རྣམ་དབྱེ་དང་ཚིག་ཕྲད་ཐོབ་ཚུལ་ནི། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱིས་སྡོམ་ཚིག་ཏུ་བཀོད་པ་ལྟར། བློ་ལ་བྱང་བར་མཛད་ནས་དཔེར་བརྗོད་རྣམས་སུམ་རྟགས་ཀྱི་འགྲེལ་པ་ཀུན་བཟང་དགོངས་རྒྱན་དུ་གསལ་བས་དེར་གཟིགས་དགོས།

གཉིས་པ་ཚིག་སྡུད་བཤད་པ། (༡) འབྲུ་མང་པོ་བསྡུ་བ་ནི། མིང་ཚིག་གཉིས་ཙམ་ཕྱོགས་གཅིག་ཏུ་བསྡུས་རྗེས་མིང་ཚིག་སྔ་ཕྱི་གཉིས་ཀ་ལས་དོན་གཞན་བསྟན་པ་ཞིག་ལ་ཟེར། ཤར་དང་ལྷོའི་མཚམས་ལ་ཤར་ལྷོ་དང་། ལྷོ་དང་ནུབ་ཀྱི་མཚམས་ལ་ལྷོ་ནུབ་ཅེས་པ་ལྟ་བུ། མིང་ཚིག་སྔ་ཕྱི་གཉིས་ཀྱིས་ཕྱོགས་སོ་སོ་བ་བསྟན་ཀྱང་གཞི་གཅིག་ཏུ་བསྡུས་རྗེས་མིང་ཚིག་སྔ་ཕྱི་གཉིས་ཀའི་བསྟན་བྱ་ལས་ཕྱོགས་གཞན་ཞིག་བསྟན་པའི་ཕྱིར། དེ་བཞིན་དུ། དམར་པོ་དང་སེར་པོ་འདྲེས་པར་དམར་སེར། ཡ་མ་དང་ཆམ་པ་འདྲེས་པ་ལ་ཡ་ཆམ་ལྟ་བུ་རྣམས་སོ། ། དཀར་སྐྱ། ཆོས་གོས་རྣམས་ཀྱང་རིགས་འགྲེས་ནས་ཤེས་དགོས། (༢) ཁྱད་ཚིག་བསྡུ་བ་ནི། གཞི་མཐུན་པའི་བྱེ་བྲག་གཉིས་གཅིག་ཏུ་བསྡུ་བ་སྟེ། འདི་དང་ལས་འཛིན་གྱི་བསྡུ་བ་གཉིས་དོན་གཅིག་པ་ཡིན། དབྱེ་ན་ཁྱད་ཆོས་རྗེས་བརྗོད་ཀྱི་བསྡུ་བ་དང་། ཁྱད་ཆོས་སྔོན་བརྗོད་ཀྱི་བསྡུ་བ། ཁྱད་ཆོས་འཕར་མའི་བསྡུ་བ་དང་གསུམ་དེ་དག་རེ་རེ་བཞིན་དཔེར་བརྗོད་ན། (1) . ཁྱད་ཆོས་རྗེས་བརྗོད་ཀྱི་བསྡུ་བ། དཔེར་ན། ཨུཏྤལ་ཡང་ཡིན་ལ་སྔོན་པོ་ཡང་ཡིན་པ་ལ། ཨུཏྤལ་སྔོན་པོ་ཞེས་པ་ལྟ་བུ། དེ་བཞིན་དུ། ཟླ་བ་དཀར་པོ། ཉི་མ་དམར་པོ། ཀ་བ་རིང་པོ། མི་རྒྱགས་པ། གསེར་སེར་པོ། དངུལ་དཀར་པོ། མི་མཁས་པ། གཏམ་དྲང་པོ། སྐུ་མཛེས་པོ། གསུང་སྙན་པོ། ཐུགས་ཟབ་མོ་ལྟ་བུ་རྣམས་སོ། ། (2) . ཁྱད་ཆོས་སྔོན་བརྗོད་ཀྱི་བསྡུ་བ་ནི། དཔེར་ན། སེར་པོ་ཡང་ཡིན་གསེར་ཡང་ཡིན་པ་ལ། སེར་པོ་གསེར་ཞེས་ཁྱད་ཆོས་སྔོན་དུ་བརྗོད་ཁྱད་གཞི་རྗེས་སུ་སྦྱར་ནས་བསྡུ་བ་སྟེ། དེ་བཞིན། དཀར་པོ་དངུལ། སྔོན་པོ་གཡུ། ཁྲ་བོ་གཟི། སྐྱེན་པོ་མདའ། དགུག་དགུག་གཞུ། རིང་པོ་རྒྱང་། ཐུང་ཐུང་འགྲམ། དྲིན་ཅན་ཕ། ནག་ཅན་མི། སེར་པོ་ཧོར། ནག་པོ་བདུད། སྨུག་པོ་འཇང་ལྟ་བུ། ད་དུང་། བྲེ་སེར་འབྲོང་། དམར་ཡག་སྟག། ཁྲ་ཡག་གཟིག། ཁ་དཀར་རྐྱང་ལྟ་བུ་ཤིན་ཏུ་མང་། (3) .ཁྱད་ཆོས་འཕར་མ་བསྡུ་བ་ནི། དཀར་གསལ་ཟླ་བ། དྲོ་སྐྱིད་ཉི་མ། ཁ་ཆེ་སྣ་སྙག། ལྟ་བུ་ཁྱད་ཆོས་སྔོན་དུ་བརྗོད་པ་དང་། མི་མགོ་ཆེ། རྟ་བྲ་ནག། ཁྱི་རྔ་རིང་། ལྟ་བུ་ཁྱད་ཚིག་རྗེས་བརྗོད་གཉིས་ཀ་ཡོད། (༣) རྣམ་གྲངས་བསྡུ་བ་ནི། བགྲང་བྱ་བགྲང་བྱེད་གཉིས་གཞི་གཅིག་ཏུ་བསྡུ་བ་སྟེ། འདི་དང་བ་གཉིས་པའི་བསྡུ་བ་གཉིས་དོན་གཅིག་པ་ཡིན། དེ་ལ་གྲངས་གནས་རྗེས་བརྗོད་ཀྱི་བསྡུ་བ་དང་། གྲངས་གནས་སྔོན་བརྗོད་ཀྱི་བསྡུ་བ་གཉིས། (1) གྲངས་གནས་སྔོན་བརྗོད་ཀྱི་བསྡུ་བ་ནི། དཔེར་ན། གཅིག་སྒྲིལ། གཉིས་ཤད། གཅིག་ཤད། ཉིས་གཤིབ། སུམ་སྒྲིལ། བཞི་ཤད། བཞི་བཅོམ། དྲུག་ལྡན། ལྔ་ལམ། ལྔ་མཆོད། བདུན་ཕྲག། བརྒྱད་ཀྱོགས། དགུ་ཚན། བཅུ་དཔོན། བརྒྱ་བསད། སྟོང་སྒྲིལ། བརྒྱ་དཔོན། ལྟ་བུ། (2) གྲངས་གནས་རྗེས་བརྗོད་ཀྱི་བསྡུ་བ་ནི། དཔེར་ན། བགྲང་བྱ་ས་ཡིན་པ་དང་བགྲང་བྱེད་བཅུ་ལངས་པར་ས་བཅུ། དེ་བཞིན་ལམ་ཡང་ཡིན་ལ་ལྔ་ཡང་ཡོད་པར་ལམ་ལྔ། དེས་མཚོན་ནས་དཀོན་མཆོག་གསུམ། བདེན་པ་བཞི། རིགས་ལྔ། འགྲོ་དྲུག། རི་བདུན། རྟགས་བརྒྱད། སྣ་དགུ། སྟོབས་བཅུ་ལྟ་བུ། (༤ ) རྣམ་དབྱེ་བསྡུ་བ། མིང་སྔ་ཕྱིའི་བར་དུ་རྣམ་དབྱེ་བསྡུ་བ་སྟེ། འདི་དང་དེའི་སྐྱེ་བུ་བསྡུ་བ་གཉིས་དོན་གཅིག་ཡིན། དེ་ལ་དབྱེ་ན་རྣམ་དབྱེ་དང་པོ་བསྡུ་བ་ནས་བདུན་པ་བསྡུ་བའི་བར་བདུན་ཡོད་དེ། དེ་དག་རིམ་པ་བཞིན། (1) རྣམ་དབྱེ་དང་པོ་བསྡུ་བ་ནི། ཀ་བ་རིང་པོ་ལ་ཀ་རིང་། མི་ཆེན་པོ་ལ་མི་ཆེ། ཤེས་རབ་རྒྱ་མཚོ་ལ་ཤེར་རྒྱམ་་ལྟ་བུ། (2) རྣམ་དབྱེ་གཉིས་པ་བསྡུ་བ་ནི། གནམ་ལ་འགྲོ་བའི་གྲུ་ལ་གནམ་གྲུ། ཀུན་ཏུ་འགྲོ་བ་ལ་ཀུན་འགྲོ། བྱ་བའི་ཡུལ་ཟས་ལ་ཟ་བའི་བྱ་བ་བྱེད་པ་བསྟན་པའི་གཉིས་པ་ལ་ཡིག་བསྡུས་ནས་ཟས་ཟ་ལྟ་བུ། དེས་མཚོན་ནས་གོས་ལ་གྱོན་པ་ལ་གོས་གྱོན། ཤིང་ལ་གཅོད་པ་ལ་ཤིང་གཅོད་ལྟ་བུ་རེ་རེ་ནས་ཞིབ་མོའི་ལུགས་སུ་བྱས་ན། དེ་དག་ལས་སུ་བྱ་བ་ཡིན་ཡང་རྒྱུན་ལྡན་གཉིས་པ་བསྡུས་ནས་འབྲི་བ་ཡིན་ནོ། ། (3) རྣམ་དབྱེ་གསུམ་པ་བསྡུ་བ་ནི། རྐང་པས་འཐུང་བ་ལ་རྐང་འཐུང་། ལག་པས་འགྲོ་བར་ལག་འགྲོསྣུམ་གྱིས་འཁོར་བ་ལ་སྣུམ་འཁོར། ལྟ་བུ། (4) བཞི་པ་བསྡུ་བ། བགེགས་ཀྱི་ཆེད་དུ་བྱས་པའི་གཏོར་མ་ལ་བགེགས་གཏོར། མགྲོན་པོའི་ཆེད་དུ་བརྩེགས་པའི་ཁང་པ་ལ་མགྲོན་ཁང་། རྨ་ཡི་ཆེད་དུ་བྱས་པའི་སྨན་ལ་རྨ་སྨན། ལམ་དུ་འགྲོ་སྐབས་སུ་སྤྱད་རྒྱུའི་ཆེད་དུ་གཡོས་པའི་རྒྱགས་ལ་ལམ་རྒྱགས། (5) ལྔ་པ་བསྡུ་བ། ཤིང་ལས་བྱུང་བའི་འབྲས་བུ་ལ་ཤིང་འབྲས། ཆུ་ལས་སྐྱེས་པའི་མེ་ཏོག་ལ་ཆུ་སྐྱེས། བ་ལས་བྱུང་བའི་འོ་མ་སོགས་ལ་བ་བྱུང་། (6) དྲུག་པ་བསྡུ་བ་ནི། མི་ཡི་མགོ་ལ་མི་མགོ། གསེར་གྱི་བུམ་ལ་གསེར་བུམ། (7) བདུན་པ་བསྡུ་བ་ནི། ཆུ་ལ་གནས་པའི་བྱ་ལ་ཆུ་བྱ། གངས་ལ་གནས་པའི་སེངྒེ་ལ་གངས་སེང་། འབྲས་བུ་ལ་གནས་པའི་ཉན་ཐོས་ལ་འབྲས་གནས་ལྟ་བུས་མཚོན་ཏེ་ཤེས་སླའོ། ། (༥) ཚིག་གྲོགས་ཀྱི་བསྡུ་བ་ནི། ཚིག་སྔ་མའི་ལྡོག་ཕྱོགས་སམ་ཁ་གཏད་ལྟ་བུའི་བར་གྱི་ཚིག་ཕྲད་བསྡུ་བ་ལ་ཟེར། ཟླས་དབྱེ་བའི་བསྡུ་བ་དང་འདྲ། དབྱེ་ན་འགལ་བ་བསྡུ་བ་དང་། མི་མཐུན་པ་བསྡུ་བ། ཚིག་ཟླ་བོ་ཙམ་བསྡུ་བ་དང་གསུམ། (4) དང་པོ་ནི། ཡོད་པ་དང་མེད་པ་ལ་ཡོད་མེད། བདེན་པ་དང་རྫུན་པ་པ་བདེན་རྫུན། དེ་བཞིན་དུ། ཡིན་མིན་ལྟ་བུ། (5) གཉིས་པ་ནི། དཀར་ནག། བཟང་ངན། ཕྱི་ནང་། མགོ་མཇུག། ལྟ་བུ། (6) གསུམ་པ་ནི། ཕ་མ། ཕུ་ནུ། གཅེན་གཅུང་། ཁུ་ཚན། ར་ལུག། དབྱར་དགུན་སྟོན་དཔྱིད། དཀར་སེར་དམར་ལྗང་། ཤར་ལྷོ་ནུབ་བྱང་། ཞི་རྒྱས་དབང་དྲག། ཁ་སང་དེ་རིང་། ལྟ་བུ།

གསུམ་པ་བྱ་ཚིག་བཤད་པ། བྱ་ཚིག་ཅེས་པ་ནི། བདག་གཞན་ནམ་ཡང་ན་དུས་གསུམ་གྱི་དབྱེ་བ་ཕྱེ་རུང་བའི་ཚིག་ལ་ཟེར་ཏེ། དེ་ཡང་སྤྱི་བཤད་རགས་པའི་དབང་དུ་བྱས་ན་བྱ་བྱེད་འདས་སྐུལ་གྱི་ཚིག་ཀུན་ལ་བྱ་ཚིག་ཅེས་བརྗོད་ཅིང༌། ཞིབ་ཏུ་ཕྱེ་ན། སྒྲུབ་ལྟ་བུ་བྱེད་ཚིག་དང༌། བསྒྲུབ་ནི་བྱ་ཚིག་གམ་ལས་ཚིགབསྒྲུབས་ནི་འདས་ཚིག། སྒྲུབས་ནི་སྐུལ་ཚིག་སྟེ། དེས་གཞན་ལའང་རིགས་འགྲེ་དགོས། མདོར་ན་བྱ་ཚིག་དང་མིང་ཚིག་གཉིས་སུ་ཕྱེ་བའི་བྱ་ཚིག་དང༌། བྱ་བྱེད་འདས་སྐུལ་བཞིར་ཕྱེ་བའི་བྱ་ཚིག་གཉིས་ཁྱབ་ཆེ་ཆུང་གི་ཁྱད་པར་མི་འདྲ་བ་འདི་ཉིད་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན་ནོ། ། འདི་ཉིད་བྱ་བྱེད་ལས་གསུམ་དང་། བྱ་བྱེད་ཐ་དད་པ་དང་མི་དད་པ། དངོས་པོ་བདག་གཞན། དུས་གསུམ་བཅས་ཀྱི་སྒོ་ནས་བཤད་དོ། །

(1) .བྱ་བྱེད་ལས་གསུམ་བཤད་པ། འདིར་བྱ་བྱེད་ལས་གསུམ་གྱི་གོ་དོན་རགས་རིམ་ཙམ་ཞིག་བཤད་ན། 1. བྱ་བྱེད་ལས་གསུམ་གྱི་ནང་ནས་བྱ་བ་ཞེས་པ་ནི། བྱེད་པ་པོ་དང་བྱ་ཡུལ་གཉིས་ཀྱི་བར་དུ་འཕོ་འགྱུར་འགྲོ་བའམ་འཕོ་འགྱུར་བྱེད་པའི་ཆ་དེ་ལ་ཟེར། ཤིང་མཁན་གྱིས་སྟ་རེས་ཤིང་བཅད་པ་ལྟ་བུར་མཚོན་ན། a. བྱེད་པ་པོ་ལ་ཡོད་པའི་བྱ་བ། ཤིང་མཁན་གྱིས་སྟ་རེ་ཤིང་གི་ངོས་ལ་འདེགས་འཇོག་བྱེད་པའི་ཆ་ལྟ་བུ། b. བྱ་བའི་ཡུལ་ལ་ཡོད་པའི་བྱ་བ། ཤིང་གི་ངོས་ནས་ཚུར་རིམ་པ་བཞིན་དུམ་བུར་ཆད་འོང་བའི་ཆ་ལྟ་བུ། 2. བྱེད་ཅེས་པ་ནི། བྱ་བ་གང་ཞིག་བྱེད་པའི་ཚེ་ན་བྱ་བ་དེ་ཉིད་བྱེད་མཁན་གྱི་སྐྱེས་བུ་དེའམ། བྱ་བ་དེ་དང་འབྲེལ་བ་ཡོད་པའི་ལག་ཆ་ལ་ཟེར། དེ་ལའང་གཉིས་ཡོད་པ་ལས། a. བྱེད་པ་པོ་གཙོ་བོ། ཤིང་གཅོད་མཁན། b. བྱེད་པ་ཕལ་བ། གཅོད་བྱེད་དམ་ལག་ཆ་སྟ་རེ་ལྟ་བུ། 3. ལས་ཞེས་པ་ནི། བྱེད་པ་པོ་ཞིག་གིས་བྱ་བ་གང་ཞིག་བྱེད་པའི་ཚེ་བྱ་བ་བྱེད་སའི་གཞི་དེའམ་བྱ་བའི་ཡུལ་དེ་ལ་ཟེར། a. ལས་གཙོ་བོ། ཤིང་མཁན་གྱིས་སྟ་རེ་འདེགས་འཇོག་བྱེད་པའི་གཞིའམ་ཡུལ་ཤིང་ལྟ་བུ། b. ལས་ཕལ་བ། ཤིང་གང་དུ་གཅད་སའི་ཤིང་ནགས་ལྟ་བུ།

(2) གཉིས་པ་བདག་གཞན་གྱི་དབྱེ་བ་བཤད་པ། བདག་གཞན་གྱི་གོ་དོན་དང་དེའི་རྣམ་གཞག་འཇོག་ཚུལ་ནི། 1. དངོས་པོ་བདག་ནི། བྱེད་པ་པོ་ཞིག་གིས་བྱ་བ་གང་ཞིག་བྱེད་པའི་ཚེ། བྱེད་པ་པོ་དེ་ཉིད་དང༌། དེའི་བྱེད་པའི་ལག་ཆས། དེ་གཉིས་ཀྱིས་བྱ་ཡུལ་གྱི་ངོས་ལ་ཕར་འགུལ་སྐྱོད་བྱེད་པའི་ཆ་གསུམ་པོ་ལ་དངོས་པོ་བདག་ཟེར། དཔེར་ན། ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་པ་ལྟ་བུར་མཚོན་ན། ཤིང་མཁན་ནི་བྱེད་པ་པོ་ཡིན། སྟ་རེ་ནི་བྱེད་པ་ཕལ་བའམ་བྱེད་པ་ཟེར། སྟ་རེ་ཤིང་གི་ངོས་ལ་ཕར་འདེགས་འཇོག་བྱེད་པ་དེ་ལ་བྱེད་པ་པོ་ལ་ཡོད་པའི་བྱ་བའམ། བྱེད་པ་པོ་ལ་ཡོད་པའི་ལས་ཟེར། དེ་གསུམ་ག་དངོས་པོ་བདག་ཡིན། དེ་ལ་ཡང་གསུམ་སྟེ། 1) བྱེད་པ་པོ་གཙོ་བོ། བྱ་བ་གང་ཞིག་བྱེད་མཁན་གྱི་གང་ཟག་སྟེ། དཔེར་ན་ཤིང་གཅོད་མཁན་ལྟ་བུ། ། 2) བྱེད་པ་ཕལ་བ། བྱ་བ་དེ་ཉིད་སྒྲུབ་བྱེད་ཀྱི་ཡོ་བྱད་རྣམས་ཏེ། དཔེར་ན་ཤིང་གཅོད་བྱེད་ཀྱི་སྟ་རེ་ལྟ་བུ། 3) བྱེད་པའི་ལས། བྱེད་པ་པོའི་ངོས་ནས་ཕར་སྒུལ་སྐྱོད་བྱེད་པའི་ཆ་སྟེ། དཔེར་ན་སྟ་རེ་ཕར་གཡུག་པ་ལྟ་བུ། 2. དངོས་པོ་གཞན་ནི། བྱ་བ་གང་ཞིག་བྱེད་པའི་ཡུལ་དང༌། དེ་ལས་ཚུར་རྣམ་པར་འགྱུར་བའི་ཆ་གཉིས་ལ་དངོས་པོ་གཞན་ཟེར། སྟ་རེ་ཕར་གཡུག་སའི་ཡུལ་ཤིང་ལ་ལས་སམ་བྱ་བའི་ཡུལ་ཟེར། དེ་ཉིད་སྟ་རེའི་སོ་དང་འཕྲད་པ་ན་དུམ་བུ་གོག་ཡོང་བའི་ཆ་ལ་བྱ་བའི་ཡུལ་ལ་ཡོད་པའི་བྱ་བའམ་བྱ་བའི་ཡུལ་ལ་ཡོད་པའི་ལས་ཟེར། དེ་གཉིས་ཀ་དངོས་པོ་གཞན་ཡིན། ལྟ་བདེ་བ་བྱས་ན། 1) བྱ་བའི་ཡུལ། བྱ་བ་གང་ཞིག་བྱ་སའི་གཞི་དེ་ཉིད། དཔེར་ན་ཤིང་གཅོད་སྐབས་ཀྱི་ཤིང་ལྟ་བུ། 2) བྱ་བའི་ཡུལ་ལ་ཡོད་པའི་བྱ་བ། བྱ་བའི་ཡུལ་གྱི་ངོས་ནས་འཕོ་འགྱུར་གང་ཞིག་འགྲོ་བའི་ཆ་སྟེ། དཔེར་ན་ཤིང་དུམ་བུ་གོག་པའི་ཆ་ལྟ་བུ། དངོས་པོ་བདག་གཞན་གྱི་དབྱེ་བ་དེ། བུམ་པ་ལྟ་བུ་ཞིག་ལ་ཐོལ་བྱུང་དུ་ཕྱེ་རྒྱུ་མིན་པར། བྱ་བ་གང་ཞིག་རང་དང་ངོ་བོ་ཐ་དད་པའི་བྱེད་པ་པོ་ཞིག་ཡོད་མེད་ལ་ལྟོས་ནས། དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་དགོས། འོན་ཀྱང་བྱེད་པོ་དང་བྱ་ཡུལ་གཉིས་ཀྱི་བར་དུ་ཡོད་པའི་བྱ་བ་ལ་གཙོ་བོར་དགོངས་ནས་དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་བ་མིན། དེ་འདྲའི་བྱ་བ་ཞིག་མེད་ན་ཡང་དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་རྒྱུ་མེད་དོ། ། དེས་ན་རྡོ་མཁན་གྱིས་རྡོ་བཅག་ལྟ་བུར་དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་རྒྱུ་གཙོ་བོ་ནི། རྡོ་མཁན་དང་རྡོ་གཉིས་ཡིན་གྱི། དེ་གཉིས་ཀྱི་བར་དུ་བྱ་བྱེད་ལ་ཡོད་པའི་ལས་གཅག་དང་གཅོག་ལ་དགོངས་ནས་ཕྱེ་བ་མིན་ཏེ། དེ་གཉིས་ནི་འོག་ནས་འབྱུང་བའི་དུས་གསུམ་གྱི་དབྱེ་བས་བསྡུ་ནུས་པའི་ཕྱིར། འོན་ཀྱང་བཅག་ཚར་བ་དང་གཅོག་བཞིན་པ། གཅག་པར་འགྱུར་བའི་ཁྱད་པར་འབྱེད་པའི་སྒྲ་དེས། གཅོག་པའི་བྱ་བ་བྱེད་མཁན་སུ་ཡིན་དང༌། གཅག་རྒྱུ་ཅི་ཡིན་ཤེས་མི་ཐུབ། བདག་གཞན་གྱི་དབྱེ་བ་ཕྱེ་བ་འདིས་གཅོག་པའི་བྱ་བ་བྱེད་པ་པོ་རྡོ་མཁན་ཡིན་པ་དང༌། གཅག་རྒྱུ་རྡོ་ཡིན་པ་གསལ་པོར་ཤེས་ཐུབ། བྱ་བྱེད་ལ་ཡོད་པའི་ལས་གཅག་པར་བྱ་བ་དང༌། གཅོག་པར་བྱེད་པ་གཉིས་ནི་དངོས་པོ་བདག་གཞན་གྱི་དབྱེ་བའི་ཞོར་ལ་བསྡུས་པ་ཡིན་ནོ། ། དེས་ན་དངོས་པོ་བདག་གཞན་གྱི་དབྱེ་བ་ཕྱེ་རུང་བའི་ལས་ཚིག་ལ་བྱེད་འབྲེལ་ལས་ཚིག་ཟེར།

(3) བྱ་བྱེད་ཐ་དད་པ་དང་མི་དད་པ། འདི་ལ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་ཅེས་ཀྱང་བྱ་ཞིང་དེ་དག་གི་ཁྱད་པར་བཤད་པ་ལ། 1. བྱེད་འབྲེལ་ལས་ཚིག་ནི། བྱ་བ་གང་ཞིག་བྱེད་པའི་ཚེ། བྱེད་པ་པོ་ཞིག་གིས་རྩོལ་བའི་འབད་པ་ལ་དངོས་སུ་བརྟེན་པའི་སྒོ་ནས་བྱེད་པ་ཞིག་ལ། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ལས་ཟེར་ཞིང༌། དེ་ཉིད་སྟོན་པའི་ཚིག་ལ་བྱེད་འབྲེལ་ལས་ཚིག་ཟེར། འདི་ལ་བྱ་བྱེད་ཐ་དད་པའི་ལས་ཚིག་ཀྱང་ཟེར། ཡང་ན་ཁྱད་ཆོས་གསུམ་དང་ལྡན་པའི་ལས་ཚིག་ལ་བྱེད་འབྲེལ་ལས་ཚིག་འཇོག་སྟེ། ཁྱད་ཆོས་གསུམ་ནི། ༡བྱ་བ་དེ་ཉིད་ཀྱི་བྱེད་པ་པོ་དངོས་སུ་ཡོད་པ། ༢དེ་ཉིད་བྱ་ལས་དང་ངོ་བོ་ཐ་དད་པ། ༣དེ་ཉིད་བྱ་ཡུལ་དང་བྱ་བྱེད་ཀྱི་འབྲེལ་བ་དངོས་སུ་ཡོད་པ་གསུམ་སྟེ། དཔེར་ན། རྫ་མཁན་གྱིས་འཁོར་ལོ་བསྐོར་ལྟ་བུ། སྐོར་བའི་བྱ་བ་བྱེད་པ་པོ་རྫ་མཁན་དངོས་སུ་ཡོད་པ་དང་གཅིགབསྐོར་བའི་བྱ་བའམ་འཁོར་ལོ་དེ་ཉིད་རྫ་མཁན་དང་ཐ་དད་དུ་ཡོད་པ་དང་གཉིས། བསྐོར་བ་དེ་ཉིད་རྫ་མཁན་གྱི་འབད་པ་དངོས་སུ་བརྟེན་པ་དང་གསུམ་ཚོགས་པས། བྱེད་འབྲེལ་ལས་ཚིག་ཅེས་བྱ་བ་ཡིན་ནོ། ། 2. བྱེད་མེད་ལས་ཚིག་ནི། བྱེད་པ་པོའི་རྩོལ་པའི་འགུལ་སྐྱོད་ལ་མ་ལྟོས་པར་དངོས་པོ་རང་ངོས་ནས་རང་བཞིན་གྱིས་རྣམ་པར་འགྱུར་བ་ལྟ་བུ་ཞིག་ལ། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་བྱ་བའམ་ལས་ཡིན་ཏེ། དེ་ཉིད་སྟོན་པའི་ཚིག་ལ་བྱེད་མེད་ལས་ཚིག་ཟེར། འདི་ལ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཀྱང་ཟེར། ཡང་ན་ཁྱད་ཆོས་གསུམ་དང་མི་ལྡན་པའི་ལས་ཚིག་ལ་བྱེད་མེད་ལས་ཚིག་ཟེར། དེ་ལ་ཞིབ་ཏུ་ཕྱེ་ན་རིགས་གསུམ་སྟེ། ༡བྱེད་པ་པོ་ངོས་འཛིན་རྒྱུ་མེད་པའི་བྱེད་མེད་ལས་ཚིག༢བྱེད་པ་པོ་དངོས་སུ་མེད་པའི་བྱེད་མེད་ལས་ཚིག༣བྱེད་པ་པོ་དངོས་སུ་ཡོད་ཀྱང་བྱ་ལས་དང་ངོ་བོ་ཐ་མི་དད་པའི་བྱེད་མེད་ལས་ཚིག་སྟེ་གསུམ་དུ་ངེས་པར་སེམས་སོ། ། དེ་དག་གི་དཔེར་བརྗོད་དང་གོ་དོན་རིམ་པ་བཞིན་བཤད་ན། 1) བྱེད་པ་པོ་ངོས་འཛིན་རྒྱུ་མེད་པའི་བྱེད་མེད་ལས་ཚིག། འཁོར་ལོ་རང་ཉིད་སྟེས་དབང་གིས་འཁོར་བ་དང༌། དཀར་ཡོལ་ལྟ་བུ་སྟེས་དབང་གིས་ལྷུང་ནས་ཆག་པ་ལྟ་བུ་ཡིན་ཏེ། དེའི་ཚེ་འཁོར་ལོ་སྐོར་བ་པོའི་སྐྱེས་བུ་དང༌། དཀར་ཡོལ་གཅོག་པ་པོའི་གང་ཟག་སུ་ཡང་གང་ངོས་འཛིན་རྒྱུ་མེད་པས་སོ། ། འདིས་མཚོན་ནས། ས་གས། རི་ཉིལ། ཆུ་འཁྱིལ། མེ་འབར། རླུང་གཡོ། གློག་འཁྱུགམཚོ་འཕྱུར་ལྟ་བུ་རྣམས་ཀྱང༌། བྱེད་པ་པོ་ངོས་འཛིན་རྒྱུ་མེད་པའི་བྱེད་མེད་ལས་ཚིག་ཏུ་ཤེས་དགོས། 2) བྱེད་པ་པོ་དངོས་སུ་མེད་པའི་བྱེད་མེད་ལས་ཚིག། རྫ་མཁན་གྱིས་འཁོར་ལོ་བསྐོར་ནས་འཁོར། བྱིས་པས་དཀར་ཡོལ་བཅག་ནས་ཆག་ལྟ་བུ་ཡིན་ཏེ། སྐད་ཅིག་དང་པོར་རྫ་མཁན་གྱིས་འཁོར་ལོ་ཤུགས་ཆེན་པོར་བསྐོར་བས། བྱེད་པ་པོ་རྫ་མཁན་གྱི་རྩོལ་བ་དང་དངོས་སུ་འབྲེལ་ཡང༌། སྔ་མའི་རྩོལ་བ་དེའི་ཤུགས་ཀྱིས་འཁོར་བ་ན། སྐད་ཅིག་དང་པོའི་སྐབས་སྐོར་བར་བྱེད་པ་པོ་དངོས་སུ་འབྲེལ་ཞིང༌། སྐད་ཅིག་གཉིས་པའི་སྐབས་བྱེད་པོས་བསྐོར་རྒྱུ་མཚམས་འཇོག་བྱས་ཀྱང་སྔ་མའི་ཤུགས་ཀྱིས་འཁོར་བ་ལས་བྱེད་པ་པོ་དང་དངོས་སུ་འབྲེལ་བ་མེད་པས་སོ། ། དེ་བཞིན་དཀར་ཡོལ་གཅོག་པའི་སྐབས་གཅོག་མཁན་དང་བརྒྱུད་ནས་མ་གཏོགས་དངོས་སུ་འབྲེལ་བ་མེད་དོ། ། འདིས་མཚོན་ཏེ། སྤྲད་ནས་འཕྲོད། བསྒྲིགས་ནས་འགྲིགས། བསྒྲུབས་ནས་གྲུབ། བསྒྱུར་ནས་གྱུར། ལྟ་བུ་ལའང་བྱེད་པ་པོ་བརྒྱུད་ནས་ཡོད་ཀྱང་བྱེད་རྩོལ་དང་དངོས་སུ་འབྲེལ་བ་མེད་པས། བྱེད་པ་པོ་གཞན་དང་དངོས་སུ་མ་འབྲེལ་བའི་ལས་ཚིག་ཡིན་ནོ། ། 3) བྱེད་པ་པོ་དངོས་སུ་ཡོད་ཀྱང་བྱ་ལས་དང་ངོ་བོ་ཐ་མི་དད་པའི་བྱེད་མེད་ལས་ཚིག ། ང་འགྲོ། འཁོར་བར་འཁོར་ལྟ་བུ་ཡིན་ཏེ། འགྲོ་མཁན་ང་དངོས་སུ་ཡོད། དེ་ཉིད་འགྲོ་བའི་བྱ་བ་དང་དངོས་སུ་འབྲེལ་མོད། འོན་ཀྱང་འགྲོ་མཁན་ལས་ལོགས་སུ་འགྲོ་བྱ་མེད། འགྲོ་བྱ་ལས་ལོགས་སུ་འགྲོ་མཁན་མེད་པས་སོ། ། དེ་བཞིན་དུ་འཁོར་བར་འཁོར་ལྟ་བུ་འཁོར་བའང་རང་ཉིད་ཡིན་ལ་འཁོར་མཁན་ཡང་རང་ཉིད་ཡིན་པས་བྱེད་མེད་ལས་ཚིག་ཡིན་ནོ། ། འདིའི་རིགས་ལ་དངུལ་ཆུ་ཡབ་སྲས་སོགས་མཁས་པ་རྣམས་ཀྱིས་བྱེད་པ་པོ་དངོས་སུ་ཡོད་པ་ལ་དགོངས་ནས། བྱེད་འབྲེལ་ལས་ཚིག་རྗེས་མཐུན་པ་དང༌། བདག་དོན་ཕལ་བ་ཞེས་བཏགས་པར་མཛད། གོང་གསལ་དེ་གསུམ་ནི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ནོ། ། 3. དབྱེ་བ་དགུ་ལྡན་གྱི་བྱེད་འབྲེལ་ལས་ཚིགའདི་ནི་མིང་ཚིག་དང་མི་འདྲ་བར་བྱ་བྱེད་དང་དུས་ཀྱི་ཁྱད་པར་ལ་བརྟེན་ནས་ཡིག་གཟུགས་ཀྱང་མི་འདྲ་བ་སྣ་ཚོགས་སུ་འགྱུར་འགྲོ་བས་དཀའ་གནད་འདི་ཉིད་དགྲོལ་བའི་ཆེད་མཁས་པ་འགའ་ཞིག་གིས་བཞེད་པ་ལྟར་བཀོད་ན། བྱེད་པོ་ལས་དང་བྱེད་ལས་བྱ་བའི་ལས། ། འདས་དང་མ་འོངས་ད་ལྟ་དུས་གསུམ་དང༌། ། སྐུལ་ཚིག་དང་ནི་དགག་བྱའི་སྐུལ་ཚིག་སྟེ། ། འདི་དག་དབྱེ་བ་དགུ་ལྡན་ལས་ཚིག་ཡིན། ། འདིར་བློ་བཟང་གིས་ཤིང་གཅོད་པ་ལྟ་བུར་མཚོན་ན། གཅོད་པ་པོ་བྱེད་པོ། གཅད་བྱ་ལས། གཅོད་པར་བྱེད་བྱེད་ལས། གཅད་པར་བྱ་བྱ་ལས། བཅད་ཟིན་པ་འདས་པ། གཅོད་བཞིན་པ་ད་ལྟ་བ། གཅོད་འགྱུར་བྱེད་ལས་མ་འོངས་པ། ཆོད་ཅིག་སྐུལ་ཚིགམ་གཅོད་དགག་སྒྲའི་སྐུལ་ཚིག་སྟེ། དབྱེ་བ་དགུར་ཕྱེ་རུང་བ་ཡིན་ནོ། ། 4. དབྱེ་བ་བདུན་ལྡན་གྱི་བྱེད་འབྲེལ་ལས་ཚིག བྱེད་པོ་ལས་དང་བྱེད་ལས་བྱ་བའི་ལས། ། འདས་དང་མ་འོངས་ད་ལྟ་བཅས་ཏེ་བདུན། ། འདིར་ལུག་གིས་ཆུ་འཐུང་ལྟ་བུར་མཚོན་ན། འཐུང་པ་པོ་བྱེད་པོ། བཏུང་བྱ་ལས། འཐུང་བར་བྱེད་བྱེད་པའི་ལས། བཏུང་བར་བྱ་བྱ་བའི་ལས། བཏུངས་ཟིན་འདས་པ། འཐུང་བཞིན་པ་ད་ལྟ་བ། བཏུང་འགྱུར་མ་འོངས་པ། ལུག་ལ་ཆུ་ཐུངས་དང་མ་འཐུང་ཞེས་སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་སྦྱོར་དུ་མེད་དེ། སྨྲ་མི་ཤེས་པ་དང་དོན་མི་གོ་བ་ལ་ཐུངས་དང་མ་འཐུང་ཞེས་བརྗོད་པའི་དོན་མེད་ཅིང༌། སྨྱོན་པ་མིན་ན་དེ་ལྟར་རྗོད་མཁན་ཡང་མེད་དོ། ། དེ་བཞིན་དུ་སྤྲིན་གྱིས་ཉི་འོད་སྒྲིབ། རི་བོ་སྨུག་པས་བཏུམས། ཆུ་རླབས་ཀྱིས་བྲག་ལ་བརྡབས་ལྟ་བུ་རྣམས་ཀྱང་གོང་གསལ་ལུག་དང་མི་འདྲ་བའི་ཁྱད་པར་བྱེད་པ་པོ་སེམས་དང་ལྡན་མིན་ཙམ་མ་གཏོགས། དབྱེ་བ་བདུན་ལྡན་གྱིས་ལས་ཚིག་ཡིན་པ་གཅིག་མཚུངས་ཡིན་ནོ། ། སྙན་ངག་གིས་བརྒྱན་པའི་སྒྲོ་བཏགས་ཀྱི་ཚིག་སྦྱོར་དུ། མཁའ་ཡི་གླང་པོ་ཉི་འོད་སྒྲིབས་ཤིག་ཀྱེ། ལྟ་བུ་ནི་སྙན་ངག་མཁན་གྱི་ཚིག་སྦྱོར་ལ་བྱང་བའི་བརྡ་རྟགས་ཡིན་གྱི་སྨྱོན་པའི་གཏམ་དང་མི་མཚུངས་པས་འདི་རིགས་དམིགས་བསལ་ཡིན་ནོ། ། གོང་གསལ་འཐུང་ཞེས་པའི་བྱ་ཚིག་དེ་ཉིད། སྨྲ་ཤེས་དོན་གོ་བའི་མི་ལ་ལབ་ན། དབྱེ་བ་དགུ་ལྡན་དུ་འགྱུར་ཏེ། དགག་སྒྲུབ་ཀྱི་སྐུལ་ཚིག་གཉིས་ཀྱང་སྦྱར་རུང་བའི་ཕྱིར། དེས་ཕྱི་མ་རྣམས་ལའང་རིགས་འགྲེ། 5. དབྱེ་བ་གསུམ་ལྡན་གྱི་བྱེད་མེད་ལས་ཚིག འདས་དང་མ་འོངས་ད་ལྟ་དུས་གསུམ་ཙམ། ། དབྱེ་རུང་གསུམ་ལྡན་བྱེད་མེད་ལས་ཚིག་ཉིད། ། འདིར་ཆུ་འཁྱིལ་ལྟ་བུར་མཚོན་ན། འཁྱིལད་ཏོ་འདས་པ། འཁྱིལ་ལོ་ད་ལྟ་བ། འཁྱིལ་བར་འགྱུར་མ་འོངས་པ། དབྱེ་བ་འདི་གསུམ་ལས་གཞན་བྱེད་པོ་དང་བྱ་ཡུལ་གྱི་དབྱེ་བ་མི་འཐད་དེ། འཁྱིལ་བྱེད་དང་འཁྱིལ་བྱ་གཉིས་ཀ་ཆུ་ཡིན་པའི་ཕྱིར། དེ་བཞིན་དུ་ང་འགྲོ། ཁ་སྐྱེངས། མེ་འབར། རླུང་གཡོ་ལྟ་བུ་རྣམས་ཀྱང་བྱེད་པ་པོ་དངོས་སུ་ཡོད་མེད་ཇི་ལྟར་ཡང་དུས་གསུམ་གྱི་དབྱེ་བ་ཙམ་མ་གཏོགས་བྱ་བྱེད་ཀྱི་དབྱེ་བ་ཕྱེ་མི་རུང༌། 6. གཟུགས་གཅིག་དབྱེ་བ་དྲུག་ལྡན་གྱི་བྱེད་ཚིག བྱེད་པོ་གཙོ་ཕལ་བྱེད་ལས་བྱེད་བཞིན་པ། ། བྱེད་ལས་མ་འོངས་དགག་སྒྲའི་སྐུལ་ཚིག་དྲུག། བདག་གཞན་གཉིས་ལས་བདག་གི་ཁོངས་སུ་བསྡུས། ། དུས་གསུམ་ནང་ནས་ད་ལྟ་བ་ཡི་ཁོངས། ། འདིར་དཔེར་ན་བློ་བཟང་གིས་ཤིང་གཅོད་པ་ལྟ་བུར་མཚོན་ན། གཅོད་པ་པོ་བྱེད་པ་པོ། གཅོད་བྱེད་བྱེད་པ་ཕལ་པ། གཅོད་པར་བྱེད་བྱེད་པའི་ལས། གཅོད་བཞིན་པ་ད་ལྟ་བ། གཅོད་པར་འགྱུར་བྱེད་ལས་མ་འོངས་པ། མ་གཅོད་དགག་སྒྲའི་སྐུལ་ཚིག་སྟེ། གཅོད་ཅེས་པའི་ཡིག་གཟུགས་གཅིག་པོའི་བྱེད་ཚིག་འདི་ཉིད་གོ་བ་མི་འདྲ་བ་དྲུག་ལ་འཇུག་ཅིང༌། དེ་ཡང་བདག་གཞན་གཉིས་ཀྱི་ནང་ནས་བདག་དང༌། དུས་གསུམ་གྱི་ནང་ནས་ད་ལྟ་བའི་ཁོངས་སུ་འདུས་པ་ཡིན་ལ། དེས་བྱེད་འབྲེལ་ལས་ཚིག་གཞན་ལའང་རིགས་འགྲེ་ཤེས་པར་བྱའོ། ། 7. གཟུགས་གཅིག་དབྱེ་བ་གཉིས་ལྡན་གྱི་ལས་ཚིག བྱ་བའི་ཡུལ་དང་བྱ་ལས་གཉིས་པོ་ནི། ། གཟུགས་གཅིག་དབྱེ་བ་གཉིས་ལྡན་ལས་ཚིག་ཡིན། ། བདག་གཞན་གཉིས་ལས་གཞན་གྱི་ཁོངས་སུ་བསྡུས། ། དུས་གསུམ་དག་ལས་མ་འོངས་པ་ཡི་ཁོངས། ། འདིར་དཔེར་ན། བློ་བཟང་གིས་ཤིང་གཅད་ལྟ་བུར་མཚོན་ན། གཅད་བྱ་བྱ་བའི་ཡུལ། གཅད་པར་བྱ་བྱ་ལས་ཏེ། གཅད་ཅེས་པའི་ཡིག་གཟུགས་གཅིག་པོའི་བྱ་ཚིག་འདི་ཉིད་གོ་བ་མི་འདྲ་བ་གཉིས་ལ་འཇུག་ཅིང༌། དེ་ཡང་བདག་གཞན་གཉིས་ལས་གཞན་དང༌། དུས་གསུམ་ལས་མ་འོངས་པའི་ཁོངས་སུ་འདུ་བ་ཡིན་ལ། དེས་གཞན་ལའང་རིགས་འགྲེ་ཤེས་དགོས། གོང་གསལ་དེ་དག་བདག་གཞན་དང་དུས་གསུམ་གང་ཞིག་གིས་བསྡུ་བར་བཤད་པ་རྣམས་ནི་སྤྱི་བཤད་ཙམ་སྟེ། ཞིབ་ཏུ་དཔྱད་ན་འཐད་དང་མི་འཐད་ཀྱི་རྒྱུ་མཚན་རྒྱས་པ་ཁོ་བོས་བརྩམས་པའི་རྟགས་འཇུག་རྣམ་བཤད་མཁས་པའི་དགོངས་རྒྱན་ལ་གཟིགས་དགོས།

(4) དུས་གསུམ་བཤད་པ། བརྡ་སྤྲོད་རིག་པའི་གཞུང་ལས་བཤད་པའི་དུས་གསུམ་ཞེས་པ་དེ་ནི། གསུང་རབ་ལས་བཤད་པའི་དུས་གསུམ་གྱི་འཇོག་ཚུལ་ལྟར་དངོས་པོ་ཞིག་ཡིན་ཕྱིན་ཆད་དུས་གསུམ་གྱི་དབྱེ་བ་ཕྱེ་རུང་མིན་པར། དབྱེ་བའི་གཞི་བྱེད་པ་པོ་དང་འབྲེལ་མ་འབྲེལ་ཇི་ལྟར་ཡང་བྱ་བ་གང་ཞིག་དེ་ཉིད་བྱས་ཟིན་པ་ལ་འདས་པ། དེ་བསྟན་པའི་ཚིག་ལ་འདས་ཚིག་ཟེར། བྱ་བ་དེ་ཉིད་བྱེད་བཞིན་པའི་ཁྱད་པར་བྱས་པའི་ཆ་ནས་བཞག་པ་ད་ལྟ་བ་དང༌། དེ་སྟོན་པའི་ཚིག་དེ་ད་ལྟ་བའི་ཚིག་ཟེར། བྱ་བ་དེ་ཉིད་བྱ་འགྱུར་གྱི་ཁྱད་པར་དུ་བྱས་པའི་ཆ་ནས་བཞག་པ་མ་འོངས་པ་དང་དེ་ཉིད་སྟོན་པའི་ཚིག་ལ་མ་འོངས་པའི་ཚིག་ཟེར། གོང་གསལ་འདས་ཚིག་དང༌། ད་ལྟ་བའི་ཚིགམ་འོངས་པའི་ཚིག་ཅེས་པའི་ཚིག་དེ་དག་མིང་ཚིག་གཉིས་སུ་ཕྱེས་པའི་ཚིག་དང་འཁྲུལ་བར་མི་བྱ་སྟེ། སྔ་མ་གསུམ་པོ་དེ་དུས་གསུམ་གྱི་ཁྱད་པར་གོ་བྱེད་ཀྱི་སྒྲའི་ཆ་ཤས་ཙམ་ཡིན་གྱི་ལས་ཚིག་དངོས་མིན། ཕྱི་མ་ནི་དོན་གྱི་ཁྱད་པར་བསྟན་པའི་ཚིག་དངོས་ཡིན་པས་སོ། ། གོ་སླ་བའི་ཆེད་དུ་དཔེར་བརྗོད་ན། 1. བྱེད་འབྲེལ་ལས་ཚིག་གི་དུས་གསུམ་ནི། བྱེད་པ་པོ་ཞིག་གིས་རྩོལ་བའི་འབད་པ་ལ་ལྟོས་ནས། དུས་གསུམ་གྱི་དབྱེ་བ་ཕྱེ་ཚུལ་ཞིག་ཡིན། a. བྱེད་འབྲེལ་ལས་ཚིག་འདས་པ། བྱ་བའི་ཡུལ་ལ་འགུལ་སྐྱོད་དམ་འཕོ་འགྱུར་གྱི་རྣམ་པར་གཏོང་པ་ལྟ་བུ་ཞིག་དབྱེ་བའི་གཞིར་བྱས་ཏེ། བྱ་ཡུལ་ལ་འགུལ་སྐྱོད་དམ་འཕོ་འགྱུར་བཏང་ཚར་བའི་ཆ་དེ་བྱེད་འབྲེལ་ལས་དུས་འདས་པ་དང༌། དེ་སྟོན་པའི་ཚིག་ལ་དུས་འདས་པ་སྟོན་པའི་བྱེད་འབྲེལ་ལས་ཚིག་ཟེར། དཔེར་ན་འཁོར་ལོ་བསྐོར་ཟིན། ལྟ་བུ། b. བྱེད་འབྲེལ་ལས་ཚིག་ད་ལྟ་བ། བྱེད་པ་པོའི་ངོས་ནས་ཕར་འཕོ་འགྱུར་གཏོང་བཞིན་པ་ལ་བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང༌། དེ་སྟོན་པའི་ཚིག་ལ་བྱེད་མེད་ལས་ཚིག་ད་ལྟ་བ་ཟེར། དཔེར་ན། འཁོར་ལོ་བསྐོར་བཞིན་པ་ལྟ་བུ། c. བྱེད་འབྲེལ་ལས་ཚིག་མ་འོངས་པ། བྱེད་པ་པོའི་ངོས་ནས་འཕོ་འགྱུར་གཏང་རྒྱུའི་ཆ་ལྟ་བུ་བྱེད་འབྲེལ་ལས་ཚིག་མ་འོངས་པ་དང༌། དེ་སྟོན་པའི་ཚིག་ལ་བྱེད་མེད་ལས་ཚིག་མ་འོངས་པ་ཟེར། དཔེར་ན། བསྐོར་བར་འགྱུར་ལྟ་བུ། 2. བྱེད་མེད་ལས་ཚིག་གི་དུས་གསུམ་ནི། བྱེད་པ་པོ་ཞིག་གིས་རྩོལ་བའི་འབད་པ་ལ་མ་ལྟོས་པར། དངོས་པོ་རང་གི་ངོས་ནས་འགུལ་སྐྱོད་དམ་འཕོ་འགྱུར་གྱི་རྣམ་པ་སྟོན་པ་ལྟ་བུ་ཞིག་དབྱེ་བའི་གཞིར་བྱས་ཏེ་འཇོག་པའི་དུས་གསུམ་སྐོར་རྣམས་ཡིན། a. བྱེད་མེད་ལས་ཚིག་འདས་པ། བྱེད་པ་པོ་མེད་པར་དངོས་པོ་རང་ངོས་ནས་འགུལ་སྐྱོད་དམ་འཕོ་འགྱུར་འགྲོ་ཚར་བའི་ཆ་དེ་བྱེད་མེད་ཀྱི་ལས་དུས་འདས་པ་དང༌། དེ་སྟོན་པའི་ཚིག་ལ་དུས་འདས་པ་སྟོན་པའི་བྱེད་མེད་ལས་ཚིག་ཟེར། དཔེར་ན་འཁོར་ལོ་འཁོར་ཟིན། ལྟ་བུ། b. བྱེད་མེད་ལས་ཚིག་ད་ལྟ་བ། དངོས་པོ་རང་ངོས་ནས་འཕོ་འགྱུར་འགྲོ་བཞིན་པ་ལ་བྱེད་མེད་ཀྱི་ལས་ད་ལྟ་བ་དང༌། དེ་སྟོན་པའི་ཚིག་ལ་བྱེད་མེད་ལས་ཚིག་ད་ལྟ་བ་ཟེར། དཔེར་ན། འཁོར་ལོ་འཁོར་བཞིན་པ་ལྟ་བུ། c. བྱེད་མེད་ལས་ཚིག་མ་འོངས་པ། དངོས་པོ་རང་ངོས་ནས་འཕོ་འགྱུར་འགྲོ་རྒྱུའི་ཆ་ལྟ་བུ་བྱེད་མེད་ཀྱི་ལས་མ་འོངས་པ་དང༌། དེ་སྟོན་པའི་ཚིག་ལ་བྱེད་མེད་ལས་ཚིག་མ་འོངས་པ་ཟེར། དཔེར་ན། འཁོར་ལོ་འཁོར་བར་འགྱུར་ལྟ་བུ། 3. དུས་གསུམ་གྱི་དབྱེ་བ་རྒྱས་པ་བཤད་པ། འདས་མ་འོངས་ད་ལྟ་གསུམ་པོ་ལ་རྗོད་པའི་གནས་སྐབས་ཀྱི་དབྱེ་བ་རྒྱས་པར་ཕྱེ་ན་དགུར་འགྱུར་ཏེ། འདས་པའི་འདས་པ། འདས་པའི་ད་ལྟ་བ། འདས་པའི་མ་འོངས་པ། ད་ལྟ་བའི་འདས་པ། ད་ལྟ་བའི་ད་ལྟ་བ། ད་ལྟ་བའི་མ་འོངས་པ། མ་འོངས་པའི་འདས་པ། མ་འོངས་པའི་ད་ལྟ་བ། མ་འོངས་པའི་མ་འོངས་པ་སྟེ་དགུ་རྣམས་སོ། ། 1) དང་པོ་འདས་པའི་འདས་པ་ནི། བརྗོད་བྱའི་དངོས་པོ་འམ་བྱ་བ་དེ་ཉིད་སྔར་ནས་བྱུང་ཚར་ཞིང་དེ་ཉིད་བྱས་ཟིན་གྱི་ཁྱད་པར་དུ་བྱས་པའི་རྗོད་བྱེད་ཀྱི་སྟོན་ཚུལ་ཞིག་སྟེ། དཔེར་ན། རྒྱལ་པོ་མྱ་ངན་མེད་ཀྱི་སྐབས་སུ་བཀའ་བསྡུ་དང་པོ་བྱས། དུས་རབས་ཉི་ཤུ་པའི་ནང་དམག་ཆེན་གཉིས་པ་མཇུག་བསྒྲིལད། གཅིག་དགུ་དྲུག་ཅུ་ལོར་བོད་ཀྱི་ཆབ་སྲིད་དམངས་གཙོའི་ལམ་ལུགས་སུ་བསྒྱུརད། ལྟ་བུའོ། ། 2) གཉིས་པ་འདས་པའི་ད་ལྟ་བ་ནི། རྗོད་པའི་གནས་སྐབས་སུ་བྱུང་ཟིན་པའི་བྱ་བ་ཞིག་འབྱུང་བཞིན་པའི་སྐབས་ཀྱི་ཁྱད་པར་གསལ་བྱེད་དེ། དཔེར་ན། དེའི་ཚེ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། ལོ་སྔོན་མའི་དཔྱིད་ཟླ་ཤར་བ་ན་ཞིང་པ་རྣམས་ཀྱིས་ཞིང་ལ་ཆུ་འདྲེན། ཕ་ཡི་རིང་ལ་རང་ས་རང་གིས་འཛིན་བཞིན་པ་རེད། ལྟ་བུ། 3) གསུམ་པ་འདས་པའི་མ་འོངས་པ་ནི། བྱུང་ཟིན་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་གསལ་བྱེད་དེ། དཔེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་འདི་ཉིད་འཆད་པར་འགྱུར་རོ། སྒྲིག་ཁྲིམས་བསྡོམ་དགོས་ཞེས། དགེ་བསྐོས་སྔོན་མའི་སྐབས་ནས་བཅའ་ཡིག་ལ་བཀོད་ཡོད། ལོ་སྔོན་མ་ནས་རྒྱུགས་སྤྲོད་རྒྱུ་ཡིན་ཞེས་དགེ་རྒན་ལ་ཞུས་ཟིན། ལྟ་བུ། 4) བཞི་པ་ད་ལྟ་བའི་འདས་པ་ནི། རྗོད་པའི་གནས་སྐབས་དེར་བྱ་བ་ཞིག་བྱེད་ཚར་མ་ཐག་པར་གསལ་བྱེད་དེ། དཔེར་ན། སངས་རྒྱས་མ་ཐག་ཏུ་ཆོས་འཁོར་སྐོར། སྐད་ཆ་བཤད་མ་ཁད་ཡིན། ཆོས་སྒྲུབ་ཚར་ཙམ་ཡིན། ད་ལྟ་མཐོང་མ་ཐག་པ་རེད། དེ་རིང་གཞི་ནས་མགོ་བརྩམས། ལྟ་བུ། 5) ལྔ་པ་ད་ལྟ་བའི་ད་ལྟ་བ་ནི། རྗོད་པའི་གནས་སྐབས་ཀྱི་བྱ་བ་ཞིག་བྱེད་བཞིན་པ་གསལ་བྱེད་དེ། དཔེར་ན། ལམ་སྒོམ་བཞིན་པ། ཆོས་སྒྲུབ་བཞིན། སྐད་སྒྱུར་གྱིན་འདུགའཁོར་ལོ་འཁོར་བའི་སྒང་རེད། གདམས་ངག་གནང་བའི་སྐབས་ཏག་ཏག་འཁེལ། འགྲོ་བའི་དུས་རེད། ལྟ་བུ། 6) དྲུག་པ་ད་ལྟ་བའི་མ་འོངས་པ་ནི། རྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པའམ་གཞི་ནས་ཡོང་དགོས་པ་གསལ་བྱེད་དེ། དཔེར་ན། ད་ལྟར་གདམས་ངག་གནང་རྒྱུ་རེད། ཕེབས་རྒྱུ་གཏན་འཁེལ་སོང༌། མིག་གིས་གཟུགས་མཐོང་ནུས། ལྟ་བུ། 7) བདུན་པ་མ་འོངས་པའི་འདས་པ་ནི། རྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་ཞིག་གྲུབ་ཚར་བའི་དུས་ཀྱི་ཁྱད་པ་གསལ་བྱེད་དེ། དཔེར་ན། རིན་ཆེན་ཕྲེང་བ་ལས། བདག་ཉིད་ཁོ་ན་བསླུས་པར་འགྱུར། ། ཕུང་བ་དག་ནི་ཐོབ་འགྱུར་ཞིང༌། ། བཅོམ་འགྱུར་འདི་ནི་རྟད་མ་ཡིན། ། སྤྱོད་འཇུག་ལས། བདག་མེད་མཐོང་བས་གྲོལ་འགྱུར་ཕྱིར། ། དབུ་མ་བཞི་བརྒྱ་པ་ལས། གཏི་མུག་བཅོམ་པས་བཅོམ་པར་འགྱུར། ། ལེགས་ལྡན་གྱི་རྟོག་གེ་འབར་བ་ལས། སྟོང་ཉིད་ལྟ་བ་གོམས་བྱས་པས། ། ཉོན་མོངས་འཇུག་པ་བཅོམ་ཕྱིར་རོ། ། ལྟ་བུ་དང༌། དེ་བཞིན་དུ། སང་ཉིན་ཡི་གེ་བྲིས་ནས་སྐུར་ཆོགསླད་ནས་མཁས་པར་གྱུར་ཏེ་སློབ་དཔོན་བྱེད། ལོ་རྗེས་མར་རྒྱུགས་སྤྲད་ཚར་ནས་གུང་སེང་ལ་འགྲོ། སྨན་འདི་ཟོས་ན་སང་ཉིན་ད་ཚོད་དྲག་ཚར་བ་རེད། ལྟ་བུ། 8) བརྒྱད་པ་མ་འོངས་པའི་ད་ལྟ་བ། རྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་ཞིག་འགྲུབ་བཞིན་པའི་དུས་ཀྱི་ཁྱད་པར་གསལ་བྱེད་དེ། དཔེར་ན། བདག་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། ལོ་རྗེས་མར་དབུ་མ་དཔེ་འཁྲིད་བྱེད། མ་འོངས་བྱམས་པས་ཆོས་འཁོར་སྐོར་བའི་ཚེ། འབྱུང་འགྱུར་ཚེ་ལོ་བཅུ་པའི་དུས། ལྟ་བུ། 9) དགུ་པ་མ་འོངས་པའི་མ་འོངས་པ་ནི། རྗོད་པའི་གནས་སྐབས་ཀྱི་བྱ་བ་མ་འོངས་པ་ཞིག་འབྱུང་བར་འགྱུར་བའི་ཁྱད་པར་གསལ་བྱེད་དེ། དཔེར་ན་སངས་རྒྱས་བྱམས་པ་ཞེས་བྱ་བ་འཇིག་རྟེན་འདིར་འབྱུང་ལ་དེས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་འགྱུར་རོ། ། ལོ་ལྔ་ཡི་རྗེས་སུ་ང་ཕ་ཡུལ་ལ་བསླེབ་རྒྱུ་རེད། ད་ནས་ལོ་བརྒྱ་སོང་ན་ང་ཅག་ཀུན་འཆི་བར་འགྱུར། རྗེས་མར་དཀའ་ངལ་བྱུང་ན་ཕྱག་བྲིས་གཏང་དགོས། ལྟ་བུའོ། ། 4. རྗོད་བྱེད་སྒྲ་ཡི་དུས་གསུམ་བཤད་པ། བརྗོད་བྱ་དོན་གྱི་བྱ་བའི་དུས་གསུམ་སྟོན་པའི་ཚིག་གམ་རྗོད་བྱེད་ཀྱི་སྒྲ་དེ་ལ་སྤྱི་བྱེད་འབྲེལ་ལས་ཚིག་གི་དུས་གསུམ་དང་བྱེད་མེད་ལས་ཚིག་གི་དུས་གསུམ་གཉིས་སུ་ཡོད་མོད་ཀྱང༌། འདི་ནི་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་ཉམས་མྱོང་གི་ཐོག་ནས། གསར་སྤེལ་མཛད་པའི་ལུགས་ལྟར་བཤད་ན་གོ་བདེ་ཞིང་གཞུང་དོན་འབྱེད་པའི་ཡན་ལག་ཏུ་འོས་ཤིང་འཚམ་པས་དེར་གཞི་བཞག་ནས་འགོད་ན། སྤྱིར་དུས་གསུམ་སྟོན་པའི་རྗོད་བྱེད་ཀྱི་སྒྲ་ལ། དུས་གསུམ་སྤྱིར་བཏང་བ། དུས་གསུམ་བྱེ་བྲག་པ། དུས་གསུམ་ཐོར་བུ་བ་དང་གསུམ་ཡོད་དོ། 1) དུས་གསུམ་སྤྱིར་གཏང་བ་ནི། བྱ་ཚིག་མ་ནིང་བྱེད་ཚིག་མོ་ཡིས་འཕུལ། ། པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ། ། སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། ། བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད། ། བྱ་ཚིག་མ་འོངས་པའི་ཚིག་ལ་སྔོན་འཇུག་མ་ནིང་དང༌། བྱེད་ཚིག་ད་ལྟ་བ་ལ་སྔོན་འཇུག་མོ་ཡིས་འཕུལ་ཞིང༌། མིང་གཞི་པ་སྡེ་ལས་གཞན་པའི་འདས་ཚིག་གི་སྔོན་འཇུག་ལ་ཕོ་ཡིས་འཕུལ་བ། དམིགས་བསལ་བརྗོད་བདེར་བྱེད་ཚིག་ད་ལྟ་བ་གི་སྔོན་འཇུག་མ་ནིང་འགྱུར་བ་ཡང་སྲིད་དོ། ། ཞེས་པའོ། ། དཔེར་ན། ལམ་སོགས། དགགའགོགབཀགཁོགསྣོད་ཆུས། དགང༌། འགེང༌། བཀང༌། ཁོང༌། རྣ་བ། དགབ། འགེབ། བཀབ། ཁོབ། ཤིང་སོགས། གཟུགས། འཛུགས། བཙུགས། ཚུགས། ལྟ་བུ་སྟེ། འདི་ལ་ཞིབ་མོའི་ལུགས་སུ་བྱས་ན་ནང་གསེས་ཀྱི་དབྱེ་བ་ཁ་ཤས་ཡོད་པ་འདྲ་སྟེ། མིང་གཞི་སྡེ་པ་གཅིག་པའི་དུས་གསུམ་སྤྱིར་བཏང་བ། མིང་གཞི་སྡེ་པ་གཉིས་འབྲེལ་གྱི་དུས་གསུམ་སྤྱི་བཏང་བ། མིང་གཞི་སྡེ་པ་སུམ་འབྲེལ་གྱི་དུས་གསུམ་སྤྱིར་བཏང་བ་བཅས་ཡོད། དེ་དག་གི་གོ་དོན་རིམ་བཞིན་འགོད་ན། a. ཁྱད་ཆོས་དྲུག་ལྡན་གྱི་དུས་གསུམ་སྤྱི་བཏང་པ་ནི། དུས་གསུམ་སྤྱིར་བཏང་བ་གང་ཞིགབྱ་ཚིག་དེའི་མ་འོངས་པ་དང་ད་ལྟ་བའི་མིང་གཞི་ལ་སྡེ་པ་དེའི་མོ་ཡིག་ཡིན་དགོས་པ་དང༌། འདས་ཚིག་གི་མིང་གཞི་ལ་སྡེ་པ་དེའི་ཕོ་ཡིག་ཡིན་པས་ཁྱབ་པ། སྐུལ་ཚིག་ལ་སྡེ་པ་དེའི་མིང་གཞི་མ་ནིང་ཡིན་པས་ཁྱབ་པ་ཞིག་ཡིན་དགོས། དཔེར་ན། ལམ་སོགས་དགག་བྱ། འགོག་བྱེད། བཀགཁོག་ཅིག་ལྟ་བུ། b. མིང་གཞི་སྡེ་པ་གཉིས་འབྲེལ་གྱི་དུས་གསུམ་སྤྱིར་བཏང་བ་ནི། དུས་གསུམ་སྤྱིར་བཏང་བ་གང་ཞིགབྱ་བྱེད་ཀྱི་ལས་ཚིག་གི་མིང་གཞི་སྡེ་པ་ཐ་དད་གཉིས་ཀྱི་མོ་ཡིག་དང༌། འདས་ཚིག་སྡེ་བ་དེ་གཉིས་གང་རུང་དུ་གཏོགས་པའི་ཕོ་ཡིག་ཤས་ཆེར་འབྱུང་བ་ཞིག་དགོས་ཏེ། དེ་ཡང་མིང་གཞི་ཅ་སྡེ་དང་ཙ་སྡེ་ཞ་སྡེ་གསུམ་དུ་ངེས་པ་སེམས་སོ། ། དཔེར་ན། ཤིང་སོགས་གཟུགས་བྱ། འཛུགས་བྱེད། བཙུགས་ཟིན། ལྟ་བུ། c. མིང་གཞི་སྡེ་པ་སུམ་འབྲེལ་གྱི་དུས་གསུམ་སྤྱིར་བཏང་བ་ནི། དུས་གསུམ་སྤྱིར་བཏང་བ་གང་ཞིགདུས་གསུམ་སྐོར་གཅིག་གི་མིང་གཞིར་སྡེ་པ་གསུམ་ཚོགས་ནས་གྲུབ་པའི་བྱ་ཚིག་ལ་ཟེར། དཔེར་ན། ཁང་པ་སོགས། གཞིག་བྱ། འཇིག་བྱེད། བཤིགས་ཟིན། ཤིགས་ཤིགལྟ་བུ་ཙམ་ལས་མང་པོ་མེད་ལ། འདིའི་བྱ་ཚིག་གི་མིང་གཞི་ལ་ཅ་སྡེ་དང༌། བྱེད་ཚིག་གི་མིང་གཞི་ལ་ཞ་སྡེ། འདས་ཚིག་གི་མིང་གཞི་ར་སྡེ་གསུམ་དུ་ངེས་སོ། ། d. བྱེད་ཚིག་སྔོན་འཇུག་མ་ནིང་ཐོབ་པའི་དུས་གསུམ་སྤྱིར་བཏང་པ་ནི། དུས་གསུམ་སྤྱིར་བཏང་པ་གང་ཞིགབྱ་བྱེད་ཀྱི་ལས་ཚིག་གི་སྔོན་འཇུག་མ་ནིང་ཡིན་པ་དང༌། དུས་གསུམ་ཀའི་མིང་གཞི་གཅིག་ཏུ་ངེས་པ་ཞིག་ལ་ཟེར། དཔེར་ན། རྡོ་སོགས་གཅག་བྱ། གཅོག་བྱེད། བཅགཆོག་ཅིགལྟ་བུ་སྟེ། དགད་བྱ་དགོད་བྱེད་བགད་དགོད་ཅིག། གཞུང་ཆེན་པོའི་དགོངས་པ་དང་མི་མཐུན 2) དུས་གསུམ་བྱེ་བྲག་པ་བཤད་པ། བྱ་ཚིག་ཕོ་ཡིས་འཕུལ་ལ་འདས་པའང་དེ། ། བྱེད་ཚིག་ཕལ་ཆེར་འཕུལ་མེད་ཅན་དུ་ངེས། ། སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གིས། ། མཚོན་ནུས་སྟོན་དང་མགོ་ཅན་མང་པའི་སྡེ། ། དུས་གསུམ་བྱེ་བྲག་པ་ཞེས་པ་དེ་ནི་བྱ་ཚིག་མ་འོངས་པ་གི་སྔོན་འཇུག་ཕོ་ཡིས་འཕུལ་ལ་འདས་ཚིག་ཀྱང་དེ་བཞིན་ཕོ་ཡི་སྔོན་འཇུག་ཐོབ། བྱེད་ཚིག་ད་ལྟ་བ་ཕལ་ཆེར་འཕུལ་མེད་ཅན་དུ་ངེས་པ། སྐབས་འགར་འདས་ཚིག་ལ་རྗེས་འཇུག་ས་རྐྱང་གི་ནུས་པས་སྟོན་པ་དང༌། སྤྱིར་མགོ་ཅན་མང་བའི་སྡེ་ཡིན། འོན་ཀྱང་ཐམས་ཅད་ལ་མགོ་ཅན་ཐོབ་པས་ནི་མ་ཁྱབ་བོ། དཔེར་ན། ནོར་བསྒྲུབ་པར་འགྱུར། སྒྲུབ་བཞིན་པ། བསྒྲུབས་ཟིན། ལྟ་བུ་དང༌། སྐབས་འགར་འདས་ལ་རྗེས་འཇུག་ས་རྐྱང་གི་ནུས་པས་མཚོན་པ་བསྟན་པ་ནི། གཟུགས་ལ་བལྟ་བར་འགྱུར། ལྟ་བཞིན་པ། བལྟས་ཟིན་ལྟ་བུ། འདིའི་སྐོར་མང་ཆེ་བ་ལ་མགོ་ཅན་ཐོབ་ཅིང༌། མི་ཐོབ་པའང་འགའ་ཞིག་ཡོད་དེ་དཔེར་ན། རི་མོ་བསུབ་འགྱུར། སུབ་བཞིན་པ། བསུབས་ཟིན། སུབས་ཤིག་ལྟ་བུ་རྣམས་ཏེ། དུས་གསུམ་གར་མགོ་ཅན་ཐོབ་པའི་དུས་གསུམ་བྱེ་བྲག་པ། ཆོས་སོགས་བསྒྲུབ་བྱ། སྒྲུབ་བྱེད། བསྒྲུབས། སྒྲུབས་ཤིག་ལྟ་བུ། འདི་དག་ལ་དུས་གསུམ་བྱེ་བྲག་པ་ཟེར་དོན་ནི། སྔོན་འཇུག་བྱེ་བྲག་པ་གཅིག་གིས་ཕལ་ཆེར་དུས་གསུམ་སྐོར་གཅིག་བསྟན་པར་ནུས་པས་དེ་སྐད་དུ་བཏགས་པ་ཡིན་ནོ། ། a. དུས་གསུམ་གར་མགོ་ཅན་མི་ཐོབ་པའི་དུས་གསུམ་བྱེ་བྲག་པ། བཟའ་བྱ་ཟ་བྱེད་བཟས་ཟོ་ཞིག། བཀླག་བྱ་ཀློག་བྱེད་བཀླགས་ཀློགས་ཤིག། ལྟ་བུ་མང་། b. ད་ལྟ་བ་ལ་སྔོན་འཇུག་ཐོབ་པའི་དུས་གསུམ་བྱེ་བྲག་པ། བཙོ་བྱ་འཚོད་བྱེད་བཙོས་ཚོས་ཤིག། བཤད་བྱ་འཆད་བྱེད་བཤད་ཤོད་ཅིག། ལྟ་བུ་རྣམས་སོ། ། c. རྗེས་འཇུག་ས་ཡིག་གིས་འདས་སྐུལ་བསྟན་པའི་དུས་གསུམ་བྱེ་བྲག་པ། བལྟ་བྱ་ལྟ་བྱེད་བལྟས་ལྟོས་ཤིག། བརྫུ་བྱ་རྫུ་བྱེད་བརྫུས་བརྫུས་ཤིག། བསྐྱི་བྱ་སྐྱི་བྱེད་བསྐྱིས་སྐྱིས་ཤིག། བརྐུ་བྱ་རྐུ་བྱེད་བརྐུས་རྐུས་ཤིག། ལྟ་བུ། d. མགོ་ཅན་ཡང་འཇུག་ཐོབ་པའི་དུས་གསུམ་བྱེ་བྲག་པ། བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབས་སྒྲུབས་ཤིག། བསྐྱུང་བྱ་སྐྱུང་བྱེད་བསྐྱུངས་སྐྱུངས་ཤིག། བསྡོམ་བྱ་སྡོམ་བྱེད་བསྡོམས་སྡོམས་ཤིག། ལྟ་བུ་ཤིན་ཏུ་མང་། 3) དུས་གསུམ་ཐོར་བུ་བ་ནི། གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་ཅིང༌། ། ཡོད་ཀྱང་འཕུལ་ཡིག་ལས་འགྱུར་མེད་དང༌། ། འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལས། ། མི་མཐུན་པ་ནི་ཐོར་བུ་བ་ཞེས་བརྗོད། ། དུས་གསུམ་ཐོར་བུ་བ་ལ་རིགས་གསུམ་ཡོད་པ་ལས། a. དུས་གསུམ་འཕུལ་མེད་ནི། གོ་བདེའི་ཆེད་སྡོམ་ཚིག་ཏུ་སྒྲིག་ན། གོ་བྱ་གོ་བྱེད་གོ་གོ་ཞིག། ཉོ་བྱ་ཉོ་བྱེད་ཉོས་ཉོས་ཤིག། རེག་བྱ་རེག་བྱེད་རེག་རེག་ཅིག། སྤོ་བྱ་སྤོ་བྱེད་སྤོས་སྤོས་ཤིག། b. འཕུལ་ཡིག་གཅིག་ལས་འགྱུར་བ་མེད་ཀྱི་དུས་གསུམ་ཐོར་བུ་བ་ནི། དཔེར་ན། བླ་མ་ལ། བསྟོད་ཚར། བསྟོད་བཞིན་པ། བསྟོད་པར་འགྱུར། ལྟ་བུ། འདིའི་རིགས་ལ་བརྡ་སྤྲོད་སྨྲ་བ་རྣམས་ཀྱི་གཟུགས་མི་འགྱུར་བའི་བྱ་ཚིག་ཟེར། གོ་བདེའི་ཆེད་སྡོམ་ཚིག་ཏུ་བསྡུས་ན། གཉུལ་བྱ་གཉུལ་བྱེད་གཉུལད་ཉུལ་ཅིག། གཉེར་བྱ་གཉེར་བྱེད་གཉེརད་གཉེརད་ཅིག། གཟིགས་བྱ་གཟིགས་བྱེད་གཟིགས་གཟིགས་ཤིག། དཔྱད་བྱ་དཔྱོད་བྱེད་དཔྱད་དཔྱད་ཅིག། དཔྱང་བྱ་དཔྱོང་བྱེད་དཔྱངས་དཔྱོངས་ཤིག། c. མི་མཐུན་པའི་དུས་གསུམ་ཐོར་བུ་བ་ནི། དུས་གསུམ་སྤྱི་དང་བྱེ་བྲགཐོར་བུའི་རིགས་སྔ་མ་གཉིས་གང་དང་ཡང་མི་མཐུན་པའི་དུས་གསུམ་གྱི་རིགས་ལ་ཟེར། དཔེར་ན། ནོར་སོགས། དབྲོག་བྱ། འཕྲོག་བྱེད། འཕྲོགས། ཕྲོགས་ཤིགལྟ་བུ། གོ་བདེ་བའི་ཆེད་སྡོམ་ཚིག་ཏུ་བསྡུས་ན། དབྲལ་བྱ་འཕྲལ་བྱེད་ཕྲལད་ཕྲོལད་ཅིག། དབྲོག་བྱ་འཕྲོག་བྱེད་འཕྲོགས་ཕྲོགས་ཤིག། དབུབ་བྱ་འབུབ་བྱེད་ཕུབ་ཕུབས་ཤིག། གོང་དུ་བཤད་པ་དེ་དག་གིས་མ་ཁྱབ་པའི་བྱ་བྱེད་ཀྱི་ལས་ཚིག་གཞན་མེད་པས་བརྗོད་བྱ་དོན་གྱི་དུས་གསུམ་གྱི་རྣམ་པ་གསལ་པོར་ཤེས་པ་ནི་རྗོད་བྱེད་ཀྱི་ལས་ཚིག་ལ་རག་ལས་པས་གནད་འདི་དག་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་གཟིགས་པ་ནི་ཤིན་ཏུ་གལ་ཆེ་བ་སྣང་ངོ༌། ། གཞན་ཡང་ཚིག་གྲོགས་ཀྱི་དུས་གསུམ་གསལ་བྱེད་ཀྱང་འདི་ལྟར་ཡོད་དེ། བྱས། ཚར། གྲུབ། ཟིན། གྱུར། ལྟ་བུ་འདས་པ་གསལ་བྱེད་དང༌། བཞིན་པ། སྐབས། སྒང༌། ཀྱིན་རྣམས་ད་ལྟ་བ་གསལ་བྱེད་དང༌། འགྱུར། ཁ་མ། ཉེ། རྒྱུ་རྣམས་མ་འོངས་པ་གསལ་བྱེད་ཡིན་ཏེ། དཔེར་ན། བྱང་ཆུབ་མཆོག་ཏུ་བསྐྱེད་པར་བྱས། སེམས་བསྐྱེད་ཚར། བསྐྱེད་ཟིན། བསྐྱེད་པར་གྱུར། སྒྲུབ་ནས་གྲུབ། ལྟ་བུ་འདས་པ་དང༌། སྐྱེད་བཞིན་པ། སྐྱེད་པའི་སྐབས། སྐྱེད་པའི་སྒང༌། སྐྱེད་ཀྱིན་འདུག་ལྟ་བུ་ལྟ་བ། བསྐྱེད་པར་འགྱུར། བསྐྱེད་ཁ་མ། བསྐྱེད་ལ་ཉེ། བསྐྱེད་རྒྱུ་རེད། ལྟ་བུ་མ་འོངས་པ་ཡིན་ནོ། ། དེ་དག་ཀྱང་ཚིག་གྲོགས་ཀྱིས་དུས་གསལ་པར་བྱེད་པས་རྗོད་བྱེད་ཚིག་གི་དུས་གསུམ་གསལ་བྱེད་དུ་འཇོག་དགོས་སོ། །

བཞི་པ་ཚིག་རྒྱན་བཤད་པ། ཚིག་རྒྱན་ནི། སྙན་ངག་མཛེས་པར་བྱེད་པའི་ཚིག་གི་ཉམས་འདོན་བྱེད་ཀྱི་སྒྲའི་སྦྱོར་བ་ཞིག་སྟེ། དེ་ལ། སྲོལ་རྒྱུན་གྱི་ཚིག་རྒྱན། ཐུན་མོང་མ་ཡིན་པའི་རྒྱན་བཅུ། ཐུན་མོང་བ་དོན་རྒྱན་སོ་ལྔ། སྒྲ་རྒྱན། གབ་ཚིག་བཅུ་དྲུག། དེ་དག་གི་སྐྱོན་སེལ་བཅུ། གདོད་མའི་ཚིག་རྒྱན་བོད་གནའ་དུས་ཀྱི་མགུར་ཚིག། གླུ་ཚིགགཞས་ཚིག། སོགས་ཀྱི་དབྱེ་བ་མང་། རྣམས་སོ། ། (1) སྲོལ་རྒྱུན་ཚིག་རྒྱན། 1. ཐུན་མོང་མ་ཡིན་པའི་རྒྱན་བཅུ་ནི། འཕགས་ཡུལ་ལྷོ་ཤར་གཉིས་པོ་ཡི། ། སོ་སོ་ཁོ་ནའི་ལམ་སྲོལ་རྒྱན། ། ཐུན་མོང་མིན་པའི་རྒྱན་ཡིན་ནོ། ། སྦྱར་བ་རབ་དྭངས་མཉམ་ཉིད་དང༌། ། སྙན་དང་ཤིན་ཏུ་གཞོན་པ་དང༌། ། དོན་གསལ་བ་དང་རྒྱ་ཆེ་བ། ། བརྗིད་དང་མཛེས་དང་ཏིང་ངེ་འཛིན། ། ཡོན་ཏན་འདི་བཅུ་བཻདརྦྷ་པའི། ། ལམ་གྱི་སྲོག་ཏུ་བཤད་པ་ཡིན། ། འདི་དག་ཕལ་ཆེར་ལྡོག་པ་ཡིས། ། གཽ་ཌཱ་པ་ཡི་ལམ་སྲོལ་མཚོན། ། ཞེས་སོ། ། 2. དོན་རྒྱན་སོ་ལྔ་ནི། ལྷོ་ཤར་གཉིས་ཀས་ཐུན་མོང་དུ། ། འདོད་པ་ཐུན་མོང་རྒྱན་ཡིན་ནོ། ། དེ་ལ་དོན་རྒྱན་སྒྲ་རྒྱན་དང༌། ། གབ་ཚིག་རྒྱན་ཏེ་རྣམ་པར་གསུམ། ། ༈གང་ཞིག་བརྗོད་བྱའི་དོན་གྱི་ཉམས། ། གཙོ་བོར་འདོན་པ་དོན་རྒྱན་ཡིན། ། འདི་དོན་ཉེ་བར་སྟོན་པའི་ཕྱིར། ། སྙན་ངག་ལེའུ་བར་པ་གསུངས། ། ༈རང་བཞིན་བརྗོད་དང་དཔེ་དང་ནི། ། གཟུགས་ཅན་གསལ་བྱེད་སྐོར་བ་དང༌། ། འགོག་དང་དོན་གཞན་བཀོད་པ་དང༌། ། ལྡོག་པ་ཅན་དང་སྲིད་པ་ཅན། ། བསྡུས་དང་ཕུལ་བྱུང་རབ་བཏགས་དང༌། ། རྒྱུ་དང་ཕྲ་མོ་ཆ་དང་རིམ། ། དགའ་དང་ཉམས་ལྡན་གཟི་བརྗིད་ཅན། ། རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། ། རྒྱ་ཆེར་བསྙོན་འདོར་སྦྱར་བ་དང༌། ། ཁྱད་པར་མཚུངས་པར་སྦྱོར་པ་དང༌། ། འགལ་དང་སྐབས་མིན་བརྗོད་པ་དང༌། ། ཟོལ་བསྟོད་ངེས་པར་སྟོན་པ་དང༌། ། ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། ། རབ་སྤེལ་དེ་ནས་དགོངས་པ་ཅན། ། དོན་རྒྱན་སོ་ལྔ་འདི་དག་ནི། ། ལེའུ་བར་པའི་བརྗོད་གཞི་ཡིན། །ཞེས་སོ། ། 3. སྒྲ་རྒྱན་ནི། སྒྲ་དོན་གཉིས་ལས་གཙོ་བོ་སྒྲའི། ། ཉམས་ལ་བརྟེན་ནས་བརྗོད་དོན་དག ། གསལ་ཞིང་རྗོད་ཚིག་སྙན་པ་ཡི། ། ཚིག་སྦྱོར་དེ་ནི་སྒྲ་རྒྱན་ཡིན། ། དེ་ལ་ཟུང་ལྡན་རྣམ་བཞག་དང༌། ། བྱ་དཀའི་ཁྱད་པར་གཞན་བརྗོད་པ། ། དབྱངས་སོགས་ངེས་པའི་བྱ་དཀའ་གསུམ། ། 4. གབ་ཚིག་ནི། གབ་བྱའི་བརྗོད་དོན་གང་ཡིན་དེ། ། གབ་བྱེད་ཚིག་གི་སྦྱོར་བ་ཡིས། ། མངོན་པར་སྒྲིབ་ཏེ་སྐབས་མིན་གྱིས། ། གོ་མི་ནུས་པ་གབ་ཚིག་རྒྱན། ། ཀུན་ཚོགས་སླུ་བྱེད་རིམ་པ་བྲལ། ། རབ་བཅོམ་མཐུན་གཟུགས་རྩུབ་མོ་གྲངས། ། རབ་བཏགས་མིང་འདུས་བསྒྲིབས་མཐུན་སྒྲ། ། རྨོངས་དང་ཡོངས་འཕྲོག་གཅིག་གཉིས་སྒྲིབ། ། ཡོངས་འདྲེས་རྒྱན་ཏེ་བཅུ་དྲུག་ཡོད། ། ཅེས་སོ། ། 5. སྐྱོན་སེལ་ནི། སྙན་ངག་ཕུན་སུམ་ཚོགས་པའི་གཞི། ། ལུས་སྲོག་རྒྱན་གྱི་ཉམས་འགྱུར་ལས། ། ལྡོག་པའི་སྒྲ་དོན་སྐྱོན་ཅན་ནི། ། སྙན་ངག་མཁན་པོས་སྐྱོན་དུ་བགྲངས། ། དོན་ཉམས་དོན་འགལ་དོན་གཅིག་པ། ། ཐེ་ཚོམ་ཅན་དང་རིམ་པ་ཉམས། ། སྒྲ་ཉམས་གཅོད་མཚམས་ཉམས་པ་དང༌། ། སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། ། ཡུན་དུས་སྒྱུ་རྩལ་འཇིག་རྟེན་དང༌། ། ལུང་རིགས་དག་དང་འགལ་བ་སྟེ། ། བཅུ་པོ་འདི་དག་སྙན་ངག་སྐྱོན། ། སྦྱོར་ཚུལ་ཤེས་ན་དམིགས་བསལ་ཡིན། ། ཞེས་སོ། ། ཚིག་རྒྱན་གྱི་དཔེ་མཚོན་འགའ་ཞིག ཚིག་རྒྱན་དེ་དག་གི་ས་བཅད་མ་སྟོང་ཙམ་གྱིདཔེར་བརྗོད་རགས་ཙམ་འགོད་ན། དོན་རྒྱན་ནི། སྒྲ་དོན་གཉིས་ལས་དོན་གྱི་ཉམས་གཙོ་བོ་འདོན་པའི་ཚིག་རྒྱན་སྟེ་དབྱེ་བ་ནི་གོང་དུ་བཤད་པ་ལྟར་ལ་དཔེ་མཚོན་འགའ་ཞིག་བགྲངས་ན། སྐུ་ལ་ཡ་རབས་སྤྱད་པའི་རྣམ་འགྱུར་མཛེས༎ གསུང་ལ་སྐད་ཡིག་དུ་མའི་འགྱུར་ཁུག་སྐད་སྙན༎ ཐུགས་ལ་གཙུག་ལག་རིག་པའི་ཤེས་བྱ་ཟབ༎ མཐོ་རིམ་སློབ་མ་འདི་ཚོ་གཞན་ལས་འཕགས༎ ལྟ་བུ་རང་བཞིན་བརྗོད་པའི་རྒྱན། སྔོ་ལྗང་སྤང་གཞུང་གཡུ་ཡི་གཞོང་པ་བཞིན༎ བཀོད་ལེགས་ཁང་བཟང་འཆི་མེད་གྲོང་ལྟར་མཛེས༎ སློབ་མ་དག་ནི་ལྷ་ཡི་ན་གཞོན་བཞིན༎ མཐོ་སློབ་འདི་ནི་དག་པའི་ཞིང་འདྲ་དྲན༎ ལྟ་བུ་(ཆོས་དངོས་འདྲེས་པའི་) དཔེ་རྒྱན་དང་། དགེ་ལྡན་གདན་ས་ཆེན་པོའི་ལྷ་རམས་པ༎ ལེགས་སྦྱར་སློབ་གྲྭ་ཆེན་མོའི་ཨུཔཱདྷི༎ ཧིན་དྷི་རྒྱལ་ཁབ་ཆེན་པོའི་པདྨ་ཤྲཱི༎ གཙུག་ལག་སློབ་གྲྭ་ཆེན་པོའི་ངེས་སྟོན་པ༎ ལྟ་བུ་གསལ་བྱེད་(རིགས་མཐའ་གསལ) ཀྱི་རྒྱན་དང་། ཞལ་རས་ཟླ་བ་གསར་པའི་མེ་ལོང་ལས༎ ཟུར་མིག་འོད་སྣང་དཀར་པོའི་འཛུག་ཞགས་ཀྱིས༎ མི་ཚོགས་ནགས་ཀླུང་འཁྲིགས་པའི་སྲུབ་ཀ་ནས༎ བདག་སེམས་རྦད་དེ་བཅིངས་སོང་ཡིད་འོང་མ༎ ལྟ་བུ་(མི་མཉམ་པའི) གཟུགས་རྒྱན་དང་། དྲིན་ཅན་ཕ་མ་གངས་ཅན་བོད་དུ་ལུས༎ བརྩེ་བའི་སྙིང་སྡུག་ཨ་རིར་ཡུལ་དུ་ཤོར༎ དབྱངས་ཅན་མགུལ་རྒྱན་ད་དུང་བསྒྱུར་རྒྱུ་ལུས༎ ཟླ་བའི་མི་ཚེ་ཀྱག་ཀྱོག་མང་པོ་ཞིག ། ལྟ་བུ་སྐྱོ་ཉམས་དང་འདྲེས་པའི་གསལ་བྱེད་ཀྱི་རྒྱན། ཆེས་མཐོའི་སློབ་གྲྭ་འདི་ཡི་སློབ་མ་ཚོ༎ ཁ་ཅིག་ལྟེ་ཁྲག་གངས་ཅན་བོད་དུ་འཕོས༎ འགའ་ཞིག་མཛེས་སྐུ་འབྲུག་པའི་གླིང་ན་བལྟམས༎ ལ་ལ་སྐྱེ་བ་ལ་དྭགས་ཁུལ་དུ་བཞེངས༎ ལྟ་བུ་(དོན) བསྐོར་བའི་རྒྱན་དང་། ཡིད་འོངས་སྙིང་སྡུག་མ་ཁྱོད་ཌོར་ལོར་ཆེད༎ ཨ་རིར་འཕུར་བར་འདོད་ན་དེ་བཞིན་མཛོད༎ སྦྱར་སྡོང་རྐང་ཅིག་འདྲ་བའི་ཕོ་གཞོན་ངའང་༎ ཁ་ལ་དཔོག་པའི་སོ་ཞིག་རག་པར་ངེས། །

ལྟ་བུ་(རྗེས་གནང་གི་) འགོག་པའི་རྒྱན་དང་། 

ཐ་ཤལ་སྐྱེ་བོ་ཆང་ཁང་ལ་དགའ་མོད༎ དཔྱོད་ལྡན་ཕོ་རབ་དག་ནི་དེ་ལྟར་མིན༎ ཁྱི་ཕག་སྐྱག་ཚང་འགྲིམ་པར་དགའ་ན་ཡང་༎ ནགས་ཀྱི་སྟག་སེང་དག་ནི་དེ་ལྟར་མིན༎ ལྟ་བུ་འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ་དང་། དཀར་པོའི་ཞལ་ལ་དམར་པོའི་མཆུ་སྒྲོས་འཛུམ༎ སྲབ་འཇམ་གོས་ལས་བརླ་དང་ནུ་མ་འབུར༎ ནམ་མཁའི་ལྷ་མོ་འདྲ་བའི་རྒྱ་མོ་འགའ། ། འབྲོག་རྒན་རྣམས་ཀྱི་མིག་ལ་འདྲེ་མོར་སྣང་༎ ལྟ་བུ་རྣམ་འགྱུར་གྱི་རྒྱུ་དང་། དགེ་ཆོས་ཀྱིས། སྤྱང་ཀི་ཤ་ཟོན་རི་བོང་རྩ་ཟན་གཉིས༎ ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས༎ རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ༎ རང་རང་སོ་སོའི་སྤྱོད་པ་སྐྱོང་ན་ལེགས༎ ལྟ་བུ་བསྡུས་བརྗོད་རང་བཞིན་གྱི་འགོག་རྒྱན་ཏེ། དེས་མཚོན་ནས་གཞན་ཡང་ཤེས་པར་བྱ་དགོས། ། སྒྲ་རྒྱན་ནི། སྒྲ་དོན་གཉིས་ལས་སྒྲའི་ཉམས་གཙོ་བོ་འདོན་པའི་ཚིག་རྒྱན་ཏེ། དབྱེ་བ་ནི་གོང་དུ་བཤད་པ་ལྟར་ལ་དཔེ་མཚོན་འགའ་ཞིག་བགྲངས་ན། ཨ་ཁུ་བསྟན་པ་དྲན་རྒྱུ་རྒོད་པ་དང་༎ ཨ་ནི་ཆུང་ཆུང་བློ་རྒྱུ་ཆུང་བ་གཉིས༎ ཡ་མེད་ཚ་བའི་ལས་ཀ་མང་དྲགས་པས༎ ཡ་མཚན་གཏམ་བརྒྱུད་ད་ལྟའི་བར་དུ་ལུས༎ ལྟ་བུ་ཐོག་མ་གཉིས་འདྲ་མཐའ་མ་གཉིས་འདྲའི་ཚིག་བཅད་ཀྱི་མགོར་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན་དང་། ཨ་ཚོགས་ཨ་མདོར་སོང་ནས་ཨ་བོར་ཆགས༎ ཨ་ཚོགས་ཨ་ཕས་ཨ་ཁ་ཁ་ཞེས་ཟེར༎ ཨ་ཚོགས་ཨ་རིར་སོང་ནས་ཨ་ཅག་རག ། ཨ་ཚོགས་ཨ་མས་ཨ་ལ་ལ་ཞེས་ཟེར༎ ལྟ་བུ་བསྲེས་པའི་ཟུང་ལྡན་དང་། (ཨ་ཚོགས་ནི་ཡུལ་མིང་གང་ཟག་ལ་བཏགས་པ་སྟེ་ནོར་གླིང་སྙན་ངག་དགེ་རྒན་ཤེས་བྱ་རིག་གནས་ཕལ་ཆེ་བར་གཞན་དྲིངས་མི་འཇོག་པའི་མཁས་པ་ཡིན་ཡང་། རྒྱུན་ལྡན་གྱི་ཀུན་སྤྱོད་གྲྭ་པ་ལས་བཙུན་པའི་མི་ཡ་རབས་ཤིག་ཡིན། འདི་ནི་ཁོང་གི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་བརྗོད་ལུས་སུ་བསྡུས་པ་ཡིན) ། ཡིད་འོང་མཛེས་མ་སྐལ་བཟང་དབང་མོ་ཡིས༎ བསྟན་འཛིན་དགྲ་འདུལ་ཐུགས་སེམས་རྦད་དེ་འཕྲོགས༎ ཚེ་རིང་ཆོས་སྒྲོན་མཛུམ་པའི་མདངས་ཀྱིས་ཀྱང་༎ བསྟན་འཛིན་དགྲ་འདུལ་ཐུགས་སེམས་རྦད་དེ་འཕྲོགས༎ ལྟ་བུ་གཉིས་པ་དང་བཞི་པ་བཟློས་པའི་སྒྲ་རྒྱན། རྗེ་ཙོང་ཁ་པས། ཀེ་རུ་ཞེས་གྲགས་གནས་འདིར་འཁོད་པ་རྣམས། ། ཁེ་དང་རྙེད་བཀུར་དོར་ཏེ་ཆོས་ལ་གཞོལ། ། གེ་སར་ཉི་ཤར་འོད་ཀྱིས་མཛེས་པ་བཞིན། ། ངེ་རང་རྣམས་ཀྱང་གསུང་རབ་སྣང་བས་རྩེན། ། ལྟ་བུ་ཨེ་ཡིག་དབྱངས་ངེས་བྱ་དཀའི་ཀ་རྩོམ། ཀོ་ཀ་ལི་ཀའི་མགྲིན་པའི་སྤུ་བཞིན་དུ། ། ཁོ་ར་ཁོར་ཡུག་ཚོན་གྱིས་བཀྲ་བ་འདིར། ། གོ་ཆ་བགོས་པའི་སྙིང་སྟོབས་ཆེན་པོ་ཡིས། ། ངོ་མཚར་ཐུབ་པའི་གསུང་ལ་སྦྱངས་ན་ལེགས། ། ལྟ་བུ་ཨོ་ཡིག་དབྱངས་ངེས་བྱ་དཀའི་ཀ་རྩོམ་དང་། རྗེ་སི་ཏུ་པཎ་ཆེན་གྱིས། ཀིཾ་ཤུ་ཀ་ཡི་ལྗོན་ཤིང་ལ། ། ཁུ་བྱུག་ཕོ་མོ་སྒྲ་འབྱིན་པའི། ། གེ་སར་རྒྱས་ལྡན་དཔྱིད་ཀྱི་དཔལ། ། ངོ་མཚར་དུས་ཀྱི་དང་པོ་ལ། ། ཅི་ཡང་དགའ་བར་བྱེད་པ་ཡི། ། ཆུ་ཁུར་ཅན་གྱི་ཕྲེང་བྲེས་ཤིང༌། ། ཇེ་ཞིག་ལྟར་ན་ཆར་རྒྱུན་གྱིས། ། ཉོན་མོངས་ལྟ་བུའི་གདུང་བ་བཅིལ། ། ལྟ་བུ་བོད་རང་གི་དབྱངས་ལྡན་ཀ་བཤད་དེ། ཡང་ན། ཀི་ཤར་བརྒྱབ་ནས་གནམ་ས་དབྲལ་བ་དང་། ། ཁུ་ཚུར་འཕྱར་ནས་རྫིག་རྫིག་སྐུལ་བའི་སྐབས། ། གེ་སར་རྒྱལ་པོ་ནང་བཞིན་དཔའ་ན་ཡང་། ། ངོ་མ་གཏུགས་ན་ཁྲོ་ཐུང་ལས་ཀྱང་སྡར། ། ལྟ་བུའམ། རི་བོ་ཆེན་པོ་བྱེ་མའི་གོས་ཀྱིས་བསྟིམས། ། ལུ་གུ་ཆུང་ཆུང་ལྟོགས་ཤི་ཐེབས་པའི་ཤུལ། ། ཤེ་ཁྲལ་ཕྲག་ལ་ཕབ་པའི་བཀའ་ཡིག་འདི། ། སོ་མེད་ཉ་ལ་སྤུ་ཁྲལ་འགེལ་དང་མཚུངས། ། ལྟ་བུ། དགེ་འདུན་ཆོས་འཕེལ་གྱིས། ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིང་དང་༎ ཁ་བ་ཅན་གྱི་རྒྱལ་ས་ལྷ་ས་སོགས༎ ག་ས་གང་ལ་གནས་པའི་མི་འདི་རྣམས༎ ང་ཡིས་བལྟས་ན་ཆ་ལུགས་གཅིག་པར་མཐོང་༎ ལྟ་བུ་བོད་རང་གི་ཀ་རྩོམ་སྒྲ་རྒྱན་ཏེ། དེས་མཚོན་ནས་གཞན་ཡང་ཤེས་པར་བྱའོ། ། གབ་ཚིག་ནི། རྩོམ་པ་པོའི་བསམ་བློའི་རྣམ་དཔྱོད་དང་ངག་གི་སྒྱུ་རྩལ་ལ་བརྟེན་ནས་ཚིག་གི་སྦྱོར་བ་ཧ་ཅང་ཉན་སྤྲོ་ཡང་། དོན་གྱི་སྦྱོར་བ་གབ་བྱའི་དོན་དེ། སྐབས་སུ་མ་བབ་པའི་མིས་ཐད་ཀར་གོ་བ་མི་ནུས་པའི་ཚིག་སྦྱོར་ཏེ། ལྟ་ན་མིག་གི་ཡུལ་དུ་ལྷག་པར་མཛེས ། ། རེག་ན་ལག་པ་ཁྲག་གིས་སྦག་པའི་རྒྱུ ། ། མཛེས་ལྡན་གོས་ཆེན་མེ་ཏོག་གསར་པ་འདི། ། སེམས་ལ་རྨ་ཁ་གཏོད་པའི་མཚོན་ཆ་དངོས། ། ལྟ་བུ། (གབ་བྱ་རྩོད་གཞི་ཅན་གྱི་བུ་མོ་ཞིགགབ་བྱེད་གོས་ཆེན་མེ་ཏོག) གབ་བྱའི་དོན་དེ་དངོས་སུ་མ་བརྗོད་པར་དེ་དང་ཕྱོགས་མཐུན་པའི་གཟུགས་སམ་དངོས་པོ་ཕལ་བ་ཞིག་བཀོད་པའི་ཚིག་སྦྱོར་གྱིས་གབ་བྱ་དེ་ཉིད་བསྒྲིབས་པས། མཐུན་གཟུགས་གབ་ཚིག་ཡིན། ཡང་ན། ནག་པོའི་ཟས་ཀྱིས་ཡུན་རིང་འཚོ་བ་ལས ། ། ལུས་ཀྱི་གཟི་མདངས་གཞན་ལས་ལྷག་པར་རྒྱས ། ། རིགས་མཐུན་ཁྲོད་ནས་འབུར་དུ་ཐོན་པ་འདི ། ། ནགས་ཀྱི་གསེབ་ན་རྒྱུ་བའི་རྨ་བྱ་ཡིན ། ། ལྟ་བུ། (གབ་བྱ་དཀོར་ནག་གིས་འཚོས་པའི་སྤྲུལ་རྫུན་དང་གབ་བྱེད་རྨ་བྱ) ཚིག་གི་ཆོས་ཙམ་མཚུངས་པའི་ཚིག་སྦྱོར་དེ་དག་གབ་བྱ་གབ་བྱེད་གཉིས་ཀ་ལ་འཇུག་པ་གསལ་བས་གབ་བྱ་དེ་ཉིད་བསྒྲིབས་པར་བྱས་པས། སྒྲིབ་པའི་གབ་ཚིག་ཡིན། སྡེ་དགེ་ཐུབ་བསྟན་ཕུན་ཚོགས་ཀྱིས། མཁས་པའི་དཔལ་དང་བཙུན་པའི་ངང་ཚུལ་བཟང་༎ མཐོན་པོའི་ཐོབ་དང་དཔའ་བོའི་ཁེངས་པ་སོགས༎ ཅིག་ཅར་དབང་དུ་བསྡུ་བའི་བདག་ཉིད་ཅན༎ ཏ་ལ་ས་དང་ཞབས་ཀྱུ་ལྡན་པ་ཉིད༎ ལྟ་བུ་ཡང་གསལ་བྱེད་རང་བཞིན་གྱི་གབ་ཚིག་དང་། ཡང་ན། ལ་དོན་སུ་ལ་ཨི་ཕྱིས་ནས༎ དེ་ལ་གསུམ་པའི་དང་པོ་སྦྱར༎ དེ་ལ་ཨ་ལི་གཉིས་པ་སྦྱར༎ དེ་ནི་སྙོག་དྲ་འབྱུང་བའི་གཞི༎ ལྟ་བུ་ཡང་གྲངས་དང་འབྲེལ་བའི་གབ་ཚིག་རང་བཞིན་གྱི་རྒྱན་ཡིན་ཟེར་དགོས༎ རྒྱས་པ་ནི་རྒྱན་གྱི་བསྟན་བཅོས་དཔང་ཊིཀ་དང་། རི་སྤྲུངས་པའི་སྙན་འགྲེལ་མི་འཇིགས་སེང་གེ་ཁྲོས་པའི་ང་རོ། ༸གོང་ས་ལྔ་པའི་དབྱངས་ཅན་དགྱེས་གླུ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་དཎྜིའི་དགོངས་རྒྱན་དང་། སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས། འཇུ་མི་ཕམ་པའི་མཚོ་བྱུང་ངག་གི་རོལ་མཚོ། འབྲུག་ཁམས་སྤྲུལ་གྱི་ཁམས་འགྲེལ་ཆེན་མོ། དུང་དཀར་གྱི་ཚིག་རྒྱན་རིག་པའི་སྒོ་འབྱེད། བསེ་ཚང་གི་ཚངས་སྲས་བཞད་པའི་སྒྲ་དབྱངས་། ཐུབ་བསྟན་ཕུན་ཚོགས་ཀྱི་གངས་ཅན་གཞོན་ནུའི་རོལ་མཚོ། དགེ་འདུན་སྦྱིན་པའི་ལེའུ་བར་པའི་བསྡུས་འགྲེལ། ཧོར་གཙང་འཇིགས་མེད་ཀྱི་ཚངས་སྲས་དགྱེས་པའི་འཛུམ་ཟེར། དབྲ་ཆུང་སྐལ་བཟང་ནོར་བུའི་ཨེ་སང་ལྷ་མོའི་མགུར་རྒྱན་སོགས་ལ་གཟིགས་ནས། སྒྲ་དོན་གབ་གསུམ་གྱི་ཚིག་རྒྱན་ལ་ནང་བྱན་པར་གནང་དགོས།

(2)  གདོད་མའི་ཚིག་རྒྱན་གྱི་མགུར། 

1. བོད་བཙན་པོའི་དུས་རབས་ཀྱི་མགུར། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་མགུར་རྣམས་ཏེ། དཔེ་མཚོན་ཙམ་བགྲང་ན། བྱ་རོ་རོ་ ན་མདུང་གི་རྩེ་རང་ནིག །

              ཡོས་ རོ་རོ་ན་ལྷམ་གྱི་གོང་ར་ ནིག། 
              བརླའ་བརྡུངས ། 
               སྤུར་བཏབ ། 
                འྭོ(འོབ་)   དེ་མྱེད་སྤུ་དེ་མྱེད། ། ལྟ་བུ། 

དེ་གོ་བདེ་རུ་གཏོང་ན། ཡབ་བཙན་པོ་བཀྲོངས་པའི་དགྲ་ཤ་ལ། ། བྱ་(ལོ་ངམ་ཕྱོགས་གཏོགས་ཀྱི་ཕོ་བརྒྱ) ཐམས་ཅད་མདུང་གི་རྩེ་ན་གཟེར། ། ཡོས་(ལོ་ངམ་ཕྱོགས་གཏོགས་ཀྱི་མོ་བརྒྱ) ཐམས་ཅད་རྡོག་པའི་འོག་ཏུ་བརྫིས། ། དགྲ་ཤ་པའི་བརླ་རུས་རྔ་བཞིན་བརྡུངས། ། ཡབ་བཙན་པོའི་བང་སོ་གསར་དུ་བརྩེགས། ། སྡང་དགྲ་བོ་རྩ་མེད་ཤུལ་བརླགས་བཏང་། ། ཟེས་པ་དེ་ཡིན། རྒྱས་པ་ནི་ཁོ་བོས་བྲིས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་གཟིགས་དགོས། 2. བོད་སིལ་བུའི་སྐབས་ཀྱི་མགུར། བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་སོང་རྗེས་སྐད་གསར་བཅད་ཐེངས་གསུམ་པ་དང་མཐུན་པའི་ཚིག་སྦྱོར་ལྟར་རྩོམ་པའི་གནའ་མགུར་རྣམས་ཡིན། དཔེ་མཚོན་ཙམ་བཀོད་ན། མར་ལོའི་རྣམ་མགུར་ལས། ཤར་ཆུ་བོ་གང་གཱའི་འགྲམ་དུ་ཕྱིན། ། རྗེ་མཻ་ཏྲི་པ་ཡི་བྱིན་བརླབས་ཀྱིས། ། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། ། སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། ། ལྟ་བུ། 3. བླ་མའི་དུས་རབས་སྐབས་ཀྱི་མགུར། ས་སྐྱའི་སྲིད་རབས་ནས་ད་ལྟའི་བར་བོད་གདོད་མའི་རྩོམ་འགྲོས་ལྟར་བྲིས་པའི་མགུར་གྱི་སྐོར་ལ་ཟེར། དཔེ་མཚོན་ཙམ་བཀོད་ན། རྗེ་དགེ་འདུན་གྲུབ་པས། ཤར་གངས་རི་དཀར་པོའི་རྩེ་མོ་ནས། ། སྤྲིན་དཀར་པོ་གནམ་ལ་བསྙེགས་བ། ། དེ་མཐོང་བའི་མོད་ལ་བླ་མ་དྲན། ། དྲིན་བསམ་ཞིང་བསམ་ཞིང་དད་པ་སྐྱེས། ། ལྟ་བུ། 4. བོད་དམངས་ཁྲོད་ཀྱི་མགུར། རྒྱ་ཆེ་མང་ཚོགས་ཀྱི་ཚོར་བའི་རླབས་རིས་ལས་རང་བཞིན་གྱིས་འཕྱུར་འོང་བའི་དོན་གནད་རྣམས་རང་བྱུང་སྒྱུ་རྩལ་གྱི་མཛེས་རྒྱན་ལྡན་པའི་ངག་གི་རང་བཞིན་གླུ་ཚིག་ཏུ་བཅོས་པའི་མགུར་གླུ་རྣམས་ཏེ། དཔེ་མཚོན་ཙམ་བཀོད་ན། བོད་ལྗོངས་སྐྱིད་པའི་ཉི་མ། ། དྭགས་པོའི་ཁོག་ནས་ཤར་བྱུང་། ། རྡོ་རིང་ལྷ་ལྕམ་སྐུ་ཞབས། ། རྐུབ་ལ་དུ་དྲི་ཁ་བྱུང་། ། ལྟ་བུ། རྒྱས་པ་གཞན་ལས་ཤེས་པར་བྱ་དགོས།

ལྔ་པ་ཚིག་སྦྱོར་བཤད་པ། ཚིག་གི་སྦྱོར་བ་ཞེས་པ་ནི་ཚིག་མང་པོ་ཚོགས་པ་ལ་སྡེབ་སྦྱོར་སྒྲིག་ཚུལ་གྱི་ཁྱད་པར་ཏེ། དེ་ལ་ཚིགས་བཅད་དང་། ཚིགས་ལྷུག། ཚིགས་སྤེལ་བ་གསུམ་ཡོད། (༡) ཚིགས་བཅད་ནི། རྐང་པས་ངེས་པར་བཅད་པའི་ཚིག་སྦྱོར་ཏེ། སྙན་དངགས་ཀྱི་གཞུང་ལས་བྱུང་བའི་ཚིགས་བཅད་ལ་རྐང་པ་བཞིར་ངེས་སོ། ། (1) བརྗོད་དོན་བསྡུས་ཚུལ་གྱི་སྒོ་ནས། གྲོལ་བ་དང་རིགས་དང་མཛོད་དང་འདུས་བ་བཅས་བཞིར་འདུས་སོ། ། 1. གྲོལ་བ་ནི། བརྗོད་དོན་གང་ཡིན་པ་དེ་ཚིག་བཅད་གཅིག་ཏུ་རྫོགས་པ་ལ་ཟེར། 2. རིགས་ནི། བརྗོད་དོན་གཅིག་ཉིད་ཚིག་བཅད་དུ་མ་འདུས་པའི་མཐར་བྱ་ཚིག་གཅིག་གིས་སྟོན་པ་ལ་ཟེར། 3. མཛོད་ནི། བརྗོད་བྱ་སྣ་ཚོགས་པ་ལ་རྗོད་བྱེད་གཅོད་མཚམས་ཤོ་ལོ་ཀ་དང་བྱ་ཚིག་མང་ཉུང་ཅི་རིགས་པར་ཟེར། 4. འདུས་པ་ནི། ཚིགས་བཅད་དུ་མ་དང་དང་བྱ་ཚིག་དུ་མས་དོན་གཅིག་སྟོན་པར་ཟེར།

(2)    ཚིག་གི་སྡེབ་སྦྱོར་སྒྲིག་སྟངས་ཀྱི་སྒོ་ནས། ཚིགས་བཅད་དེ་ལ། བྲྀཏྟ་ཞེས་པ་རྒྱུད་འཕེལ་དང་། ཛཱ་ཏི་ཞེས་པ་སྐྱེད་པ་གཉིས། 

དང་པོ་བྲྀཏྟ་ནི། རྒྱུད་འཕེལ་བ་སྟེ་ཡི་གེ་བགྲང་པའོ། དེ་ལ་མཉམ་པ། ཕྱེད་མཉམ། མི་མཉམ་པ་གསུམ་ཡོད། 1. མཉམ་པ་ནི། རྐང་པ་བཞི་ཀ་ཡི་གེའི་གྲངས་སོགས་མཚུངས་པ་དང་། 2. ཕྱེད་མཉམ་པ་ནི། རྐང་པ་དང་པོ་དང་གསུམ་པ་མཚུངས་ཤིང་། གཉིས་པ་དང་བཞི་པ་མཚུངས་པ་དང་། 3. མི་མཉམ་པ་ནི། རྐང་པ་བཞི་ཀ་མི་མཚུངས་པ་རྣམས་སོ། ། གཉིས་པ་ཛཱ་ཏི་ནི། ཕྱི་མོ་བགྲང་པའམ་སྐྱེད་པ་སྟེ། རྒྱ་གར་བའི་ལུགས་ལ། འཕགས་མ། རོ་ལངས་མ། ཕྱི་མོ་མཉམ་པའི་ཛཱ་ཏི་དང་གསུམ་ཡིན་ལ། 1. འཕགས་མ་ནི། བོད་ལ་དེ་དག་གི་ཕྱོགས་མཐུན་པ་རྐང་པ་བཞི་ཀ་དབྱངས་མི་མཉམ་པ་དང་། 2. རོ་ལངས་མ་ནི། ཕྱེད་མཉམ་པ་དང་། 3. ཕྱི་མོ་མཉམ་པ་ནི། བཞི་ཀ་མཉམ་པ་རྣམས་དང་ཕྱོགས་ཙམ་འདྲ་ཞེས་རྒྱལ་དབང་འབྲུག་ཆེན་པས་གསུངས།

དྲུག་པ་བོད་སྐད་ཀྱི་ཚིག་སྦྱོར། (༡) ཚིགས་བཅད་ནི། ཚེག་བར་གསུམ་པ་ནས་བཅོ་ལྔ་དང་། དེ་ནས་ཉེར་ལྔ་དང་སོ་བདུན་བར་སྦྱོང་པའི་སྲོལ་ཡོད། ད་དུང་འགྲོ་མགོན་ཆོས་འཕགས་དང་ཞང་ཞུང་པ། མཁས་གྲུབ་ཆོས་རྗེ་སོགས་ཀྱི་མཛད་པའི་ཚེག་བར་གཉིས་བརྒྱ་ལྷག་གི་ཚིག་རྐང་ཅན་གྱི་ཚིགས་བཅད་ཀྱང་ཡོད་དོ། ། སྡེབ་སྦྱོར་གྱི་གྲངས་ཀ་འདི་དག་ལ་རྒྱ་གར་བའི་ཐ་སྙད་འདི་ལྟར་སྦྱོར་སྣང་སྟེ། རྐང་པའི་ཡི་གེའི་གྲངས་ནི། ཡི་གེ་གཅིག་པ་བརྗོད་པ། གཉིས་པ་རྗེས་སུ་བརྗོད་པ། གསུམ་པ་བར་མ། བཞི་པ་རབ་གནས། ལྔ་པ་ལེགས་པར་རབ་གནས། དྲུག་པ་དབྱངས་སྒྲོགས། བདུན་པ་རབ་དགའ། བརྒྱད་པ་རྗེས་སྔགས། དགུ་པ་བྲྀཧསྟི། བཅུ་པ་འཕྲེང་ལྡན། བཅུ་གཅིག་པ་གསུམ་སྔགས། བཅུ་གཉིས་པ་སྐྱེ་འགྲོ། བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོ། བཅུ་བཞི་པ་ནུས་ལྡན། བཅོ་ལྔ་པ་ཤིན་ཏུ་ནུས་ལྡན། བཅུ་དྲུག་པ་ལེགས་སྤྱོད། བཅུ་བདུན་པ་ཤིན་ཏུ་ལེགས་སྤྱོད། བཅོ་བརྒྱད་པ་བསྟན་འཛིན། བཅུ་དགུ་པ་ཤིན་ཏུ་བསྟན་འཛིན། ཉི་ཤུ་པ་བྱེད་ལྡན། ཉེར་གཅིག་པ་རབ་བྱེད་ལྡན། ཉེར་གཉིས་པ་ཀུན་བྱེད་ལྡན། ཉེར་གསུམ་པ་རྣམ་བྱེད་ལྡན། ཉེར་བཞི་པ་ལེགས་བྱེད་ལྡན། ཉེར་ལྔ་པ་ཤིན་ཏུ་བྱེད་ལྡན། ཉེར་དྲུག་པ་ལྷག་པར་བྱེད་ལྡན་ནོ། ། ཉེར་བདུན་ནས་རྒྱུན་ཆགས་དང་རབ་བསགས་ཞེས་བྱའོ། ། 1 ཚེག་བར་གསུམ་པ། ཝཱ་ཎ་ཡི། ། མཐོ་སློབ་འདི། ། མཁས་མང་གི། ལྟེ་གནས་ཡིན། ། ལྟ་བུ། 2 ཚེག་བར་བཞི་པ་ཅན། ཝྭ་ར་ཎཱ་སིའི། གཙུག་ལག་སློབ་གླིང་། ། མཁས་མང་ཚོགས་པའི། ། ལྟེ་གནས་རང་ཡིན། ། 3 ཚེག་བར་ལྔ་པ་ཅན། དྲང་སྲོང་གི་ནགས་འདབས། ། ཝཱ་ཎཱ་ཡི་སློབ་ཆེན། ། འཕགས་བོད་ཀྱི་མཁས་མང། ། འཛོམས་ས་ཡི་གནས་མཆོག། 4 ཚེག་བར་དྲུག་པ་ཅན། གནས་མཆོག་ཝཱ་རཱ་ཎཱ་སིའི། ། གཙུག་ལག་སློབ་གྲྭ་ཆེན་མོ། ། འཕགས་བོད་གནའ་དེང་མཁས་མང་། ། ཚོགས་པའི་ལྟེ་གནས་རང་ཡིན། ། 5 ཚེག་བར་བདུན་པ་ཅན། གནས་མཆོག་དྲང་སྲོང་གི་ནགས་འདབས། ། ཆེས་མཐོའི་གཙུག་ལག་གི་སློབ་གྲྭར། ། འཕགས་བོད་གནའ་དེང་གི་མཁས་པ། ། འདུས་པའི་ལྟེ་གནས་རང་ཆགས་ཡོད། ། 6 ཚེག་བར་བརྒྱད་པ། གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས། ། ཝཱ་ཎའི་ཆེས་མཐོའི་གཙུག་ལག་སློབ་གྲྭ། ། འཕགས་བོད་གནའ་དེང་མཁས་པ་དུ་མ། ། མཉམ་དུ་འཛོམས་སའི་ལྟེ་གནས་རང་ཡིན། ། 7 ཚེག་བར་དགུ་པ། ། རྨད་བྱུང་དྲང་སྲོང་ལྷུང་བའི་ནགས་ཀླུང་འདབས། ། ཡིད་འོང་ལྟ་ན་སྡུག་པའི་མཐོ་སློབ་འདིར། ། འཕགས་བོད་གནའ་དེང་མཁས་མང་བྱེ་བ་ཕྲག། ལྷན་ཅིག་ཚོགས་པའི་ལྟེ་གནས་ཉིད་དུ་ངེས། ། ལྟ་བུ། རིགས་འགྲེ། (༢) ཚིག་ལྷུག་ནི། རྐང་པས་ངེས་པར་མ་བཅད་པའི་ཚིག་སྦྱོར་ཏེ། རྒྱ་གར་བའི་སྔོན་གྱི་མཁས་པ་ཚོས་འདི་ལ་བརྗོད་པ་དང་གཏམ་གཉིས་སུ་ཕྱེ་ནས། སྔ་མ་འདས་པའི་ལོ་རྒྱུས་བརྗོད་པའི་ཚིག་ཕྲེང་དང་། ཕྱི་མ་ད་ལྟའི་གནས་བབ་བརྗོད་པའི་ཚིག་ཕྲེང་དུ་འགྲེལ་བར་སྣང་མོད། བོད་རང་གི་རྩོམ་རིག་ནང་མེ་ལོང་མ་བོད་བསྒྱུར་མ་བྱས་པའི་སྔོན་ལ་ཚིག་ལྷུག་འབྲི་བའི་སྲོལ་ཡོད་པ་ཙམ་ལས། ལྷུག་རྩོམ་ལ་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ལྡན་པའི་བཤད་པ་ཁ་གསལ་ལྡན་པ་ཞིག་ད་ཕན་མཐོང་མྱོང་མེད། འདིར་དུས་རབས་ཀྱི་བྱུང་རིམ་དང་། སྤྱི་ཚོགས་ཀྱི་གནས་བབ། ཚོར་བའི་འགྱུར་འགྲོས་ཅི་རིགས་ལ་བརྟེན་ནས་ཕྱོགས་བསྡོམས་བྱས་ན། (1) གདོད་མའི་ཚིག་ལྷུག་གམ་ཡང་ན་གནའ་རྩོམ་ཚིག་ལྷུག་(གཙོ་བོ་བོད་ཀྱི་གདོད་མའི་དུས་རབས་ནས་གསུང་རབ་བོད་བསྒྱུར་གྱི་འཕེལ་རིམ་ཤུགས་ཆེར་མ་བྱུང་བའི་བར་) དང་། (2) སྲོལ་རྒྱུན་ཚིག་ལྷུག་གམ་ཡང་ན་གཞན་བརྟེན་ཚིག་ལྷུག་(གཙོ་བོ་བོད་བཙན་པོའི་དུས་རབས་ནས་བོད་སིལ་བུའི་དུས་རབས་བར་གྱི་རྒྱ་གར་བའི་ཆོས་ལུགས་བོད་བསྒྱུར་བྱས་པའི་ཚིག་སྒྲོས་དང་སྒོ་བསྟུན་པ) ། (3) ཚིག་སྡུད་ལྷུག་རྩོམ་(བོད་བླ་མའི་དུས་རབས་སྤྱི་དང་ལྷག་པར་དགའ་ལྡན་ཕོ་བྲང་སྐབས་ཀྱི་གཞུང་ཡིག) ། (4) དམངས་ཁྲོད་ལྷུག་རྩོམ། (རྒྱ་ཆེ་མང་ཚོགས་ཀྱི་ངག་ནས་རང་བཞིན་གྱིས་རྡོལ་འོང་བའི་སྐད་ཆའི་སྒྲོས། འདི་ནི་མེས་པོའི་ཤུལ་བཞག་གི་ཞལ་རླངས་དྲོན་པོ་དང་ཁ་བའི་བླ་སྲོག་གི་ཟུངས་ཁྲག་ཉག་གཅིག་དེ་ཡིན) (5) དུས་རབས་ལྷུག་རྩོམ་(ནུབ་ཕྱོགས་པ་དང་རྒྱལ་ཁབ་གཞན་གྱི་ཤན་ཤུགས་ཐེབས་པའི་ལོ་རབས་བརྒྱད་ཅུའི་ཚུན་ཆད་) བཅས་སུ་བསྡུ་ནུས་པར་སེམས། (༣) ཚིགས་སྤེལ་མ་ནི། བཅད་ལྷུག་བསྲེས་པའི་ཚིག་སྦྱོར་ལ་ཟེར། འཕགས་ཡུལ་གྱི་ཟློས་གར་གྱི་གཞུང་ལུགས་ཕལ་ཆེ་བ་འདིའི་ནང་དུ་འབྲི་བའི་སྲོལ་དལ་བ་ལྟར་བོད་ཀྱི་མཁས་པ་ཀློང་ཆེན་པ་དང་། རྗེ་ཙོང་ཁ་པ། འབྲུག་པ་པད་དཀར། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་སོགས་ཀྱིས་སྤེལ་མའི་རྣམ་ཐར་དང་རྟོགས་བརྗོད་སོགས་ཚིག་སྦྱོར་འབུར་དུ་ཐོན་པ་དུ་མ་བྲིས་ཡོད། གངས་ཅན་བོད་ཀྱི་བརྗོད་པ་ངག་གི་འཕྲུལ། ། མིང་ཚིག་ཡི་གེའི་རྣམ་བཤད་སྙིང་བསྡུས་འདི། ། དཔྱོད་ལྡན་ལྷུན་གྲུབ་རྡོ་རྗེས་སྐུལ་བ་ལྟར། ། འཇིགས་མེད་རིག་པའི་དབང་གི་རྒྱལ་པོས་སྦྱར། ། དཔྱོད་ལྡན་སློབ་མ་ལྷུན་གྲུབ་རྡོ་རྗེས་ཇི་ལྟར་སྐུལ་བ་བཞིན། རབ་བྱུང་རི་ཟླའི་ཆུ་སྦྲུལ་ལོའི་གནམ་ལོ་གསར་པའི་ཚེས་གཉིས་ནས་བཞི་བར་ཉིན་གསུམ་རིང་། དང་བླངས་སློབ་མ་ཁག་གཅིག་ལ་ཚོགས་གསུམ་གྱི་ཟབ་སྦྱོང་གོ་སྒྲིག་གནང་བའི་སློབ་ཁྲིད་ཀྱི་མ་ཟིན་དུ། དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་ཀྱིས། ཝཱ་ར་ཎཱ་སི་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་རང་ཤག་ཏུ། སྤྱི་ལོ༢༠༡༣ཟླ་༡ཚེས་༦གི་དགུང་མོ་ཆུ་ཚོད་བརྒྱད་པ་ནས་མགོ་བཙུགས་ཏེ་མཚན་མོ་ཆུ་ཚོད་གཉིས་པའི་ཐོག་མཇུག་རྫོགས་པར་བྱས། སླར་པར་སྐྲུན་ཞུ་ཉེ་སྐབས་ཚིག་དོན་འགའ་ཞིག་གསར་བསྣན་བྱས་པ། དགེ་ལེགས་འཕེལ།། །།