Category:བཟོ་རིག་པ།

ཡོང་ཁུངས་Wikipedia

བཟོ་རིག་པ། རྩོམ་པ་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། སྒོ་གསུམ་གྱི་བཟོ་རིག་བྱེ་བྲག་རྒྱས་པར་བཤད་པ།

ས་བཅད་དང་པོ། ལུས་བཟོ།

དང་པོ། ལུས་བཟོ་མཆོག་གི་རྣམ་གཞག་མདོར་བསྟན་པ།

ལུས་བཟོ་མཆོག་ནི་སྐུ་གསུང་ཐུགས་རྟེན་ཏེ། ལུས་བཟོ་ལ་གཙོ་ཕལ་གཉིས་ཡོད་པའི་མཆོག་གམ་གཙོ་བོ་ནི་སྐུ་རྟེན་རྒྱལ་བའི་སྐུ་བརྙན་བྲིས་འབུར། གསུང་རྟེན་འཕགས་བོད་ཡིག་རིགས། ཐུགས་རྟེན་མཆོད་རྟེན་དང་ཕྱག་མཚན་གྱི་རིགས་ལ་སོགས་པ་རྣམས་ཡིན་པས་རིམ་པར་བཤད་པར་བྱ་སྟེ། ཞེས་སོ།།

གཉིས་པ། རྒྱས་པར་བཤད་པ།

(གཅིག) སྐུ་རྟེན།

༡.བཟོ་བོའི་མཚན་ཉིད་བྱིན་རླབས་སོགས་བཤད་པ།

དང་པོ་ནི། ལྷ་བཟོ་མཁས་དར་གཙང་སྦྲ་བརྟེན་གནས་ལྡན། །གསང་སྔགས་ནང་པར་དབང་ཐོབ་དམ་ཚིག་ཅན། །རྒྱུ་དང་ལག་ཆར་བཅས་པར་བྱིན་གྱིས་བརླབ། །གང་གིས་རྟེན་སྐྲུན་པ་པོ་བཟོ་བོ་ལ་སྐྱོན་ཡོན་རྣམ་པ་གཉིས་ཡོད་དེ། དང་པོ་སྐྱོན་ནི་དཔལ་འབྱོར་རྒྱ་མཚོར།ཡོན་ཏན་མི་མཁས་ང་རྒྱལ་ཆེ། །འགྲོགས་པ་མི་བདེ་བཀུར་སྟི་འདོད། །འཕྲལ་དུ་ཚིག་རྩུབ་ཕུགས་འདོད་ཆེ། །ཡོན་རྒྱགས་གླ་ཐང་ཚད་མེད་འབེབས། །དེས་ཀྱང་མི་ཚིམ་རྒྱུ་ཆ་རྐུ། །ཅུང་ཟད་ཙམ་ལ་བཟོ་འཕྲོ་འཇོག །འགྲོ་སྡིགས་བྱེད་ཅིང་ཆང་ནག་འཚོལ། །དགེ་ལས་སྡིག་པར་སྒྱུར་མཁན་ཡིན། ཅེས་འབྱུང་བ་ལྟ་བུའི་སྐྱོན་དང་མི་ལྡན་ཅིང་། སམྦུ་ཊི་ལས། དུལ་ཞིང་དད་ལྡན་ལང་ཚོར་བབ། །དབང་པོ་རྣམ་གསལ་རྣམ་རྟོག་མེད། ཁྲོ་མེད་ལྐོག་འཕྱས་མི་བྱེད་ཅིང་། །ཤིན་ཏུ་མཁས་ལ་སྤྲོ་བ་ཆེ། །བཟོད་ལྡན་སྙིང་རྗེ་ཆེན་པོ་ཅན། ཞེས་དང་། དཔལ་འབྱོར་རྒྱ་མཚོར། འདོད་པ་ཆུང་ཞིང་བཀུར་སྟི་སླ། །མཁས་ཤིང་ཁེངས་མེད་ཁ་ལ་ཉན། །ལྷ་ལ་གུས་ཤིང་སྤྱོད་ལེགས་པའོ། ཞེས་འབྱུང་བ་ལྟར་རང་བཞིན་དང་བཟོའི་མཚན་ཉིད་ལ་མཁས་པའི་ཡོན་ཏན་དང་ལྡན་པས་ལས་ལ་ཞུགས་པ་ན། ཆགས་བྲལ་གྱི་སྐུ་དང་གསང་སྔགས་ཕྱིའི་ལྷ་ལ་ཁྲུས་དང་གཙང་སྦྲ་ལ་གནས་ཤིང་བསྙེན་གནས་ཀྱི་སྡོམ་པ་དང་ལྡན་པ། གསང་སྔགས་ནང་གི་ལྷ་ཡིས་སྐྱེ་བོ་ཕལ་གྱིས་མི་མཐོང་བར་མཚམས་བཅད་དེ་མཆོད་གཏོར་དམ་རྫས་ཡང་ཡང་འབུལ་དགོས་ལ། བཟོ་བོ་ཀུན་རྣམ་སྣང་ངམ་བགེགས་མཐར་བྱེད་དང་། སྐུ་རྒྱུ་དང་ལག་ཆ་རྣམ་སྣང་དུ་བསྐྱེད་པའང་གསུངས་ཤིང་། ཐིག་ཚོན་རྣམས་ནི་དཀྱིལ་ཆོག་ནས་འབྱུང་བའི་ཆོ་གས་བྱིན་གྱིས་བརླབ། ཡིག་མཁན་འོད་དཔག་མེད། སྨྱུ་གུ་དང་སྣག་ཚའང་བྱིན་གྱིས་བརླབས་པའི་ཚུལ་ཕྲེང་བ་སོགས་སུ་བཤད་པ་ལྟར་ཏེ། དེ་དག་ཀྱང་ཐོག་མར་དབུ་འཛུགས་པའི་སྐབས་སུ་ངེས་པར་ལག་ཏུ་ལེན་པ་གལ་ཆེའོ།།

ཞར་བྱུང་སྐུ་གཟུགས་བཞེངས་པའི་བདག་རྐྱེན་སྦྱིན་བདག་ལའང་སྐྱོན་ཡོན་གཉིས་ལས། དང་པོ་ནི། དཔལ་འབྱོར་རྒྱ་མཚོར། སྡིག་ལ་མི་འཛེམ་དང་འཇུན་ཆུང་། །ཕན་ཡོན་མ་མཐོང་ཡིད་མི་ཆེས། །སྒྲུབ་བློ་མེད་པའམ་ཡོད་ན་ཡང་། །ཚེ་འདིའི་ལོ་འདོད་གྲགས་འདོད་ཕྱིར། །རྐྱེན་དང་མི་འཚམས་བློ་རྒྱ་བསྐྱེད། །ངང་ཐུང་བློ་དོག་བཟོད་བསྲན་ཆུང་། །ལྷ་དང་བཟོ་བོ་སྨོད་བྱེད་ཅིང་། །འགྱོད་པ་སྐྱེས་ནས་འཕྲོ་འཇོག་པའོ། །ཞེས་བཤད་པའི་སྐྱོན་འདི་དག་དང་ནམ་ཡང་མི་ལྡན་པ་ཞིག་དགོས་ལ། གཉིས་པ་ཡང་དེ་ཉིད་ལས། །ཕན་ཡོན་མཐོང་བའི་ཤེས་རབ་ཅན། །རྩེ་གཅིག་སེམས་པའི་བསམ་གཏན་ཅན། །བརྟན་ཞིང་སྤྲོ་བའི་བརྩོན་འགྲུས་ཅན། །དཀའ་སྤྱད་མི་སྐྱོ་བཟོད་བསྲན་ཅན། །ངང་རིང་ཚིག་འཇམ་ཚུལ་ཁྲིམས་ཅན། །གཡོ་མེད་གཏོང་ཕོད་སྦྱིན་པར་ལྡན། །ལྷ་དང་བཟོ་བོར་དད་གུས་ལྡན། །རིམ་གྱིས་དགའ་སྤྲོ་སྒོམ་པའོ། །ཞེས་དང་། མི་གཡོ་བའི་རྒྱུད་ལས་ཀྱང་། བྲིས་སྐུ་ཚད་དང་ལྡན་པ་ཡོངས་སུ་ཟིན་པ་དང་། འབྲི་མཁན་ལ་ཁོ་རང་ཇི་ལྟར་འདོད་པའི་ཡོན་ཕབ་པ་བཞིན་སྦྱིན་པར་བྱའོ། ཞེས་དང་། རབ་གནས་ཀྱི་རྒྱུད་དུ། བཟོ་བོ་མ་མཉེས་པའི་ལྷ་ལ་ནི་ཡེ་ཤེས་པ་མི་འཇུག་སྟེ། རབ་གནས་ཀྱི་ཐོག་མར་བཟོ་བོ་མཉེས་པར་བྱའོ། ཞེས་པ་ལ་སོགས་མདོ་རྒྱུད་དུ་མ་ནས་བཟོ་བོ་མགུ་བ་བ་པ་སྦྱིན་བདག་གི་དམ་ཚིག་གཙོ་བོར་གསུངས་ལ། བཟོ་བོ་སུན་ཕྱུང་བ་ནི་ལྷ་ལ་སུན་ཕྱུང་བ་ཡིན་ཕྱིར་བཤེས་གཉེན་བསྟེན་པའི་ཚུལ་གྱིས་ལྷ་བཟོ་ལ་དད་པ་དང་བཀུར་སྟིས་ལྷ་བཞིན་དུ་མཆོད་པར་བྱའོ། དེང་སང་སྐུ་གསུང་ཐུགས་རྟེན་ཉོ་ཚོང་བྱེད་པ་ནའང་བཟོ་པོ་དང་བདག་པོས་ཡུལ་དུས་དང་འཚམས་པའི་རིན་ཐང་གང་བཅད་པའི་དཔའ་བོའི་རིན་གཞལ་ན་ལེགས་པར་འགྱུར་གྱི། བལ་བོད་ཀྱིས་ཉོ་ཚོང་གཏམ་པ་ལྟ་བུས་ནི་གཉིས་ཀ་ལ་ཉེས་པ་ཆེན་པོ་སྐྱེད་པའི་རྒྱུར་འགྱུར་བའང་ཞར་བྱུང་དུ་འཕྲོས་པའོ།།

༢.བརྟེན་པ་ལྷའི་ཆ་ཚད།

(༡)དམ་ཚིག་བྲིས་སྐུ།

གཞུང་མཐུན་དམ་ཚིག་བྲིས་སྐུ་མཆོག་ཡིན་ཏེ། རྒྱུད་སྡེ་སོ་སོའི་གཞུང་དང་མཐུན་པའི་དམ་ཚིག་གི་བྲིས་སྐུ་ནི་སྐུ་བརྙན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཏེ། དེའང་དགྱེས་རྡོར་རྒྱུད་ཀྱི་བརྟག་པ་ཕྱི་མ་ལེའུ་དྲུག་པ་ལས། འདིར་ནི་བྲི་མཁན་དམ་ཚིག་ཅན། །སྒྲུབ་པོའང་དམ་ཚིག་ཅན་གྱིས་ནི། །བྲིས་སྐུ་འཇིགས་པ་བྲི་བ་ཉིད། །སྐྱེས་པའི་ཐོད་གནས་ཁ་དོག་ལྔ། །རོ་ཡི་སྐྲ་ཡི་པིར་ཉིད་ཀྱིས། །བྲིས་སྐུ་བླ་མ་བྲི་བ་ཉིད། །གང་གང་སྐུད་པ་འཁལ་བ་དང་། །གང་གང་རས་ཡུག་འཐག་པ་དང་། །དེ་ཡང་དམ་ཚིག་ཅན་ངེས་པས། །དམ་ཚིག་བྱིན་རབས་རྣལ་འབྱོར་པས། །ཟླ་བ་ཟླ་བའི་མར་ངོ་ཡི། །བཅུ་བཞི་པ་ལ་ཁྱིམ་དབེན་པར། །ཕྱེད་ན་མ་རུངས་སེམས་ཀྱིས་ནི། །ཆང་གི་བཏུང་བ་ཅུང་ཟད་ལས། །ལུས་ལ་ནི་རཾ་ཤུ་བསམས་ནས། །དེ་བཞིན་གཅེར་བུར་གྱུར་བ་ཡང་། །འཕགས་པ་དང་ནི་མ་དག་པས། །དེ་ལ་དམ་ཚིག་རབ་ཏུ་བཟའ། །བཞིན་བཟང་སྙིང་རྗེ་ལྡན་པ་དང་། །གཟུགས་ལ་ལང་ཚོ་སྐལ་བཟང་མ། །མེ་ཏོག་འབྲས་ཤིང་སྒྲུབ་པོ་དགའ། །རང་གི་ཕྱག་རྒྱ་གཡོན་དུ་བཞག ཅེས་སོགས་བླ་མེད་ནས་བཤད་པ་དང་། འཇམ་དཔལ་རྩ་རྒྱུད་ནས་རས་བྲིས་ཆེ་ཆུང་གི་ཆོ་ག་ཤིན་ཏུ་རྒྱས་པ་ཕན་ཡོན་ཚད་མེད་པ་དང་བཅས་ལེགས་པར་བཤད་པ་ལྟར་བསྒྲུབ་པར་བྱ་སྟེ། སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་ལས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། བྲིས་སྐུ་བསྒྲུབ་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་གསུངས་སོ།།

(༢)ཆ་ཚད་དངོས་བཤད་པ།

ཀ སྤྱིར་བཤད་པ།

ཆ་ཚད་དུས་ཀྱི་འཁོར་ལོར་རང་སོར་ནི། །བརྒྱ་དང་ཉེར་ལྔ་སྡོམ་འབྱུང་བརྒྱ་ཉི་ཤུ། །གདན་བཞི་དེ་མཚུངས་དམར་ནག་ཞལ་ཚད་བརྒྱད། མདོ་དང་རྒྱ་གཞུང་དེ་མཐུན་དེ་རྗེས་འབྲང་། །སྐུ་གཟུགས་ཀྱི་ཆ་ཚད་ནི་མདོ་རྒྱུད་རྣམས་ལས་ནན་ཏན་དུ་གསུངས་ཏེ། དེའང་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་ལས། རྒྱལ་བའི་བདག་པོའི་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པ་ཉི་མའི་སོར་དུ་འགྱུར། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་སྙིང་ག་དང་ནི་དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ། །ཞབས་ཀྱི་མཐིལ་དང་རྗེ་ངར་བརླ་དང་དཔྱི་ཡང་མ་ནུ་དེ་ཉིད་རིག་བྱེད་རྣམས་ཀྱི་སྟེ། །བྲང་ཕྱེད་ཕྱེད་བཅས་ཉི་མས་རང་དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། །ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གང་ཞིག་དུས་དང་དགུ་ཡི་མི་རྣམས་ཀྱི་ནི་འཇིག་རྟེན་ཚད། །རིག་བྱེད་ཕྱེད་དང་བཅས་པའི་གཞི་དང་ཆུ་གཏེར་ཆུ་གཏེར་ཕྱེད་དང་བཅས་པའི་རིག་བྱེད་རིག་བྱེད་ཀྱིས། །གཙུག་ཏོར་མགོ་བོ་འོག་ཏུ་འགྱུར་ཏེ་རྒྱལ་བའི་བདག་པོའི་དཔལ་ལྡན་དཔྲལ་པ་དག་དང་ཤངས་དང་ནི། །ཤངས་ཀྱི་འོག་ཏུ་ཀོས་སྐོའི་མཐའ་དང་དེ་ནས་མགྲིན་པ་དག་སྟེ་མགྲིན་པའི་རྩ་བའི་ཆུ་སྐྱེས་དབུས། །དེ་ནས་སྙིང་ག་ལྟེ་བ་གསང་བར་མིའི་བདག་པོ་ཕྱེད་བཅས་ཉི་མ་རྣམས་ཀྱི་རིམ་པར་འགྱུར། །ཅེས་རང་སོར་བརྒྱ་ཉི་ཤུ་རྩ་ལྔ་པ་ཁོ་ན་གསལ་བར་གསུངས་ཤིང་། དེ་ཉིད་དཀྱིལ་འཁོར་སོགས་ཕྱི་ནང་གི་དག་སྦྱོར་ཡང་རྒྱས་པར་འབྱུང་ངོ་། །

བདེ་མཆོག་བཤད་རྒྱུད་སྡོམ་འབྱུང་ལེའུ་སུམ་ཅུ་པ་ལས། ལྷ་ཡི་རི་མོ་གཟུགས་དག་གི ཁྱོན་དང་གཟུགས་ཀྱི་མཚན་ཉིད་དོ། །ཚངས་པའི་རི་མོའི་གཟུགས་ཀྱི་སྔར། །ཆ་ལྔ་དག་ནི་གདན་ཡིན་ནོ། །སྐུ་ནི་དུམ་བུ་གསུམ་ཅན་གྱི། །ཞེས་སོཊ་ཀྱིས་སོར་མོ་བརྒྱ་ཉི་ཤུ་པ་ལས་དབྱེ་བའི་ཐལ་མོ་བཅུ་གཉིས་པ། བཅུ་པ། དགུ་པ་སོགས་གསལ་བར་གསུངས་སོ། གདན་བཞིའི་བཤད་རྒྱུད་མནཱ་ཨཾ་ས་ལས་གསུངས་པའང་འགྱུར་ཁྱད་མ་གཏོགས་ཕལ་ཆེར་འདི་དང་འདྲ་ལ།ཞལ་ཚད་དགུ་པ་གསལ་པོར་མ་གསུངས་སོ། །།

སློབ་དཔོན་རཏྣ་རཀྵི་ཏང་སྲིད་ལས་ཁུངས་སྡོམ་འབྱུང་གི་འགྲེལ་བར་ཀྱོག་བཤད་མཛད་པ་ནི། དུས་དེ་ཙམ་ན་མ་ག་ངྷཱ་དང་། བལ་པོའི་ཡུལ་གྱི་རི་མོ་མཁན་རྣམས་ལ་ཇི་ལྟར་གྲགས་པ་དེ་ལྟར་དཔྱད་པ་མེད་པར་བཀོད་པ་ཡིན་པས་སྡོམ་འབྱུང་གི་རྒྱུད་དོན་དུ་བཟུང་བར་མི་བྱའོ། །གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ལས་ཀྱང་ཞལ་ཚད་བརྒྱུད་པ་གསུངས་ཤིང་། གཞན་ཡང་ཤཱ་རིའི་བུས་ཞུས་པའི་མདོར་གྲཊ་པ། བལ་པོའི་དཔེ་ལས་བསྒྱུར་ངེས་པ་ཕྱིས་འགྱུར་བ་འདི་ལས་ཀྱང་། ཕལ་ཆེར་དུས་འཁོར་གྱི་འདི་དང་མཐུན་པར་གསུངས་ལ། ཀྲི་ཡ་ས་མུཙྪར་ཡང་མདོ་འདིའི་ལུང་ཅི་རིགས་པར་དྲངས་སོ། །གཞན་ཡང་སྔོན་རབས་སུ་དར་བའི་རྒྱ་གཞུང་དུ་གྲགས་པ་ཁ་ཅིག་ཀྱང་དེ་དག་དང་མཐུན་ཅིང་མི་མཐུན་པའི་ཁྱད་པར་ཡང་ཕྲ་མོ་ཡོད་པ་ནི་སྔར་སྨོས་པའི་རྒྱུད་དེ་དག་གི་རྗེས་འབྲང་དུ་མངོན་ལ། དེ་དག་ཁ་ཅིག་ལ་ཕྱིས་ཀྱི་མཁས་པ་རྣམས་དགག་གཞག་མཛད་པ་ལ་ནི་སྙིང་པོ་གང་ཡང་མེད་དེ། བཟོ་ཡི་གནས་དང་སྨན་གྱི་སྦྱོར་བ་དང་། །སྔགས་ཀྱི་ཆོ་ག་ཆོས་ཉིད་ཟབ་མོ་སྟེ། །འདི་དག་རྟོག་གེའི་རིགས་པས་བརྟག་བྱ་མིན། །བདག་ཉིད་སྒྲོག་དང་ང་རྒྱལ་སྤང་པར་རིགས། །ཞེས་ཇོ་ནང་རྗེ་བཙུན་ཆེན་པོས་གསུངས་སོ། །

འཇལ་བྱེད་རང་སོར་ཕྱེད་དང་བཅུ་གསུམ་མམ། །བཅུ་གཉིས་ཐལ་མོ་སྐབས་སྦྱར་ཚད་ལྔ་ཡི།།དང་པོ་གཉིས་པ་དུས་འཁོར་སྡོམ་འབྱུང་ལྟར། །གསུམ་པ་བཞི་པ་ཐལ་མོ་དགུ་བརྒྱད་དེ། །མདོ་རྒྱུད་དངོས་བསྟན་ཡིན་གྱི་བསྒྲིམས་ཏེ་འབད། །དེ་དག་ལ་འཇལ་བྱེད་ཀྱི་བརྡ་ཁྱད་ཀྱང་། སྐུ་གཟུགས་དེ་ཉིད་ཀྱི་རང་སོར་ཕྱེད་དང་བཅུ་གསུམ་མམ་བཅུ་གཉིས་རེ་ལ་ཞལ་ཚད་གཅིག་ཟེར། ཞལ་ཚད་དེ་ལ་མཐོ། ཐལ་མོ། མཐིལ། ཆ་ཆེན་ཏེ་མིང་གི་རྣམ་གྲངས་ལྔ། ཞལ་ཚད་ཆེ་ཆུང་དེ་དག་རྒྱུད་ཀྱི་ལུགས་གཉིས་སྐབས་དང་སྦྱར་བ་ཡིན་ནོ། །རང་སོར་གཅིག་ལ་ཆ་ཆུང་། དེའི་བཞི་ཆ་ལ་རྐང་པ། བརྒྱད་ཆ་ལ་ནས་ཞེས་བྱ་ཞིང་། དེས་གཞལ་བའི་ཆ་ཚད་རྩ་བ་ནི་རྣམ་པ་ལྔ་སྟེ། དང་པོ་བརྒྱ་དང་ཉེར་ལྔ་པ། གཉིས་པ་བརྒྱ་དང་ཉི་ཤུ་པ་གཉིས་དུས་འཁོར་དང་སྡོམ་འབྱུང་གི་ལུགས་ལྟར་དང་། གསུམ་པ་དང་བཞི་པ་ནི་ཐལ་མོ་དགུ་པ་དང་བརྒྱད་པ་སྟེ། ལྷའི་ཆ་ཚད་བཞི་པོ་འདི་དག་མདོ་རྒྱུད་ཀྱི་དངོས་བསྟན། མཁས་པའི་རིག་བཟོས་མ་བསླད་པ་ཡིན་པས་བློ་ལྡན་རྣམས་བསྒྲིམས་ཏེ་འབད་པར་བྱའོ། །

གཤེགས་སེམས་ཁྲོ་དང་ཆགས་བྲལ་གང་འོས་སྦྱར། །

བཞི་པ་ཤིན་ཏུ་ཁྲོས་པ་རྣམས་ལའོ། །

ཐལ་མོ་དྲུག་པ་ཕྱིས་བྱུང་བོད་ཀྱི་ལུགས། །

ཆ་ཚད་གསུམ་པོ་དེ་ནི་གཤེགས་པ་དང་གཤེགས་མ། སེམས་དཔའ་སེམས་མ། དཀྱིལ་འཁོར་གྱི་གཙོ་བོ་ཁྲོ་བོ་ཁྲོ་མོ། མཆོག་ནི་སྤྲུལ་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་སོགས་གང་ལ་གང་འོས་རིགས་པས་དཔྱད་དེ་སྦྱར་ཞིང་། ཆ་ཚད་བཞི་པ་དེ་ནི་ཤིན་ཏུ་ཁྲོས་པ་སྟེ་གཤིན་རྗེ་གཤེད་དང་ཕྱག་རྡོར་ལ་སོགས་པ་རྣམས་ལ་སྦྱར་བར་བྱའོ། །ཆ་ཚད་ལྔ་པ་ཐལ་མོ་དྲུག་པའི་ཚད་ཀྱིས་ནག་པོ་ཆེན་པོས་མཚོན་ཕོ་ཉ་སྲིན་པོའི་གཟུཊ་ཅན་སོགས་འབྲི་བར་བཤད་པ་དང་། མ་ཧཱ་ཀཱ་ལ་ཞལ་ཚད་གསུམ་པར་བཤད་པ་སོགས་ནི་ཕྱིས་བྱུང་བོད་ཀྱི་མཁས་གྲུབ་རྣམས་ཀྱི་ལུགས་སྲོལ་ཡིན་ལ། རཏྣ་རཀཱི་ཏ་དང་བལ་པོའི་མཁས་པ་འགའ་ཞིག་གིས་ཚོགས་ཀྱི་བདག་པོ་སོགས་ཞལ་ཚད་ལྔ་པར་བཤད་པའང་ཡོད་དོ། །དེ་དག་གི་ལག་ལེན་ནི་འདིར་བྲིར་མ་ལྡངས་པས་རྟོགས་པར་འདོད་ན་རྗེ་བཙུན་རིན་པོ་ཆེའི་གསུང་རབ་སྐུ་གཟུགས་ཀྱི་ཆ་ཚད་བསྟན་པ་བདེ་སྐྱིད་འབྱུང་གནས་ཉིད་རྒྱ་གཞུང་ཕལ་པ་རྣམས་ལས་ཀྱང་ཁྱད་པར་འཕགས་པས་དེར་བལྟ་བར་བྱའོ། །ཆ་ཚད་བཞི་པོ་སྦྱོར་ཚུལ་ཡང་དེ་ཉིད་ལས། དེ་བཞིན་གཤེགས་པ་ཡབ་ཡུམ་ཕྱོགས་མཚུངས་ཤིང་། །བྱང་ཆུབ་སེམས་དཔའ་ཡབ་ཡུམ་ཕྱོགས་མཚུངས་ལ། །རྒྱལ་བའི་རིགས་འཁྲུངས་རྒྱལ་བའི་སྲས་ཡིན་པས། བྱང་ཆུབ་སེམས་དཔའང་སངས་རྒྱས་དང་མཚུངས་ཕྱིར། །ཆ་ཚད་གསུམ་པོ་འདི་དག་སངས་རྒྱས་དང་། །བྱང་སེམས་ཡབ་ཡུམ་ཀུན་ལ་གང་འོས་སྦྱོར། །ཅི་སྟེ་སོ་སོར་སྦྱོར་བ་ལ་དགའ་ནའང་། །ཕྲ་སྦོམ་ཁྱད་པར་ཞི་ཁྲོ་ལ་རིགས་པས། །བརྒྱ་དང་ཉེར་ལྔ་སངས་རྒྱས་ཞི་བ་དང་། །བརྒྱ་དང་ཉི་ཤུ་ཧེ་རུ་ཀ་ལ་སྦྱར། །ཧེ་རུ་ཀ་དཔལ་སྐུ་ཡི་ཁྱད་པར་འགའ། །ཐལ་མོ་བརྒྱད་པ་བྱེད་པའི་སྐབས་ཀྱང་ཡོད། །སྤྱན་མ་སྒྲོལ་མ་ལ་སོགས་ཞི་བ་མཚུངས། །རྡོ་རྗེ་ཕག་མོ་ཧེ་རུ་ཀར་མཚུངས་ཤིང་། །གཞུག་ཏོར་མེད་ཀྱང་གཙུག་གི་ནོར་བུ་ནི། །དེ་ཡི་ཚབ་ཏུ་སྦྱར་བས་མི་རུང་མེད། །གཙུག་ཏོར་བྲལ་ཤིང་ནུ་མ་བྷ་ག་དང་། །སྐེད་ཕྲ་སྟོད་ཞུམ་བརླ་དང་རོ་སྨད་རྒྱས། །དཔྲལ་བའི་ཟུར་ཞུམ་མིག་རྒྱས་ཟུར་མིག་སོགས། །མོ་གཟུགས་ཡིན་ཕྱིན་ལྷ་མོ་རྣམས་ལ་དགོས། །ཡབ་རྣམས་དེ་ལས་ལྡོག་པའི་ཚུལ་དུ་ཡོད། །ལྷག་མ་ཆ་ཚད་རགས་པ་མཚུངས་པར་བྱ། །སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་དག་མཚུངས། །མཐོ་དགུ་པ་ནི་སེམས་དཔའ་ཕལ་བ་དང་། །བརྒྱ་བྱིན་ལ་སོགས་འཇིག་རྟེན་ཞི་བའི་ལྷ། །རོལ་པའི་ཁྲོ་བོ་ཧེ་རུ་ཀ་ལས་གཞན། །དེ་རྣམས་སོ་སོའི་རིགས་ཀྱི་ལྷ་མོར་བཅས། །དེ་དག་ཚད་དེས་ལེགས་པར་བྲིས་གྱུར་ན། །རྣམ་གྲངས་ཚུལ་གྱིས་ལེགས་པར་འགྱུར་བའང་ཡོད། ཅེས་གསུངས་སོ། །

དུས་འཁོར་ལས་གསུངས་པའི་མིའི་ཆ་ཚད་ནི་ཉན་ཐོས་ལ་འོས་ཀྱང་ལྷཧཱ་ཆ་ཚད་གྲལ་དུ་བསྡུ་བར་མ་མཛད་ཅིང་། རང་རྒྱལ་གཙུག་ཏོར་སོགས་ཀྱིས་འཕགས་པས་ཐལ་མོ་དགུ་པར་བཞེད་པ་དང་། སོ་སོའི་འདྲ་འབགས་རྣམས་ནི་ཆ་ཚད་དང་། །མཐུན་པར་མི་དགོས་རང་རང་དབྱིབས་བཞིན་བྱ། །བཟོ་ཉེས་འགོག་ཕྱིར་ཆ་ཚད་མཛད་པ་སྟེ། །སྐྱེས་བུ་དམ་པས་མཛད་ཅིང་བཟོ་གནད་ཀྱི། །འཕྲུལ་ལ་ལེགས་པར་བྱང་ན་ངེས་པ་མེད། །ཅེས་ཀྱང་གསུངས་སོ། །

ལྷ་རིགས་ཆགས་བྲལ་འཁོར་ལོས་བསྒྱུར་བ་དང་། །ཞི་བ་རྒྱན་མེད་དྲང་སྲོང་རིགས་ངན་ཚུལ། །

སངས་རྒྱས་རོལ་པའི་ཁྲོ་བོ་ཁྲོ་བོའི་རྒྱལ། །སེམས་དཔའ་མཆོག་ཕལ་ཕྱག་བརྙན་ཕོ་ཉར་བསྡུ། །

ཆ་ཚད་བགོ་ཡུལ་ལྷའི་རྣམ་པ་མང་ཡང་རིཊ་ཀྱི་སྒོ་ནས་བསྡུ་བའི་ཐ་སྙད་སྦྱོར་ན། རབ་བྱུང་གི་རྣམ་པ་ལ་ཆགས་བྲལ་གྱི་སྐུ་དང་། ཞི་བ་རྒྱན་ཅན་ལ་འཁོར་ལོས་སྒྱུར་བའི་ཆ་བྱད་དང་། ཞི་བ་རྒྱན་མེད་ལ་དྲང་སྲོང་གི་ཆ་བྱད་དང་རིགས་ངན་གྱི་ཆ་བྱད་གཉིས་ཡོད་ཅིང་། བདེ་དགྱེས་དུས་འཁོར་སོགས་ཧེ་རུ་ཀ་སངས་རྒྱས་ཁྲོ་བོ་དང་། ཐལ་མོ་དགུ་པའི་ཁྲོ་བོ་ལ་རོལ་པའི་ཁྲོ་བོ་ཕལ་པའམ་སེམས་དཔའི་ཁྲོ་བོ། དམར་ནག་འཇིགས་གསུམ་རྟ་མགྲིན་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དང་། འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་དང་ཀུན་ཏུ་བཟང་པོ་སོགས་ཉེ་བའི་སྲས་བརྒྱད་ལྟ་བུ་སེམས་དཔའ་མཆོག་དང་། དེ་དག་གི་སྒོས་ཀྱི་འཁོར་ཞི་བ་ཕོ་མོ་ལ་བྱང་སེམས་ཕལ་པ་དང་། ནག་པོ་ཆེན་པོ་དང་། ལྷ་མོ་རེ་མ་ཏི་ལ་སོགས་པ་ཕོ་ཉ་ཕྱག་བརྙན་ཞེས་བྱ་བ་རྣམས་སུ་བསྡུ་ཞིང་། དྲང་སྲོང་ནི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཡིན་པས། སངས་རྒྱས་ཁྲོ་བོ་ཟེར་བའི་དོན་ཡིན་ལ། གཞན་ཁྲོ་བོ་ལ་གནོད་སྤྱིན་ཁྲོས་པ་དང་། སྲིན་པོ་ཁྲོས་པ་དང་། གཤིན་རྗེ་ཁྲོས་པ་སོགས་ཀྱི་དབྱེ་བ་བྱས་ནས་ཉམས་ཐ་དད་པར་དགོས་པར་བོད་རྣམས་འདོད་ཀྱང་ངེས་པ་མེད་པར་གསུངས་སོ། །

ཁ བྱེ་བྲག་ཏུ་བཤད་པ།

འོན་ཀྱང་དེང་སང་ཆགས་ཚད་བཅུ་གཅིག་ཏུ། །གྲགས་ཆེ་ཀུན་ཀྱང་ཚངས་ཐིག་སྔོན་སོང་ནས། ཆགས་བྲལ་ལོངས་སྐུ་སོར་མོ་བརྒྱ་ཉེར་ལྔ། །བྱང་སེམས་བརྒྱ་དང་ཉི་ཤུ་དྲང་སྲོང་ཁྲོས། །ཐལ་མོ་བཅུ་གཉིས་ཡུམ་རྣམས་ཐལ་མོ་དགུ། །གཤིན་རྗེ་གཤེད་སྦྱིན་བརྒྱད་དང་སྲིན་བོ་ཁྲོས། །དྲུག་ལྔ་གསུམ་ཡོད་ཉན་རང་མི་དང་མཚུངས། ཚངས་སོགས་ཆ་ཆེན་དགུ་ཡིན་གླིང་བཞིའི་མི། །སྲིད་དུ་མཐོ་བདུན་ཞེང་ལ་བརྒྱད་དུ་འགྱུར། །དེ་དག་ལས་རླུང་འགག་བའི་རིམ་པར་གསུངས། །དཀྱུས་ཀྱི་ལག་ལེན་ལ་གོང་སྨོས་ཁོ་ནས་ཁྱབ་མོད། འོན་ཀྱང་དེང་སང་བྲིས་འབུར་ཐམས་ཅད་ལ་སྒར་སྨན་གྱི་ལུགས་སྲོལ་གཉིས་སུ་གྲགས་ཆེ་བས། དང་པོ་ལྟར་ན་ཆོས་རྗེ་རིན་ཆེན་གྲུབ་སོགས་ཀྱིས་ཆ་ཚད་བཅུ་གཅིག་ཏུ་བཤད་ཅིང་། གཉིས་པ་ལྟར་ན་ཐིག་ཆེན་བརྒྱད་དུ་གྲགས་ཆེ་ལ། དེ་དག་ཀུན་ཀྱང་ཚངས་ཐིག་སྔོན་དུ་སོང་ནས་བཅུ་གཅིག་པའི་ཕྱོགས་ལ། ཚད་དང་པོ་སངས་རྒྱས་ཆགས་བྲལ་གྱི་རྣམ་པ་དང་། གཉིས་པ་རིགས་ལྔ་སོགས་ལོངས་སྐུ་རྣམས་ནི་སོར་མོ་བརྒྱ་ཉེར་ལྔ་པ། གསུམ་པ་བྱང་ཆུབ་སེམས་དཔའ་ཞི་བ་རྣམས་སོར་མོ་བརྒྱ་དང་ཉི་ཤུ། བཞི་པ་དུས་ཀྱི་འཁོར་ལོ་སོགས་དྲང་སྲོང་ཁྲོས་པའི་ཉམས་ཅན་རྣམས་ཐལ་མོ་བཅུ་གཉིས་པ། ལྔ་པ་སྣ་ཚོགས་ཡུམ་སོགས་དཀྱིལ་འཁོར་དབང་མོ་རྣམས་དང་ལྷ་མོ་སྒྲོལ་མ་སོགས་རིགས་ཀྱི་ཡུམ་རྣམས་ཡིད་འོང་ཐལ་མོ་དགུ་པ། དྲུག་པ་གཤིན་རྗེ་གཤེད་སོགས་གཤིན་རྗེ་ཁྲོས་པ་དང་། བདུན་པ་ཕྱག་ན་རྡོ་རྗེ་སོགས་གནོད་སྤྱིན་ཁྲོས་པ་རྣམས་ནི་ཐལ་མོ་བརྒྱད་པར་བྱ་བ་དང་། བརྒྱད་པ་སྲིན་པོ་ལྟར་ཁྲོས་པ་ལ་ལེགས་ལྡན་ནག་པོ་ཆེན་པོ་སོགས་ཐལ་མོ་དྲུག་པ་ལུགས་འདི་གཤེད་ནག་གི་འགྲེལ་པ་ནས་བཤད་པར་བཞེད། ཚོགས་བདག་སོགས་མི་འུ་ཐུང་མཐོ་ལྔ་པ། རྡོ་རྗེ་བེར་ཅན་ཞལ་གཟིགས་ལ་བརྟེན་པ་ལྟ་བུ་ཤིན་ཏུ་ཁྲོས་པ་ཞལ་ཚད་གསུམ་པ་སྟེ་ནང་གསེས་གསུམ་ཡོད་ཅིང་། དགུ་པ་ཉན་རང་གཉིས་གླིང་འདིའི་མི་དང་མཚུངས་ལ། བཅུ་པ་ཚངས་དཔ་ང་བརྒྱ་བྱིན་སོགས་འཇིག་རྟེན་སྐྱོང་བ་རྣམས་ཆ་ཆེན་དགུ་པ་ཡིན་ལ། དེའི་ནང་གསེས་རྣམ་སྲས་སོགས་ཁ་ཅིག་མཐོ་བརྒྱད་པའི་ཚད་ཡིན་པ་རཏྣ་རཀྵི་ཏས་བཤད། བཅུ་གཅིག་པ་གླིང་བཞིའི་མི་རྣམས་ཀྱི་ལུས་ཚད་ནི་ཆུ་ཞེང་ཚད་མི་མཉམ་པས་སྲིད་དུ་མཐོ་བདུན། ཞེང་ལ་མཐོ་བརྒྱད་དུ་འགྱུར་བར་དུས་འཁོར་དང་སློབ་དཔོན་དཔའ་བོས་བཤད་ཅིང་། ཁ་ཅིག་དེ་ལས་ལྡོག་པ་དང་། ཡང་ཆུ་ཞེང་མཉམ་པའང་ཡོད་ལ། མིའི་རྟེན་ཅན་གྱི་བླ་མ་སོགས་ནི་ཇི་ལྟར་རང་གི་ལུས་ཀྱི་དབྱིབས་བྱད་ལ་ཡོད་པ་དེ་ལྟར་འདྲ་འབག་ཏུ་བྱ་བར་སྣང་མོད། འོན་ཀྱང་རང་སེམས་སངས་རྒྱས་སུ་ངོ་སྤྲོད་པའི་རྩ་བའི་བླ་མ་དམ་པའི་སྐུ་གཟུགས་ནི་རྫོགས་པའི་སངས་རྒྱས་ཀྱི་སྐུའི་ཚད་བཞིན་བྱ་བ་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་རྡོ་རྗེའི་གསུང་གི་ངེས་པའོ། །

འབུར་སྐུ་རྣམས་ཀྱི་སྤྱིའི་ཚད་ཀྱང་བྲིས་སྐུ་དང་གཅིག་པ་ཡིན་ལ་རྒྱབ་མདུན་འཁོར་བའི་ཆ་ཚད་ལྷག་པོར་བསྣན་དགོས་ཏེ་ཞིབ་པར་རྗེ་བརྒྱད་པའི་ཉི་མ་ཆེན་པོའི་མེ་ལོང་སོགས་ལས་རྟོགས་པར་བྱའོ། །

ལུགས་གཉིས་པ་ཐིག་ཆེན་བརྒྱད་དུ་བསྡུས་པའི་རྣམ་གཞག་ལག་ལེན་སྨན་བླ་དོན་གྲུབ་ཀྱིས་མཛད་པའི་ཆ་ཚད་ཡིད་བཞིན་ནོར་བུ། དེ་ལས་ཁྱད་པར་མང་པོའི་ཟུར་ཆོས་ཅན་གཡའ་སེལ་སོགས་ཞིབ་ཅིང་རྒྱས་པས་འདིར་མ་སྤྲོས་ལ། དེ་ལྟར་ཐལ་མོ་དང་སོར་ཚད་གྱི་རིང་ཐུང་དེའང་ལས་རླུང་དབུ་མར་འགགས་པ་དང་མ་འགཊ་པའི་རིམ་པས་ཁྱད་ཞུགས་པར་གསུངས་སོ། །

ག དེ་ལས་འཕྲོས་པའི་ཉེ་བར་མཁོ་བའི་རྣམ་གཞག་བཤད་པ།

(༡)ཉམས།

མཚན་དཔེ་ཞི་ཆགས་ཁྲོ་སྒེག་གར་གྱི་ཉམས། །

སྐུ་གཟུགས་དེ་དག་ཀྱང་སངས་རྒྱས་ལོངས་སྐུ་དང་སྤྲུལ་སྐུ་དག་ལ་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལས་དངོས་སུ་ཇི་ལྟར་འབྲིར་རུང་བ་ཐམས་ཅད་གསལ་ལ་རྫོགས་པ་དང་། གཤེགས་པ་སོགས་ལ་ཞི་ཞིང་འཛུམ་པའི་མདངས་ཅན། ལྷ་མོ་ཕལ་ཆེར་ཆགས་ཤིང་གཞོན་པའི་ཚུལ། ཁྲོ་བོ་རྣམས་རྔམ་ཞིང་མི་སྡུག་པ། རོལ་པའི་ཁྲོ་བོ་སོགས་ཁྲོ་འཛུམ་སྒེག་པའི་ཉམས་ཅན། གཞན་ཡང་གར་གྱི་ཉམས་དགུ་དང་ལྡན་པ་ཞེས་འབྱུང་བ་ལྟར། རྒྱན་དང་མདངས་ཀྱིས་སྒེག་པ་དང་། འགྱིང་ལ་རོལ་པས་དཔའ་བ་དང་། སྤྱན་ལོག་ཁྲོ་གཉེར་གྱིས་མི་སྡུག་པ་དང་། འཛུམ་ཞིང་ཧ་ཧའི་སྒྲས་དགོད་པ་དང་། ཧི་ཧི་དང་ཧཱུྃ་ཕཊ་སྒྲོག་པས་དྲག་ཤུལ་དང་ལྡན་པ་དང་། སོ་ཐམ་པ་དང་མགོ་གུག་ཅིང་མཚོན་ཆ་ཕྱིར་གདེངས་བས་འཇིགས་སུ་རུང་བ་དང་། སྤྱན་དམར་ཟིམ་ཟིམ་དང་གཞོན་ཤས་སྙིང་རྗེ་དང་། ཞལ་གདངས་རྐན་རྡེབ་བས་རྔམ་པ་དང་། མཉེན་ལྕུག་འཇམ་པའི་མིག་སྣ་རྩེར་བལྟས་པས་ཞི་བ་སྟེ། དེ་ལྟ་བུའི་གར་གྱི་ཉམས་དགུ་ལས་བཟོ་བོས་བསྒྲུབ་ཏུ་རུང་བ་རྣམས་དང་ལྡན་པར་བྱའོ། །

གཞན་ཡང་། ཞལ་གྱི་དབྱིབས་ནི་རྣམ་པ་བའི། སྐྱེས་བུ་ཆེ་དང་ལྷ་མོ་ཡི། ཁྱིམ་བྱའི་སྒོ་ང་ཏིལ་གྱི་དབྱིབས། ཞེས་དང་། ཁྲོ་བོ་རྣམས་ཀྱི་རྣམ་འགྱུར་དབྱིབས། ཟླུམ་པོ་དག་དང་གྲུ་བཞི་སྟེ། ཞེས་གསུངས་པ་ལྟར་ཞལ་དབྱིབས་ཐ་དད་པ་དང་། སངས་རྒྱས་མཉམ་གཞག་སྤྱན་ནི་གཞུ་ཡི་དབྱིབས། །མགྲོན་བུའམ་ནི་པདྨ་འདབ་མའི་དབྱིབས། ཨུཏྤ་ལ་འདྲ་ཞི་མ་ཁྲོ་ཡི་སྤྱན། །ལྷ་མོ་ཞི་བའི་སྤྱན་ནི་ཉ་ལྟོ་འདྲ། །གཡེམས་མའི་མིག་ནི་འོད་མའི་གཞུ་འདྲ་སྟེ། །ཤིན་ཏུ་ཁྲོས་སྤྱན་ཟླུམ་དང་གྲུ་བཞིའོ། །ཞེས་སྤྱན་གྱི་དབྱིབས་མི་འདྲ་བ་རྣམས་དང་། རྡོ་རྗེ་སྐྱིལ་ཀྲུང་ཡོངས་སུ་གྲགས། བྱིན་པ་གཡས་སྟེང་གཡོན་པ་བཞག །པུས་མོ་སྨད་པ་པདྨའི་སྟབས། །ལོང་བུ་བསྣོལ་ཏེ་མཐེ་བོང་དག །རྩེ་མོ་སྤྲད་པ་ལ་ཡང་ཟེར། །གཡས་པ་རྡོར་སྐྱིལ་ལྟ་བུ་ལ། །གཡོན་པ་གཡས་པའི་བརླ་འོག་བཞག །སེམས་དཔའི་སྐྱིལ་མོ་ཀྲུང་ཞེས་བྱ། །གཡོན་པ་བཀན་པའི་སོར་མོ་རྣམས། །གཡས་པའི་བརླ་ལ་མ་རེག་ཙམ། །གཡས་པ་འགྱིང་སྟབས་བརྐྱང་བ་ནི། །སྐྱིལ་ཀྲུང་ཕྱེད་པ་ཞེས་བྱའོ། །གཡོན་བརྐྱང་བྲང་བ་གདན་ལ་བཙུགས། །དེ་ཡི་བརླ་ལ་གཡས་མཐིལ་སྦྱར། །བཞེངས་པའི་ཕྱེད་སྐྱིལ་གར་སྟབས་སོ། །གཡོན་པའི་བྱིན་པ་བསྐུམ་པ་ལས། །གཡས་པ་འགྱིང་བཅས་དོར་སྟབས་ཅན། །གཡས་བརྐྱང་བཟློག་པ་གཡོན་བརྐྱང་ངོ་། །སོར་མོ་མདུན་བསྟན་རྟིང་བར་དུ། ཁྲུ་གང་སོར་གཉིས་བརླ་བྱིན་པ། །དྲང་པོར་བསྲང་བ་ས་སྟབས་། །དེ་ལས་ལུས་སྨད་པུས་མོའི་བར། ཁྲུ་དོ་ངང་བའི་གཤོག་པ་ལྟར། །ལོགས་སུ་བརྐྱངས་པ་ཟླུམ་པོ་ཟེར། །སོར་མོ་བཅུ་པོ་མདུན་དུ་བསྒྲིགས། །དྲང་བོར་བཞེངས་པ་མཉམ་པའི་སྟབས། །རྐང་གཉིས་ཁྲི་ལས་ཐུར་དུ་བརྐྱང་། །སོར་མོ་མདུན་བསྟན་བཟང་པོའི་སྟབས། །ཞབས་མཐིལ་ཁ་སྦྱར་བདེ་ལེགས་ཅན། །ཙོག་པུར་རྐང་གཉིས་མཐོ་གང་བར། །སྟན་ལ་བཀོད་པ་ཙོག་པུའི་སྟབས། །གཡས་པའི་ཕྱེད་ཀྲུང་སོར་མོ་རྣམས། །གཡོན་པའི་ལོང་བུར་གཏད་པ་ནི། །གཡོན་རོལ་ཡིན་ཞིང་གཡས་རོལ་བཟློག །འདི་ནི་བཞེངས་པ་ལ་ཡང་སྦྱར། གཡོན་པའི་སྐྱིལ་ཀྲུང་ཕྱེད་པ་ལ། །དེ་དང་ཉེ་བར་གཡས་པ་ཡི། །པུས་མོ་དྲང་པོར་བཞག་པ་ནི། །དཔའ་བོའི་འདུག་སྟངས་ཞེས་བྱའོ། །གཡོན་པ་དེ་བཞིན་བྱས་པའི་སྟེང་། །པུས་མོ་གཡས་པ་བསྙལ་བ་ལས། །རྐང་གཡས་གཡོན་པའི་བརླ་མཐིལ་དུ། །བཞག་པ་དཔའ་མོའི་འདུག་སྟངས་སོ། །མི་མཉམ་རུས་སྦལ་བུང་པའི་སྟབས། །དེ་སོགས་འདིར་ནི་མ་སྤྲོས་སོ། །ཞེས་ཞབས་ཀྱི་སྟངས་སྟབས་ཁྱད་པར་སོགས་ཤིན་ཏུ་མང་པོ་རྣམས་ཀྱང་ཁོང་དུ་ཆུད་པར་བྱའོ། །

(༢)རྒྱན།

ཆོས་གོས་རིན་ཆེན་རྒྱན་བརྒྱད་དར་གོས་གཉིས། །ཕྱག་རྒྱ་དུར་ཁྲོད་དཔལ་ཆས་བརྒྱད་དམ་བཅུ། །

སྤྲུལ་པའི་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་རྣམས་ལ་ཆོས་གོས་རྣམ་པ་གསུམ། ལོངས་སྐུ་རྣམས་ལ་རིན་པོ་ཆེའི་རྒྱན་བརྒྱད་དེ། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ། སེ་མོ་དོ། གདུ་བུ། སྐ་རགས་སམ་འོག་ལག་རྣམས་ལ་རྩ་བའི་རྒྱན་ཡང་ཟེར། དེ་སྟེང་སྙན་གོང་ཨུཏྤ་ལ། རྐང་གདུབ་གཡེར་ཁ་སོགས་ཉེ་བའི་རྒྱན་དུ་གྲགས་པ་རྣམས་ཏེ། དེ་དག་ཀྱང་སྔོན་གྱི་མཁས་པས། རྣ་རྒྱན་མགུལ་རྒྱན་ལག་གདུབ་གསུམ། །ལྗི་ལྗི་འདྲ་ཞིག་དགོས་པ་ཡིན། །དབུ་རྒྱན་དཔུང་རྒྱན་རྐང་གདུབ་སྐྱེད། ཡང་ཡང་འདྲ་ཞིག་འདོད་པ་ཡིན། །ཅེས་སྨྲའོ། དར་གོས་གཉིས་ནི་སྟོད་གཡོགས་དང་སྨད་ཤམ་ཡིན་ལ། རྙིང་མ་བཀའ་མར་དར་གྱི་ཆས་གོས་ལྔར་གྲགས་སྟེ། ཟི་ལྡིར། ཅོད་པན། གར་གྱི་ཕུ་དུང་། གསང་ཁེབས། ཚི་གུའི་སྨད་དཀྲིས་རྣམས་སོ། མ་རྒྱུད་གཙོ་བོར་གྱུར་པའི་རྒྱུད་སྡེའི་ལྷ་ཡབ་རྣམས་ལ། སྤྱི་བོར་རུས་པའི་འཁོར་ལོ་རྡོ་རྗེ་ཕྱེད་པའི་ཏོག་དང་བཅས་པ། རྣ་རྒྱན། མགུལ་རྒྱན། གདུ་བུ། སྐ་རགས། ཚངས་སྐུད་དམ་མཆོད་ཕྱིར་ཐོགས་ཏེ་ཕྱག་རྒྱ་དྲུག་དང་། དེའི་ཡུམ་རྣམས་ལ་ཚངས་སྐུད་སྤངས་པའི་ཕྱག་རྒྱ་ལྔའི་རྒྱན་བྱ་དགོས་ཤིང་། འདི་དག་གི་ཚད་དང་དག་པ་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་དང་། རྡོ་རྗེ་མཁའ་འགྲོ་ནས་ཀྱང་གསུངས་སོ། །

ཁྲོ་བོ་སྤྱི་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དེ། དེ་ཡང་བགོ་བའི་གོས་གསུམ་ནི། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་ཀོ་རློན། སྟག་ལྤགས་ཀྱི་ཤམ་ཐམས་རྣམས་སོ། །གདགས་པའི་རྒྱན་གཉིས་ནི་སྦྲུལ་དང་ཐོད་པ་སྟེ། རྒྱལ་རིགས་དཀར་ཁྲའི་དབུ་རྒྱན། རྗེའུ་རིགས་སེར་ཁྲའི་སྙན་རྒྱན། བྲམ་ཟེ་དམར་ཁྲའི་མགུལ་རྒྱན། དམངས་རིགས་ནག་ཁྲའི་སྐ་རགས། གདོལ་རིགས་ལྗང་ཁྲའི་ཕྱག་གདུབ་ཞབས་གདུབ་བྱས་པ་དང་། ཐོད་པ་སྐམ་པོས་དབུ་རྒྱན། རློན་པས་སེ་རལ་ཁ། ཚལ་བུས་དཔུང་རྒྱན་བྱས་པའོ། །བྱུག་པའི་རྫས་གསུམ་ནི། སྨིན་མཚམས་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་ལ་རཀྟའི་ཐིག་ལེ། ལྐོག་མར་ཞག་གི་ཟོ་རིས་རྣམས་སོ། རྙིང་མ་ལ་དཔལ་གྱི་ཆས་བརྒྱད་དུ་གྲགས་པ་ནི། ཇི་སྐད་དུ། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །གདུག་པ་ཅན་སྲེག་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་ཆས། ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོགས་པའི་ཆས། །མངའ་ཐང་ལོངས་རྫོགས་རྡོ་རྗེ་གླག་པའི་ཆས། །སངས་རྒྱས་སར་བགྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་ཟློག་བྱེད་རྒྱ་བྱེའུ་ལྕགས་ཀྱི་ཆས། །ཞེས་པ་ལྟར་བརྒྱད་དམ། མི་འགྱུར་སྤྱི་གཙུག་རྡོ་རྗེ་བྱེད་པ། གདུག་པ་ཐལ་འབྱིན་ཕུར་བུའི་ཤམ་ཐབས་གཉིས་བསྣན་པའི་དཔལ་གྱི་ཆས་བཅུར་ཡང་བཞེད་དེ། སྔ་མ་ནི་རྒྱུད་ཡེ་ཤེས་རྔམ་གློག་སོགས་དང་། ཕྱི་མ་བཀའ་བརྒྱད་ལས་གཙོ་བོར་བཤད་པ་སྟེ། འདི་དག་ལ་ཅུང་ཟད་འདྲ་མིན་འགའ་རེ་འབྱུང་ངོ་། །

(༣)ཕྱག་མཚན།

ཕྱག་མཚན་དང་པོའི་རྡོ་རྗེ་ཁཌཱཾ་སོགས།

མཁའ་འགྲོ་རྒྱ་མཚོ་སོགས་དཀྱིལ་འཁོར་གྱི་གཙོ་བོ་ཕྱག་མང་རྣམས་ལ་ཕྱག་མཚན་གྱི་དབྱེ་བའང་དུ་མར་བཤད་པ་ལས་གཙོ་བོར་གྱུར་པ་དང་པོའི་རྡོ་རྗེ་དང་། ཁཌཱཾ་ག་ལ་སོགས་པ་སྟེ། ཕྱོགས་མཚོན་ཅུང་ཟད་བསྡུ་ན། ཕྱག་མཚན་དང་པོའི་རྡོ་རྗེ་ནི། །རྭ་བཞི་དབུས་ལ་མ་རེག་ཙམ། །མདོག་དམར་ཁྲོ་བོའི་རྡོ་རྗེ་རྭ། །ཕྱོགས་བཞིར་ཤིན་ཏུ་གྱེས་པའོ། །ཁཌཱཾ་རྡོ་རྗེ་མི་མགོ་གསུམ། །བུམ་པ་རྒྱ་གྲམ་ཡུ་བ་བཅས། །སྐུ་ཡི་སྲིད་ཆས་ཉིད་དང་མཉམ། །དར་དཔྱངས་དྲིལ་བུ་ཅང་ཏེའུ་འཕྱང་། །ག་དའི་དབྱུག་པ་དཔག་ཆེན་མདའི། །ཝ་གཞུ་ཉིད་དང་མཚུངས་པའོ། །བི་ངྷི་པཱ་ལ་མདུང་རྩེ་རྣོ།།རྨ་བྱའི་སྒྲོ་ཕན་ཡུ་བར་ལྡན། །རྡོ་རྗེ་རྩེ་ལྔའི་རྭ་བཞི་སྤངས།།ཨ་ཀ་པུ་ཙི་ཀ་བཛྲ། །མདུང་ཐུང་ཀ་ཆ་ཡ་ཞེས་པ། །འདི་གཉིས་རྡོ་རྗེ་རྩེ་གཅིག་པ། །ཐོད་ཚལ་རྩེ་ཐོད་ཊྭ་མ་རུ། དྲྭ་བ་ཅན་དང་དྲྭ་བ་མེད། །རལ་གྲི་ཆུ་གྲི་ཕེ་ཊ་ཀ །གྲི་གུག་དགྲ་སྟྭ་གཏུན་ཤིང་དང་། །མདུང་རིང་མདུང་ཐུང་ཕུབ་རིགས་གསུམ། །བྷ་ཀ་རྫ་རྔ་རྔ་ཟླུམ་དང་། །རྟ་ཆེན་ཌཱ་ཀ་པ་ཊ་ཧ། །རྡོ་རྗེ་དྲིལ་བུ་ལ་སོགས་པའོ།།

(༤)ཁྲི་རྒྱབ།

བྱང་ཕྱོགས་དག་པའི་ཁྲི་འགྱོགས་ལེ་ཚན་བདུན། །ཕྱིན་དྲུག་ངོ་བོ་རྒྱབ་ཡོལ་རྒྱན་དྲུག་སོགས། །

བླ་མའི་ཡོན་ཏན་ཡོངས་གཟུང་གི་རྒྱུད་དོན་བཞིན་གདན་ཁྲི་རྒྱབ་ཡོལ་དང་བཅས་པ་ལ། བྱང་ཕྱོགས་ཀྱི་ཆོས་ཀྱི་སྡེ་ཚན་བདུན་དག་པའི་ཆོས་དང་སྦྱར་བ་ཁྲི་འགྱོགས་ལེ་ཚན་བདུན་དུ་གྲགས་པ་ནི། ཁྲི་གདན་ཁྲི་གདོང་ཁྲི་ཡི་རྐང་ཁྲི་རྨང་གཉིས་དང་བ་གམ་དང་ལན་ཀན་ཏེ་རྣམ་པ་བདུན་ནོ། །འདེགས་བྱེད་སེང་གེ་གླང་པོ་རྨ་བྱ་ཤང་ཤང་རྣམས་དང་། ཉི་ཟླ་པདྨའི་གདན་རྣམས་ནི་རིམ་བཞིན་སྟོབས་དང་དབང་བཅུ། སྨོན་ནས་ཤེས་པ། བྱང་ཆུབ་ཀྱི་ཕྱོགས། དོན་དམ་ཨེ། ཀུན་རྫོབ་ཝྃ། སྒྲིབ་གསུམ་གྱིས་མ་གོས་པའི་ཡོན་ཏན་རྣམས་དང་སྦྱར་རོ། །ཕྱིན་དྲུག་གི་ངོ་བོ་རྒྱབ་ཡོལ་ལ་རྒྱན་སྣ་དྲུག་སྟེ། མཁའ་ལྡིང་དང་། ཆུ་སྲིན་དང་། བྱིས་པ་དང་། གླང་པོ་ཆེ་དང་། ཤ་ར་བྷ་སྟེ་བསེ་ཁ་སྒོ་དང་། ཀླུ་ཕྲུག་རྣམས་ཀྱང་རིམ་བཞིན་ཤེས་རབ་དང་། བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པ་བཅས་ཕ་རོལ་དུ་ཕྱིན་པ་དྲུག་ལུགས་ལྡོག་པ་དང་སྦྱར་བའོ། སོགས་ཁོངས་ནས་ཁྲི་ལ་བརྩེགས་ཉི་ཤུ་རྩ་གཅིག་ལ་སོགས་པའི་སྤྲོས་པ་དང་། རྒྱབ་ཡོལ་རྒྱས་པ་ཕུབ་ལ་ཞོལ་བཏགས་པ་ལྟ་བུ། བསྡུས་པ་ལྕགས་རྩེ་མ་དང་སྒང་གཟུགས་མ་ལ་སོགས་པ་རྒྱས་འབྲིང་བསྡུས་པའི་རྣམ་གཞག་མང་ཞིང་། འབྲིང་པོའི་ཚད་སྟག་ཚད་ལོ་ཙཱའི་དཔལ་འབྱོར་རྒྱ་མཚོ་ལས་ཞིབ་པར་འབྱུང་བ་དང་། ཕྱིས་སུ་ཁྲི་རྒྱབ་བྲིས་འབུར་གཉིས་ཀ་ལ་བཞེངས་པ་ཉུང་ཡང་གྲུབ་ན་བསོད་ནམས་རླབས་ཆེན་གྱི་རྒྱུར་འགྱུར་བ་ཡིན་ནོ། །བོད་ཀྱི་མཁས་པ་མང་པོས་ཁྲི་དྲུག་འགྱོགས་འདི་རྒྱ་གར་ན་ལྷ་ཁང་གི་སྒོ་རྒྱན་དུ་ཡོད་པས་ལྷའི་རྒྱབ་ཡོལ་དུ་འཁྲུལ་ནས་བོད་དུ་དེའི་རྒྱུན་འབྱམས་པ་ཙམ་ལས་ཁུངས་ཡང་དག་མེད་པར་འདོད་ཅིང་། དེ་བཤད་པའི་ཁུངས་བླ་མའི་ཡོན་ཏན་ཡོངས་གཟུང་སོགས་ཙ་མིའི་རྒྱུད་གསུམ་པོ་ཡང་རྒྱུད་ཡང་དག་མ་ཡིན་པར་འཆད་མོད། འོན་ཀྱང་ཁྲི་རྒྱན་གྱི་བཀོད་པ་འདི་ལྟ་བུ་རྒྱ་གར་གྱི་བཟོ་ཡིན་ངེས་འགའ་ལའང་མཐོང་ཞིང་ཁུངས་ཀྱི་རྒྱུད་དེ་རྒྱུད་ཡང་དག་ཏུ་རང་བྱུང་ཞབས་བཞེད་པའི་ཕྱིར་ཁོ་བོ་ཅག་དེ་ལ་ཚད་མར་བྱེད་ཅེས་ཀུན་མཁྱེན་ངྷ་རྨཱ་ཀ་རས་གསུངས་སོ། །

(༥)སྐྱོན་སེལ་བ།

རིང་ཐུང་སྦོམ་ཕྲ་ཡོ་སོགས་སྐྱོན་མི་ལྡན། །

རྒྱུད་སྡོམ་པ་ལས། རིང་བ་གསུམ་ནི་སྐྱོན་ཆ་སྟེ། །ཨོས་ཀོ་མགྲིན་པ་ཕྱིན་པའོ། །སྣ་དང་རྣ་བ་སོར་མོ་སོགས། །གསུམ་པོ་ཐུང་བ་ཉེས་པ་ཆེ། །བྱིན་པ་ཞབས་སོགས་མཁུར་བ་དག །གསུམ་པོ་སྦོམ་པ་སྐྱོན་ཆེན་ཏེ། །འགྲམ་པ་བྲང་དང་རྩིབས་ལོགས་གསུམ། །ཞོམ་པ་ཉེས་པ་ཆེན་པོའོ། །ནུ་མ་རྣ་བ་དཔྲལ་བ་གསུམ། །འཁྱོག་པ་ཉེས་པ་ཆེན་པོ་སྟེ། །བརླ་དང་དཀུ་དང་ནམ་ཚོང་གཉིས། །གསུམ་པོ་ཞོམ་པ་སྐྱོན་ཆེའོ། །ཞེས་སོགས་སྐྱོན་རེ་རེས་ཉེས་པ་ཆེན་པོ་སོ་སོར་སྐྱེད་བའི་ཚུལ་དང་། འདིར་ནི་སྤྱན་སོགས་ཡོ་བའམ། །ཕྱག་རྒྱ་ཕྱག་མཚན་ནོར་གྱུར་ན། །མྱ་ངན་སྡུག་བསྔལ་གྱིས་རབ་གདུང་། །གཟུགས་བརྙན་སྐྱོན་སོགས་མཚན་ཉིད་དེ། །དེ་ཕྱིར་སྐྱོན་བརྟགས་བཅོས་པར་བྱ། །རྒྱབ་ཡོལ་གདུགས་དང་གདན་རྣམས་ཏེ། །གསུམ་པོ་ཆུང་ཞིང་དོག་པའི་སྐྱོན། །མཛའ་བོས་མི་སྙན་བརྗོད་པ་དང་། །དཔལ་ཉམས་འཆི་བར་འགྱུར་བ་ཡིན། །འདི་དག་ཉེས་པ་ཆེན་པོ་སྟེ། །མཁས་པས་ལེགས་པར་བརྟག་པར་བྱ། །ཞེས་སོགས་གསུངས་པའི་སྐྱོན་རྣམས་དང་མི་ལྡན་པ་ཤིན་ཏུ་གལ་ཆེ་ཞིང་། གཞན་ཡང་ཚད་དང་མི་ལྡན་པའི་ལྷར་མེ་ཤེས་སེམས་དཔའ་མི་འཇུག་པ་དང་། སྐྱོན་ཅན་གྱི་སྐུ་གཟུགས་དེ་གང་དུ་ཡོད་པའི་ས་ཕྱོགས་ཀྱི་བཟང་པོའི་དཔྱད་རྣམས་ཀྱང་ཉམས་པར་འགྱུར་བ་སོགས་མི་དགེ་བ་འགའ་ཞིག་འབྱུང་བར་གསུངས་པས་དེ་ལྟ་བུ་ནི་གཙང་མའི་སར་དོར་བར་བྱའོ། །

(༦)ཚོན་མདངས།

རྩ་བ་ཡན་ལག་ཚོན་སྦྱོར་མདངས་དང་བཅས། །

ཚོན་སྦྱོར་ལའང་རྩ་བའི་ཚོན། དཀར། སེར། དམར། སྔོ། ལྗང་གུ་ལྔ། ཡན་ལག་གི་ཚོན་འབྲིང་པོ། །ལི་ཁྲི་ཤ་ཁ་ན་རོས་གསུམ། །མོན་ཁ་དུང་ཁ་ཇ་ཁ་གསུམ།། སྨུག་པོ་རུས་ཁ་གཡུ་ཁའོ།། དེ་དག་རེ་རེ་ལའང་ནང་གསེས་མང་དུ་བྱར་ཡོད་ཅིང་། ཡན་ལག་རྒྱས་པ་སུམ་ཅུ་རྩ་གཉིས་ནི། དཀར་པོ་དཀར་སེར་དཀར་དམར་ཆུ་ཤེལ་མདོག །སེར་པོ་སེར་སྐྱ་དམར་པོ་ལི་ཁྲི་མདོག །དམར་པོ་དམར་སྐྱ་དམར་སྨུག་རྒྱ་སྐག་མདོག །སྔོན་པོ་སྔོ་སྐྱ་མཐིང་ནག་གཡུ་ཁ་མདོག །ལྗང་གུ་ལྗང་སེར་ལྗང་སྐྱ་ལྗང་ནག་གོ །ཤ་ཁ་ཇ་ཁ་མོན་ཁ་ཐལ་ཁ་དང་། །སྨུག་པོ་སྨུག་ནག་ན་གློ་བ་ཁ། །དུད་ཁ་རེ་ཁ་རུས་ཁ་མུན་མདོག་གོ །ཞེས་པ་ཡོངས་གྲགས་ཀྱི་སྦྱོར་ཚུལ་ཏེ་ཚོན་གྱི་ཁྱད་པར་སོགས་ལས་ཀྱང་མཐའ་ཡས་པར་འགྱུར་རོ། གང་ལྟར་སྣུམ་བརྗིད་བཀྲག་གསུམ་འཛོམ་ན་ཚོན་སྦྱོར་ལེགས་པའི་ཚད་དུ་བཤད་དོ། །

མདངས་ལའང་བཙག་མདངས་ཡུངས་ཞི་བརྡལ་འདྲ། འབར་མདངས་ཀུ་ཤའི་རྩེ་འདྲ། བཤལ་མདངས་འཇའ་ཚོན་ཡལ་འདྲ་རྣམས་དང་། བཅད་ཀྱི་ཚུལ་དང་བཅས་པ་རྣམས་ཀྱང་རེ་རེས་རེ་རེ་མ་བསླད་པར་དགོས་སོ། །

(༧)རྣམ་འགྱུར།

རྣམ་འགྱུར་ཡུལ་བཀོད་སོ་སོའི་ལུགས་མཐུན་ནོ། །

རྩ་བའི་པ་ཏྲ་རིགས་བརྒྱད། མེ་རི་རིགས་གསུམ་གྱིས་མཚོན་གཟུགས་དང་རྣམ་འགྱུར་མི་འདྲ་བའི་ཁྱད་པར་དུ་མ་རྣམས་དང་། ལྷག་པར་འཕགས་ཡུལ་རྒྱ་ནག་བོད་ཡུལ་སོགས་ཡུལ་བཀོད་སོ་སོའི་ལུགས་དང་མཐུན་པར་བྱ་སྟེ།

ཇི་སྐད་དུ། ཁང་བཟང་ལ་སོགས་བྱང་ཆུབ་ཤིང་། །མེ་ཏོག་སྣ་ཚོགས་མཆོད་པའི་སྤྲིན། །རྟེན་འབྲེལ་རི་མོ་རིན་ཆེན་ཕྲེང་། །བཟོ་མཐའ་མ་འདྲེས་རང་རང་བརྒྱུད། །རྒྱ་གར་བཟོ་ཡི་ཁྱད་ཆོས་ཡིན། །མཛེས་ལྡན་རི་མོ་མདངས་ལྡན་པར། །བཀྲ་ཤིས་གཟུགས་བརྙན་གོས་ཀྱི་རྒྱུད། ཁྲི་དང་མཚར་བའི་བྱེ་བྲག་རྣམས། །རྒྱ་ནག་བཟོ་ཡི་ཁྱད་ཆོས་ཡིན། །ཆུ་གནས་སྲོག་ཆགས་མཚོ་དང་རྫིང་། །དྲི་ཞིམ་ནགས་ཚལ་ཀླུ་ཡི་རྫས། །སྨན་སྤོས་ལྷབ་ལྷུབ་རི་མོ་རྣམས། །ཁ་ཆེ་བཟོ་ཡི་ཁྱད་ཆོས་ཡིན། །འབྱུང་བཞི་པ་ཏྲ་འཇའ་དང་སྤྲིན། །ཤིང་ལྗོན་རིན་ཆེན་སྣལ་རིས་རྒྱན། །ནམ་མཁའི་སྲོག་ཆགས་ལྷ་ཡི་རྫས། བལ་པོ་བཟོ་ཡི་ཁྱད་ཆོས་ཡིན། །བྲག་དང་སྤང་རི་རི་དྭགས་དང་། །བླ་བྲེ་ཆུན་འཕྱང་མཛེས་པའི་རྒྱན། །སྣ་ཚོགས་གཟུགས་དང་གངས་རིའི་ཁྲོད། །གངས་ཅན་བཟོ་ཡི་ཁྱད་ཆོས་ཡིན། །ཅེས་བཤད་པ་སོགས་ཀྱི་རྣམ་འགྱུར་ལག་ཏུ་ལོངས་པ་དགོས་སོ། །

༣.རྟེན་གཞལ་ཡས་ཁང་འཕྲོས་ཙམ་སྨོས་པ།

རྟེན་གནས་གཞལ་ཡས་ཁང་ལ་བློས་བསླང་དང་། །བྲིས་ཐིག་ཡོངས་གྲགས་རྡོར་ཕྲེང་རྗེས་སུ་འབྲངས། །

ལྷའི་རྟེན་གཞལ་ཡས་ཁང་ནི། བི་མཱ་ནའི་སྒྲ་ལས་གཞལ་དུ་མེད་པ་སྟེ། མཁའ་འགྲོ་རྒྱ་མཚོར་གཞལ་ཡས་ཁང་པདྨའི་རྣམ་པ་ཅན་དུ་བཤད་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་ཐར་པ་ཆེན་པོའི་གྲངས་ཀྱི་བཀོད་པ་ཚད་མེད་པར་བཤད་པ་སོགས་ལ་འཇུག་ཅིང་། འདིར་ལག་ཏུ་བླང་བྱ་རྒྱུད་སྡེ་རྣམས་ལས་བྱང་ཕྱོགས་སོ་བདུན་གྱི་དག་པ་སྦྱོར་བའི་ཆེད་དུ་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་ཁང་བཟང་གསུངས་པ་ཁོ་ན་ཡིན་ལ། དེ་ལའང་བློས་བསླང་དང་། བྲི་ཆའི་རྣམ་གཞག་གཉིས་ཡོད་ཅིང་། བྲིས་ཐིག་ཞིབ་ཆ་ཤེས་ན་བློས་བསླང་ལའང་དང་འབུར་དང་གྱེན་དུ་བསླངས་པའི་ཁྱད་པར་སོགས་ལས་སྤྱི་ཁོག་ཤེས་པར་འགྱུར་ཞིང་། སྤྱིར་དཀྱིལ་འཁོར་ལ་ཚད་བཅས་དང་། ཚད་མ་ངེས་པ་གཉིས་སུ་གསུངས། །

དང་པོ་ལའང་ལྷ་སྒོ་ནས་ཚད་གཞག་པ་ནི། གུར་ལས། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་པ། ཁྲུ་ལྔ་པ་ནི་སྣང་བྱེད་ལའོ། །གར་དབང་ཕྱུག་གི་ཁྲུ་དྲུག་པ། །རྟ་ཡི་རྒྱལ་པོ་ཁྲུ་བདུན་པའོ། །ཞེས་མི་བསྐྱོད་རྣམ་སྣང་རིན་འབྱུང་འོད་དཔག་མེད་དོན་གྲུབ་རྣམས་ཀྱི་དཀྱིལ་འཁོར་ལ་ཁྲུ་གསུམ་ནས་བདུན་གྱི་བར་དུ་གསུངས་པ་དང་། །འདུས་པ་རྩ་རྒྱུད་ཀྱི་ལེའུ་བཞི་པར་ཐུགས་དཀྱིལ་ཁྲུ་བཅུ་གཉིས། །ལེའུ་བཅུ་དྲུག་པར་སྐུ་དཀྱིལ་ཁྲུ་བཅུ་དྲུག་དང་གསུང་དཀྱིལ་ཉི་ཤུ་པར་གསུངས་པ་ལྟ་བུ་སྟེ་རྩ་ཐིག་གི་ངོས་བཞི་ཀའི་དབང་དུ་བྱས་པའོ། །སྦྱིན་བདག་གི་སྒོ་ནས་གཞག་པ་ནི། །ཕྲེང་བར་རྒྱུད་ཀྱི་ལུང་དྲངས་པ་ལས། །འཛམ་བུ་གླིང་གི་དབང་ཕྱུག་གམ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིས། །ཀུན་ནས་དཔག་ཚད་མཐའ་རུ་ནི། །ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ། །ཞེས་དང་། ཛ་ཡ་སེ་ནས། དཀྱིལ་འཁོར་ཁྲུ་ནི་བརྒྱད་པར་འདོད། །གཞན་དག་རྒྱལ་པོ་ལ་ཁྲུ་བརྒྱ། །མཐར་སྐྱེས་རྣམས་ཀྱི་དེ་ཡི་ཕྱེད། །གཙོ་བོ་རྣམས་ཀྱི་དེ་ཕྱེད་གསུངས། །ཚོང་དཔོན་རྣམས་ཀྱི་ཁྲུ་བཅུ་གཉིས། །སྒྲུབ་པོ་རྣམས་ཀྱི་ཁྲུ་དྲུག་པ། །ཞེས་སྦྱིན་བདག་གི་འབྱོར་བའི་ཁྱད་པར་ལ་དཔག་པར་གསུངས་སོ། །

གཉིས་པ་མ་ངེས་པའང་བཞི་བརྒྱ་ལྔ་བཅུ་པ་ལས། །སེམས་ཅན་བསམ་པ་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་མཛད་ཀྱི། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །ཚད་སོགས་ངེས་པས་ཅི་ཞིག་བྱ། །དེ་ནི་ཁྲུ་གཅིག་ནས་བརྩམ་སྟེ། །ཇི་སྲིད་ཁྲུ་སྟོང་བར་དུ་བྱ། །དེ་ལྟར་འཁོར་ལོ་དེ་ཐིག་གདབ། །ཅེས་དང་། རྡོར་ཕྲེང་སོགས་ལས་ཀྱང་དེ་མཚུངས་བཤད་པ་ལྟར་རོ། །ཚད་ཅན་ད་ལྟ་ལག་ལེན་དུ་བྱེད་པ་ལ་རྒྱུད་སྡེ་སོ་སོའི་ལུགས་སྲོལ་ཨ་བྷ་ཡ་དང་ཤྲངྔྷ་ཀ་རའི་བཞེད་སྲོལ་གཉིས་ཡོངས་སུ་གྲགས་ཤིང་། དེ་ལས་ཀྱང་རྡོར་ཕྲེང་གི་རྗེས་སུ་འབྲང་བ་མང་ལ། དེའང་། སྒོ་ཚད་ཆ་ཆེན་རྣམ་གྲངས་ཏེ། །ཆ་ཆེན་རེ་ལ་ཆ་ཚད་བཞི། །དེ་ཡི་ཕྱེད་ལ་ཞི་བར་གྲགས། །རྡོ་རྗེ་ཕྲེང་བ་ལས་གསུངས་པའི། །རིང་བ་མདའ་ཡབ་མདའ་ཡབ་བར། །དཀྱིལ་འཁོར་འཁོར་དང་བཅས་པ་ཡི། །ཉིས་འགྱུར་ཆ་ཆེན་ཉེར་བཞི་དང་། །ཆ་ཆུང་དགུ་བཅུ་རྩ་དྲུག་གོ། །དད་བྱེད་གོ་ཆས་བཞེད་པ་ཡི། །ཐུང་བ་རྩ་ཐིག་རྩ་ཐིག་དང་། །རྩ་བའི་དཀྱིལ་འཁོར་དངོས་ཀྱི་ནི། །ཉིས་འགྱུར་ཆ་ཆེན་བཅུ་དྲུག་དང་། །ཆ་ཆུང་དྲུག་ཅུ་རྩ་བཞིའོ། །རྩ་ཐིག་དཀྱིལ་འཁོར་དངོས་ཡིན་པས། །དེ་ཡི་བརྒྱད་ཆ་སྒོ་ཚད་དུ། །རྒྱུད་སྡེ་ཕལ་ལས་གསུངས་བཞིན་གྲགས། །གདན་བཞི་སྡོམ་འབྱུང་ལྔ་ཆ་དང་། ཁམས་གསུམ་རྣམ་རྒྱལ་དགུ་ཆ་དང་། །དཀྱིལ་འཁོར་བཀོད་པར་བཅུ་ཆར་གསུངས། །སྒོ་ལའང་གཉིས་གཉིས་མཉམ་པ་དང་། །གཉིས་མཉམ་གཉིས་མི་མཉམ་པ་དང་། །བཞི་མཉམ་ཉིད་དང་རིགས་གསུམ་བཤད། །རྟ་བབས་ཚད་ཅན་ཚད་མེད་འདྲེས། །བར་པའི་ཚད་ལ་ངེས་མེད་ཀྱང་། །རྒྱ་བལ་བྲིས་ཐང་ཅི་རིགས་འབྱུང་། །ཕྱི་མ་ཞེང་ལ་སྒོ་ཚད་གསུམ། དཔང་ལ་ངེས་མེད་རིན་འབྱུང་ཞབས། །འཇིག་རྟེན་སྣང་བྱེད་ཉིད་དུ་བཤད། །དང་པོ་སྣམ་བུ་བཞི་མ་ནི། །སྒོ་ཚད་གཅིག་སྟེ་རྒྱ་བོད་ཀྱི། །མཁས་གྲུབ་སྔ་མ་ཕལ་ཆེར་བཞེད། །ཕྲེང་བའི་རྟ་བབས་ལུགས་བཞི་ལ། །དུས་ཀྱི་འཁོར་ལོ་དེ་ཡི་ལུགས། །སྣམ་བུ་བཅུ་གཅིག་ཚུལ་གསུམ་ལ། །སྒོ་ཚད་གསུམ་པའི་རྟ་བབས་ལ། །གཉིས་མཉམ་དགུ་མཉམ་བྱ་བ་དང་། །ལྔ་མཉམ་གསུམ་གསུམ་མཉམ་པ་གཉིས། །སྒོ་ཚད་གཅིག་ལའང་ཕྱི་མ་ལྟར། །མཉམ་གསུམ་ལུགས་སྲོལ་རྣམས་སུ་ཡོད། །སྣ་ཚོགས་རྡོ་རྗེའང་ཡོད་མེད་མང་། །མཁས་པ་སྒོ་དྲུག་ཕྱིན་ཆད་ནས། །གདན་དེ་ངེས་པ་ཅན་དུ་བྱེད། །ཐོག་ཕུབ་མཆོད་རྟེན་མཁར་ཐབ་དང་། །རྒྱལ་ཁབ་རི་བོའི་གུར་སྟེ་བཞི། །ཐིག་རིང་ཐིག་ཐུང་མན་ངག་ཐིག །མཁས་པའི་ལག་ལེན་དུ་མ་འབྱུང་། །ཞེས་པ་ནི་དཀྱིལ་འཁོར་བྲིས་འབུར་སྤྱིའི་ལུགས་སྲོལ་མདོ་ཙམ་སྨོས་པའོ། །

བྲིས་པའི་དཀྱིལ་འཁོར་ལ་ཚོན་རྩིའང་འབྱོར་བ་རབ་ཀྱིས་ཨིནྡྲ་ནཱི་ལ་དང་པདྨ་རཱ་ག་སོགས་མཆོག་གི་རིན་ཆེན་རྣམས་ཀྱི་ཕྱེ་མ་ལས་བྱ་དགོས་པ་དང་། འབྲིང་རྣམས་ཀྱིས་འབྲས་སོགས་འབྲུ་སྣ་ཚོགས་ཀྱི་ཕྱེ་མ་ཁ་བསྒྱུར་བ་དང་། ཐ་མས་མེ་ཏོག་གི་ཕྱེ་མའམ་ཁམས་སའམ། བླ་མེད་ལ་དུར་ཁྲོད་ཀྱི་སོལ་བ་དང་རུས་ཕྱེ་ལ་སོགས་པས་ཀྱང་བྲི་བར་རྒྱུད་རྣམས་ལས་གསུངས་ཤིང་། ད་ལྟའི་ལག་ལེན་ལ་རྡུལ་ཚོན་གྱི་བཟོ་ཐབས་ཀྱང་གནས་དུས་དང་བསྟུན་པ་མང་བས་གང་ཡང་སླ་ཆོས་དེས་ཆོག་ཏུ་མ་སོང་བར་སོ་སོའི་ལག་རྒྱུན་བཞིན་དགོས་པ་དང་། ཕྲེང་བ་ལས། སྦོམས་སུ་སྒོ་ཡི་ཉི་ཤུ་ཆར། །རེ་ཁཱ་ཡང་དག་དྲངས་པར་བྱ། །མཉམ་ཞིང་དྲང་པོ་མ་ཆད་པར། །ཇི་ལྟར་རིགས་པ་ཕན་ཚུན་གྱི། །བར་གྱི་ཚད་ནི་ནས་ཙམ་སྟེ། །འོག་དང་སྟེང་ནི་ཅི་མཛེས་བྱ། །སྦོམ་པོར་བཀྱེ་ན་ནད་འབྱུང་ངོ་། །ཕྲ་མོ་ཡིས་ནི་ནོར་རྣམས་ཉམས། །ཡོན་པོ་ཡིས་ནི་རྣམ་པར་སྡང་། །ཆད་ན་བླ་མ་སློབ་མ་འཆི། །གཡས་བསྐོར་མིན་པར་བཀྱེ་ན་ནི། །ཚོན་རྣམས་ཕུར་བུས་བཏབ་པར་འགྱུར། །ཞེས་གསུངས་པ་ལྟར་བྲི་ཉེས་པའི་ཉེས་དམིགས་རྣམས་ངེས་པས་ནན་ཏན་བསྐྱེད་ཅིང་གཟབ་སྟེ་བྲི་དགོས་སོ། །

བརྟེན་པ་ལྷ་མཚན་དགོད་པའི་ཚུལ་ཡང་ཁ་ཅིག་གིས་སྐུ་ཁོ་ན་བྲི་དགོས་པར་འདོད་པ་དང་། ཕལ་ཆེར་ཚོན་སྤུངས་སམ་ཐིག་ལེ་ཁོ་ནས་ཆོག་པར་འདོད་པ་སོགས་སྣང་མོད། དུས་འཁོར་འགྲེལ་ཆེན་ལ། འདི་ཐམས་ཅད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཉི་མ་དང་ཟླ་བའི་གདན་རྣམས་ལ་རགས་པ་དང་ཕྲ་བ་དང་གཞན་གྱི་དབྱེ་བས་དགོད་པ་རྣམ་གསུམ་སྟེ། དེ་ལ་གཞན་གྱི་དབྱེ་བ་ནི་སྔགས་ཀྱི་ས་བོན་དགོད་པའོ།།ཕྲ་བའི་དབྱེ་བ་ནི་སྔགས་ཀྱི་ས་བོན་ཡོངས་སུ་གྱུར་པའི་རྡོ་རྗེ་ལ་སོགས་པའི་མཚན་མ་དགོད་པའོ། །རགས་པའི་དབྱེ་བ་ནི་རྡོ་རྗེ་མ་སོགས་པའི་མཚན་མ་ཡོངས་སུ་གྱུར་པའི་ལྷའི་གཟུགས་དགོད་པའོ། །ཞེས་དང་། ཀླུ་བྱང་གིས། ཇི་ལྟར་ནུས་པས་དཀྱིལ་འཁོར་དུ། །ས་བོན་དགོད་བྱ་ཡང་ན་ནི། །མཚན་མའམ་ལྷ་ཡི་གཟུགས་ཉིད་དེ། །ལུགས་མའམ་འདུ་བྱས་དགོད་པར་བྱ། །ཞེས་དང་། སམྦུ་ཊི་དང་མན་ངག་སྙེ་མ་སོགས་ལས་ཀྱང་དེ་བཞིན་གསུངས་པ་དང་། སྤྱི་རྒྱུད་ལས། བློ་དང་ལྡན་པས་མ་བསླབ་པར། །ཕྱག་རྒྱ་རྣམས་སུ་དགོད་པར་བྱ། །བསླབ་པས་ཀྱང་ནི་ཕྱེ་བ་ཡི། །ཡན་ལག་རྫོགས་པར་རབ་ཏུ་དཀའ། །ཡན་ལག་རྫོགས་ཤིང་རྒྱས་བྱས་ན། །ཆོ་གའི་ལས་ལ་རིང་དུ་སོགས། །གཟུགས་རྣམས་ལེགས་པར་བསྒྲུབ་པ་ན་ནི། མང་པོ་རྣམས་ནི་ཟིན་མི་འགྱུར། །ཡན་ལག་ཉམས་ན་བྱིན་མི་རློབས། །དངོས་མི་འགྲུབ་པར་རབ་ཏུ་བཤད། །དེ་ལྟ་བས་ན་མཁས་པ་ཡིས། །ཕྱག་རྒྱའི་གཟུགས་སུ་ལྷ་རྣམས་དགོད། །ཅེས་སོགས་གསུངས་ཏེ་ལྷའི་སྐུ་ཡོངས་རྫོགས་བྲིས་ན་རིང་དུ་འགོར་བས་ཆོ་ག་མི་རྫོགས་པར་འགྱུར་ལ། ལྷའི་ཡན་ལག་ཉམས་ན་བྱིན་གྱིས་མི་རློབ་པས་ཕྱག་མཚན་བྲི་བ་ཉེད་ཤིན་ཏུ་བསྔགས་པར་མཛདཅིང་། ད་ལྟའི་མཁས་པ་ཚད་ལྡན་རྣམས་ཀྱི་ཕྱག་ལེན་དུ། གཙོ་བོ་ལ་སྐུ། འཁོར་རྣམས་ལ་ཕྱག་མཚན། ཡང་འཁོར་སྒོ་བ་སོགས་ལ་ས་བོན་དགོད་པར་མཛད་པ་ནི་ཤིན་ཏུ་ལེགས་ཤིང་སྤྲོས་པ་འཚམས་ལ། ཡང་ཕྲེང་བ་ལས། དེ་ལ་སྐལ་པ་དང་མི་ལྡན་པ་འདུས་པ་ན་མཚན་མ་དང་ཕྱག་རྒྱ་ཉིད་ཇི་ལྟར་རིགས་པར་བྲིའོ། །སྐལ་པ་དང་མི་ལྡན་པ་མེད་ན་ལྷའི་སྐུ་བྲི་བར་བྱ་ཞིང་བྲིས་སྐུའམ་ལུགས་མའམ་བཟོ་བོས་ལེགས་པར་འདུ་བྱས་པ་བཞག་པར་བྱའོ། ཞེས་དང་། མན་ངག་སྙེ་མར། མུ་སྟེགས་ཅན་སོགས་མ་དད་པས་མཐོང་བའི་སར་ལྷ་སྐུ་བྲི་ཡང་ཡུམ་དང་སྦྱོར་བ་བྲི་མི་རུང་བའང་བཤད་ལ། ཕྱག་རྡོར་དབང་བསྐུར་ལས་ནི་གཙོ་བོ་ལ་ཕྱག་མཚན་དང་། འཁོར་རྣམས་ཀྱི་གནས་སུ་ཐིག་ལེ་ཙམ་དགོད་པར་ཡང་བཤད་དོ། །

གཞན་ཡང་མངོན་བརྗོད་ལས། ཚོན་ནམ་ཡང་ན་པིར་རྣམས་ཀྱིས། །བྲིས་པ་རྣམས་ཀྱིས་རྣམ་པར་སྤྲས། །ཞེས་གསུངས་པས། ས་བོན་སོགས་དཀྱིལ་འཁོར་དུ་དགོད་པ་ནི་ཚོན་ནམ་པིར་རམ་སྨྱུ་གུས་བྲིས་པས་ཀྱང་རུང་ངོ་། །སྒྱུ་འཕྲུལ་ལུགས་སོགས་བརྡ་དོན་གཞན་པའང་ཡོད།

གསང་སྔགས་སྔ་འགྱུར་རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་སོགས་བཀའ་གཏེར་རྣམས་ལས་གཞལ་ཡས་ཁང་གི་རྣམ་གཞག་བླ་མེད་སྤྱི་ཁྱབ་དང་ཅུང་ཟད་མི་མཐུན་པའི་བརྡ་དང་དོན་གྱི་ཁྱད་པར་གཞན་པའང་ཡོད་དེ། གསང་སྙིང་ལ་མཚོན་ན། འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །ཞེས་དབྱེ་བ་བཅུ་གཅིག་ཏུ་གསུངས་པ་ལས། རྩེ་མོ་ནི་སྒྱུ་འཕྲུལ་རང་ལུགས་ཀྱི་ཁྱད་ཆོས་ཏོག་གི་འོག་ཏུ་དབྱིབས་བུམ་པའི་ལྟོ་བ་ལྟ་བུའི་ཟླུམ་པོའི་རྣམ་པས་བསྐོར་བ་དང་། རྒྱན་ཆལ་ཡང་། འོག་དང་ལོགས་ཀྱི་རྒྱན་དང་ནི། །སྟེང་དང་སྒོ་དང་ཕྱི་རོལ་དང་། །ངོ་བོ་ཉིད་དང་བདག་པོའི་རྒྱན། །ཅེས་རྣམ་གྲངས་བདུན་ཡོད་པ་དང་། རྟ་བབས་ལ་རྒྱུའི་རྟ་བབས་སྒོ་ཁང་གི་ནང་སྒོ་ཕུག་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་བཞི་སྟེ་བ་བཞོན་གྱི་རྟ་བབས་བརྒྱད་དུ་གྲགས་པ་དང་། འབྲས་བུའི་རྟ་བབས་སྣམ་བུ་བརྒྱད་མར་བཤད་པ་སོགས་རྣམ་པར་དབྱེ་བ་མང་ངོ་། །

(གཉིས) གསུང་རྟེན།

༡.ཡིག་རིགས་སྤྱིར་བསྟན་པ།

གསུང་རྟེན་མདོ་ལས་ཡིག་རིགས་དྲུག་ཅུ་བཞི། །ཡུལ་གླིང་སོ་སོའི་ཡི་གེ་ཀུན་གྱི་མཆོག །ལཉྲ་ཝརྲཱ་ལ་སོགས་མགོ་རྐེ་ཁ་དོ་དང་། ཁོག་པ་ཁ་གསུམ་མགོ་རྗེས་རགས་པའོ།།

གསུང་གི་རྟེན་བཟོ་བོས་བཞེངས་པར་བྱ་བ་ནི་ཡི་གེ་གླེགས་བམ་ཡིན་ལ། དེའང་རྒྱ་ཆེར་རོལ་པའི་མདོ་ལས་ཡིག་རིགས་དྲུག་ཅུ་ཅུ་བཞིར་གསུངས་ཏེ། དེའང་། ཚངས་པ(1)ཁ་རོཥི་(2)དང་པདྨའི་(3)སྙིང་། །ཨངྒ(4)པདྨ(5)མ་ག་ངྷ(6)བཀྲ་ཤིས།(7)སོར་གདུབ(8)ཀཱ་ཀ་རི(9)དང་སྭཱ་ངྷྱ(10)ནི། ཨ་ཧུ(11)རྩུབ་མོ་(12)འགྲོ་ལྡིང(13)མོན་ཡུལ་དང་། (14) །ལྷོ་ཕྱོགས(15)དྲག་པོ(16)གྲངས(17)དང་སྤྱིའུ་ཚུགས། (18) །རྗེས་མཐུན་(19)ངྷ་རི་ཊ་(20)དང་ཁྱ་སྱཱ་དང་། (21) རྒྱ་ནག(22)ཧུ་ན(23)དབུས།(24)དང་རྒྱལ་གྱི་ཡིག(25) ལྷ།(26)ཀླུ།(27)གནོད་སྦྱིན།(28)དྲི་ཟ།(29)མིའམ་ཅི། (30) ལྟོ་འཕྱེ།(31)ལྷ་མིན།(32)མཁའ་ལྡིང་།(33)བྱ་རོག་སྐད། (34)རི་དྭགས་འཁོར་ལོ།(35)ས་ལྷ།(36)བར་སྣང་ལྷ། (37) ནུབ།(38)བྱང་།(39)ཤར་གླིང་།(40)འདེགས(41)བཞག(42)རབ་ཏུ་བཞག(43) རྒྱ་མཚོ།(44)རྡོ་རྗེ(45)འཕྲིན(46)དང་རབ་ཏུ་འཕྲིན། (47) རྣམ་གཞག(48)ཆུང་མིན(49)བསྟན་བཅོས(50)རྩིས(51)འདེགས(52)སྐོར། རྒང་པས་བྲིས(53)དང་ཕྱི་མའི་ཚིག་གཉིས་གྲུབ། (54) །ཕྱི་མ་བཅུ་གྲུབ(55)བར་སྒྲུབ(56)སྒྲ་ཀུན་བསྡུས། (57) །རིགས་མཐུན་རྣམ་བསྲེས(58)དྲང་སྲོང(59)དཀའ་ཐུབ་གདུངས། (60) ། གསལ་བ(61)ས་རབ་ལྟ(62)དང་སྨན་རྒྱུ་མཐུན། (63)། སྙིང་པོ་ཐམས་ཅད་ཀུན་ཏུ་བསྡུས་པའོ། (64)དེ་དག་ལས་ཚངས་པའི་ཡི་གེ། ལཱཉྩ་ན། དེ་ལའང་ཁོང་སེང་དང་ཤ་ཆེན་གཉིས། དེ་དང་མཐུན་པ་ངྷ་རི་ཀའི་ཡིག་རིགས་ལྔ། མགོ་གྱེན་བཟེད་ན་ག་ར་ལ་རིགས་མི་འདྲ་བ་དྲུག དེའི་མགོ་ཐུར་དུ་བཀུག་པ་ཀླུའི་ཡི་གེ་ཝརྟུ་ལ། རྒྱ་མཚོ་མཐའ་རྣམས་དང་དྲུག་ཅུ་རྩ་བཞི་པོ་དེར་དངོས་སུ་མི་འདྲེན་པ་ཀསྨྰི་ར་མི་བ་གསུམ། གཽ་ཊ། བྷ་ཧུར། སིནྡྷུ། གྷཽ་ལའི་ཡིག་རིགས་གཉིས། མ་གངྷཱ་ཡིག ཀ་མ་ཏའི་ཡི་གེ པུཀྐཾ། མརྐྐོ་ལའི་ཡི་གེ ཟགས་གླིང་གི་ཡི་གེ སྲིན་པོའི་ཡི་གེ་རྣམས་ནི་བོད་དུའང་འདྲ་བའི་རྒྱུན་བྱུང་བས་མཚོན།ཡུལ་གླིང་སོ་སོར་ཡི་གེའི་རིག་པ་འདྲ་མིན་མཐའ་ཡས་པ་མཆིས་པ་ཀུན་གྱི་མཚོག་ནི་ལཉྲ་ཝར་ཡིན་ལ། སོགས་ཁོངས་ནས་དེ་དག་གི་འབྲི་ཚུལ་ཤེས་ན་ན་ག་ར་ཡིག་སོགས་ལའང་དཀའ་བ་མེད་ཅིང་། བྲིས་ཐིག་ཞིབ་ཆ་ལག་ཏུ་མི་ལོངས་པས། དཀྱུས་ལ་མགོ་རྐེ་གཉིས་ལ་སྨྱུ་གུཧཱ་ཁ་དོ། འོག་པ་ལ་ཁ་གསུམ་སྟེ་དཔང་སྨྱུག་ཁམས་ལྔ། རིང་ཆ་དང་ཕའི་རྒྱབ་ལག་སོགས་མིན་པའི་ཡིག་འབྲུ་སྤྱི་ཞེང་ལ་རང་ཁམས་གསུམ། དེ་དག་ཀྱང་ཕལ་ཆེར་ཐོག་མར་ཁོང་ནས་འབུབས་ཤིང་མགོ་རྗེས་སུ་འཐེན་པ་ནི་འབྲི་ཚུལ་རགས་པའོ།།

༢.བོད་ཀྱི་ཡི་གེ་ཁྱད་པར་དུ་དབྱེ་བ།

བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་། །་མ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ། །

བོད་ཀྱི་ཡིག་རིགས་ཕྱིས་སུ་རིམ་པར་དར་བའི་རྣམ་གྲངས་མི་འདྲ་བ་མང་ཡང་། རྩ་བ་གཟབ་ཆེན་དང་གཟབ་ཆུང་གཉིས། འབྲུ་ཆེན་དང་འབྲུ་ཆུང་གཉིས། བཤུར་མ་དཀྱུས་ཡིག་གཉིས་ཏེ་དྲུག་ལ་ཐམས་ཅད་འདུའོ། །གཟབ་ལ་སྣ་མ་གསར་ལེབ་རིམ་པ་དགུ །གཡུ་ཁྲིའི་རྗེས་འབྲང་སྦལ་ལུགས་མང་ལུགས་གཉིས། །

བོད་ཡིག་གི་མཆོག་གཟབ་མའམ་དབུ་ཅན་ལ། ཐོག་མར་ཐུ་མི་སམ་བྷོ་ཊ་ཉིད་ཀྱི་ཕྱག་བྲིས་སྦལ་ནག་ན་ལ་རྒྱངས་པ་འདྲ་བ་དང་། དེའི་རྗེས་སུ་ཕྱ་དང་རིན་ཆེན་འབར་ཞེས་བྱ་བས་སོ་ཕག་གཤིབས་པ་ལྟ་བུ་དང་། དེའི་རྗེས་སུ་ཆབ་དཀར་བེའུ་ཆོས་བྱ་ཕོ་འཇོལ་བ་ལྟ་བུ་དང་། དེའི་རྗེས་སུ་གཙང་དགེ་བསྙེན་དབང་གིས་ནས་ནག་བཀྲམ་པ་ལྟ་བུ་དང་། དེའི་རྗེས་སུ་འབྲེའོ་ཁྲོམ་ཞེས་པས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་དང་། དེའི་རྗེས་སུ་སྤོང་བྱང་ཆུབ་ཀྱིས་སྦུར་ནག་བགྲད་པ་ལྟ་བུ་དང་། དེ་རྗེས་སུ་ཐེ་ཡོན་ཏན་བྱ་བས་ཉ་ཆུ་ནས་ཕྱུངས་བ་ལྟ་བུ་དང་། དེའི་རྗེས་སུ་གྲ་རྒོད་རྣམ་གཉིས་ཞེས་པས་སེང་གེ་གནམ་དུ་མཆོངས་བ་ལྟ་བུ་རིམ་པར་བྲིས་པ་སྟེ་དེ་རྣམས་ལ་སྣ་མ་ཟེར། བསྟན་པ་ཕྱི་དར་གྱི་ཐོག་མར་སྒྲོ་ཉ་ཤ་རི་ཞེས་པ་དང་མཐོང་བ་རྡོ་རྗེ་དཔོན་སློབ་ཀྱི་རིང་ལ་གསར་ལེབ་གྲུ་བཞི་སྟེ་རིམ་པ་དགུ་བྱུང་། དེའི་རྗེས་སུ་ཁྱུང་པོ་གཡུ་ཁྲི་འབར་ཞེས་བྱ་བས་དཀྱིལ་འཁོར་གྱི་ཐིག་ལ་དཔེ་བླངས་ནས་ཆ་ཆེན་ཆ་ཆུང་དུ་བགོས་པ་སོཊ་ཐིག་དང་སྨྱུ་གུཤོག་ཆག་འབྲི་ལུགས་སོགས་ཀྱི་བསྟན་བཅོས་བྱས་ཏེ་སློབ་མ་བསམ་གྱི་ཁྱབ་པ་བསྐྱངས། དེའི་ནང་ནས་སྦལ་ལུགས་དང་མང་ལུགས་གཉིས་སུ་གྱེས་ཏེ་ད་ལྟ་འཕན་ཡུལ་དང་ངོར་དུ་ཡོད་པ་རྣམས་ཡིན་པར་གྲགས་སོ། །

གཅེས་བརྒྱང་འདོན་བཅུ་མ་ཆོས་ཉེར་གཅིག་དང་། །བུ་ཆོས་བཅུ་དྲུག་སྤྱི་ཆོས་གསུམ་ལྡན་བྱ། །

ལུགས་དེ་རྣམས་ཀྱི་སྤྱི་ལ་གཅེས་པ་བརྒྱད་ནི། སྣག་ལམ་ཟླུམ་ལ་སྒྲོས་ཆགས་གཅེས། །གཅིག་པུར་སྐྱེས་ལ་དཔུང་ཐུང་གཅེས། །གདཊ་པ་ཅན་ལ་ཟུར་ཐིག་གཅེས། །སྟོད་ཕུབས་ཅན་ལ་ཕོ་བ་གཅེས། །སྨད་ཕུབ་ཅན་ལ་ཁོང་འདྲེན་གཅེས། །རྐང་པ་རྟར་ཞོན་ཕྱི་འབྲང་གཅེས། །ཡར་ཕུལ་མཐར་རྒྱས་སྒྲོས་གནོན་གཅེས། །མིག་ཅན་དག་ལ་རྐེ་གཙང་གཅེས། །ཞེས་དང་།འདོན་པ་བཅུའམ་བཅུ་བཞིར་ཡང་གྲགས་པ་ནི། ཁང་མགོ་ལ་འདོན། མཁྲང་དཔུང་པ་ལ་འདོན། སྒྲོས་སྦོ་ཐེམ་ལ། བཤན་མར་འཐེན་ལ། སྤྱང་ཁོག་པ་ལ། ཧྲམ་སྣག་སྣ་ལ། ཧུར་མིག་འདྲིལ་ལ། གཡེར་ཡར་འཕུལ་ལ། ཡང་ཡ་བཏགས་ལ། གྲུང་ཟག་མཆུ་ལ། བཟང་མགོ་དཔུང་ལ། འཛུམ་དཀར་ནག་སྣ་ལ། མཉེན་བསྣོལ་མཚམས་སུ། འཁྱུག་ཡན་ལག་ལ་འདོན་པ་རྣམས་དང་། མ་ཆོས་ཉེར་གཅིག་ནི། མགོ་རབ་ཐག་ཟླུམ་གྲིས་བཅད་འདྲ་བ། འབྲིང་ཀ་གཞུ། ཐ་མ་ཚག་མགོ་སྟེ་མགོ་གསུམ། དཔུང་རབ་ཐུགས་ཀར་རྡོར་འཛིན། འབྲིང་མདའ་འཕེན། ཐ་མ་ལག་ཆག་འཕྲེད་ཉལ་ཏེ་དཔུང་གསུམ། སྦོ་རབ་སྒྲོས་ཆགས་གྲི་ལྟག་འདྲ་བ། འབྲིང་སྤུ་ཐག་སྒྲིམ་འདྲ། ཐ་མ་གྲོག་སྐེད་འདྲ་བ་སྟེ་སྦོ་གསུམ། ཟག་མཆུ་རབ་གསེཊ་སྦྱོར་ཐུང་རྣོ། འབྲིང་འགྱེའོ་ཕག་སྣ། ཐ་མ་རྒུར་བོ་གླང་སྣ་སྟེ་ཟག་མཆུ་གསུམ། རབ་རྒྱ་ཁབ་བསླང་འདྲ། འབྲིང་རང་དབྱུག་འཕྱར་འདྲ། ཐ་མ་ལག་མགོ་བཅད་འདྲ་སྟེ་ཡར་འཐེན་གསུམ། རབ་སྒོ་ལྕགས་རྐང་འདྲ། འབྲིང་ཁྱི་གུའི་མཇུག་འདྲ། ཐ་མ་འབུ་མཇུག་སྦྲང་རྐང་འདྲ་བ་སྟེ་མར་འཐེན་གསུམ། རབ་ཉ་མིག འབྲིང་ནས་འདྲ། ཐ་མ་ཟུར་གསུམ་ཁྲོ་མིག་སྟེ་མིག་གསུམ་བཅས་ཉེར་གཅིག་གོ།

བུ་ཆོས་བཅུ་དྲུག་ནི། གཉིས་ཆོད་འཛུམ་ལ་མཐོ་དམན་མེད་པ་ན་རོའི་ཆོས་གསུམ། གསེགས་ཀྱིས་གཞོལ་བ་སྟོད་སྨད་ཕྱེད་པ་སྟེ་འགྲེང་བུའི་གཉིས། ཟླུམ་འདྲིལ་འཁྱུག་པ་སྟེ་ཀི་གུ་གསུམ། གདགས་པ་ཅན། ལྡན་ཐབས་བརྐྱང་པ། མདུང་ཚུགས་གསུམ་སྦྲེལ་ལྡན་པ་སྟེ་ཞབས་ཀྱུའི་གསུམ། རྟ་སྦྲེལ་འཕངས་མ་བསྐྱིལ་བ་སྟེ་ར་སྟའི་གཉིས། འཁྱུག་སྙོམས་འདེགས་ལ་དཀྱིལ་ཡངས་ཏེ་ཡ་བཏགས་ཀྱི་གསུམ་སྟེ་བསྡོམ་པས་བཅུ་དྲུག གཟུགས་དཀྱུས་སུ་མ་གོལ་བ། དཀྱུས་ཉིད་ཚང་ནས་མ་ཡར་བ། གཟུགས་དཀྱུས་ཤན་ཕྱེད་པ་སྟེ་སྤྱི་ཆོས་གསུམ་དང་ལྡན་པར་བྱ་ཞིང་། དེའང་ཐིག་སྒྲོམ་གྲུ་བཞི་ལག་ལེན་ལྟར་བཙལ་ལ། ཕུབ་དང་དཔུང་པ་ཆ་གཅིག ཟག་མཆུ་ཆ་གཉིས། ཆ་གསུམ་རྐང་པ་སྟེ། ཅ་ཆ་ར་འ་རིང་བ་སྐྱོན། ད་ན་ཞ་གསུམ་རིང་ཐུང་གཉིས་ཀ་སྐྱོན། ཀ་ག་ཤ་གསུམ་ཐུང་ན་སྐྱོན་ཡིན་ལ། འདོགས་འབྲེལ་ཆ་བཞི། སྟེང་གི་ཡན་ལག་ཆ་གཉིས། ཐིག་ཤིང་ལོགས་ལ་ཆ་དྲུག་ཏུ་བྱས་ལ་སྐྱོན་རྣམས་སྤངས་ཏེ་བྲི་བར་བཤད་པ་ནི་རགས་པ་ཡིན་ཏེ། ཞིབ་པར་ལག་ལེན་ལས་རྟོགས་དགོས་སོ།།

འབྲུ་ཆེན་ལི་ལུགས་ལྡན་ལུགས་རིམ་མཆེད་མང་། །

བོད་ཡིག་གཤར་མ་རྣམས་ཀྱི་མཆོག་ཏུ་གྱུར་པ་འབྲུ་ཆེན་ལ་ལི་ལུགས་ཀྱི་བྲིས་རྒྱུན་ཆད། ལྡན་མ་རྩེ་མང་གི་ལུགས་ཡིན་པས་སམ། ཡི་གེ་ཚད་དང་ལྡན་པས་ལྡན་ལུགས་ཞེས་པ་ཐིག་ཚད་ཆེ་བའི་ཁོངས་ནས་དྲངས་པ་དང་། དབྱིབས་འདྲའང་ཐིག་ཚད་ཆུང་བའི་འབྲུ་ཆུང་། དེ་ཉིད་ལ་ཡིག་འབྲུ་བཅོ་བརྒྱད་ཙམ་འདྲ་མིན་ཡོད་པའི་འབྲུ་མ་རྣམས་ནི་སྔོན་གྱི་རྩ་བའི་ཡིག་རྒྱུན་ཡིན་ལ། དེ་ལས་མཆེད་པ་ཚེག་ལྟར་གྲུ་བཞི་བསྒྲིགས་པ་ཚེག་བྲིས། དེ་ལས་འཇམ་པ་ཟླུམ་བྲིས། དེའི་སུག་བོ་དང་ཡན་ལག་རིང་དུ་བཏང་བ་འབའ་ཧོ། དེ་ལས་ཐུང་དུ་བཏང་བ་ལ་སུག་ཐུང་། དེ་ལས་མཉེན་པ་གྲ་རིས། སུག་པོ་ནང་འཐེན་རྣམས་བཀུག་པ་སུམ་ཆ་ཆཊ། དེ་ལས་མཉེན་པ་སུག་སྐོར། དེ་ལས་བདེ་འཕྲིན་ཡིག་དཀྱུས་མ། དེ་རྣམས་ལའང་ཡུལ་སོ་སོའི་ལག་རྒྱུན་མི་འདྲ་བ་ནི་ཆེས་མང་ངོ་། །

༣.འབྲི་ཐབས་བསྟན་པ།

ཆ་ཚད་བྲི་གཞི་སྣག་སྨྱུག་མཁས་པར་བསླབ། །གཙང་སྒྲོས་དག་པ་ཆེ་ཕྲ་ཀུན་ལ་གཅེས། །གསུང་རབ་གཟབ་སོགས་གོ་རིམ་འཛོལ་མེད་འབྲི། །ཡིག་རིགས་གཞན་པ་མཐའ་ཡས་སྤྲོར་མི་ལངས། །

ཡི་གེ་འབྲི་བའི་ཐོག་མར་ཆ་ཚད་དང་དབྱིབས་ལ་བསླབ་པ་གལ་ཆེ་སྟེ། དེའང་གསུང་རབ་མང་དུ་བྲི་བའི་ཡིག་མཁས་རྣམས་ལ་དབུ་ཅན་འབྲུ་མ་ཚེགས་སྒྲིག་ཟླུམ་རིས་རྣམས་གཅེས། དགེ་བའི་བཤེས་གཉེན་རྣམས་ལ་སུག་ཐུང་དང་གྲ་རིས་གཅེས། སྡེ་དཔོན་རྣམས་ལ་འབའ་ཧོ་དང་སུག་སྐོར་གཅེས། སྐྱེ་བོ་གཞན་རྣམས་ལ་འཕྲིན་ཡིག་གཅེས་པར་བཤད་པས་རང་རང་ལ་མཁོ་བ་དེ་ཉིད་ཁྱད་པར་དུ་སྦྱང་བདར་བྱ། བྱང་ནས་བྲི་བའི་སྐབས་སུ་འབྲི་གཞི་ཤོག་བུ། འབྲི་བྱེད་མཚལ་སྣག་སྨྱུ་གུའི་བྱ་བ་རྣམས་སྔོན་གྱི་བསྟན་བཅོས་རྣམས་དང་ལག་རྒྱུན་ཁུངས་དག་ལས་འབྱུང་བ་བཞིན་མཁས་པར་བསླབས་ནས་གཟབ་སྟེ་ལག་ཏུ་བླངས་པས་སྔོན་གྱི་མཁས་པའི་ལག་རྗེས་ལ་འགྲན་བཟོད་པར་འགྱུར་རོ། །དེ་དག་ཀྱང་སྔོན་རབས་ཀྱི་བསྟན་བཅོས་ལས་ཚིག་ཚོགས་རྒྱས་བསྡུས་དང་། ལག་ལེན་གྱི་བྱེ་བྲག་མཐའ་ཡས་པ་འབྱུང་བ་ལས། ད་ལྟ་ལག་ལེན་དུ་བྱེད་པ་རྣམས་བསྡུས་ཏེ་བཀོལ་ནས་ཕྱོགས་ཙམ་བཤད་ན།

ཡི་གེ་འབྲི་བའི་གཞི་དང་ནི། །འབྲི་བའི་ལག་ཆ་འབྲི་རྫས་གསུམ། །དང་པོ་ལ་ཡང་རབ་འབྲིང་ཐ། །རབ་ནི་ཤོག་སྡུམ་དུང་ལོ་མ།། ས་ནག་ཤུག་པ་ཡོད་པ་དང་། །རྫ་བྲག་མེད་སར་སྐྱེས་པ་ལེགས། །བྱེ་མ་ས་དམར་གཡམ་པའི་ནང་། །སྐྱེས་པ་མདོག་སེར་ཚོས་དཀའ་སྲ། །ཤུན་མ་ཤུག་འབུ་ཡོད་དམན་པའོ། །ལེགས་པར་བཏུས་ནས་ས་རྡུལ་བཀྲུ། །ཕྱི་ཤུན་བྲད་བརྡར་སྙིང་པོ་བླང་། །བྱ་རྡོ་བསྲེགས་པ་ཆུ་འཁྱག་ཏུ། །འཕངས་ཏེ་དཀྲུགས་པ་གར་སླ་ནི། །དར་བ་ཙམ་བྱས་ལྕེ་ཐོགས་ཏུ། །རྒྱ་ཚྭ་ལྟར་འབིགས་ལེགས་པའི་རྟགས། །ལམ་དུ་མ་སོང་དར་མི་འབྱུང་། དེ་ཉིད་གྲུངས་གཞུག་སྙིགས་མེད་ཀྱི། ཁུ་བའི་ནང་དུ་ཤོག་ལྡུམ་བཙོ། །ཐལ་ཁུས་བཙོས་ཀྱང་མཚོན་ཙམ་ཡོད། །ཚོས་ནས་རྡོ་གཏུན་མཁྲེགས་པར་བརྡུངས། །ཟན་ལྟར་གྱུར་ནས་ཁ་རེའི་ཚད། །ཆ་བསྒོས་སྣོད་དུ་དེ་མཉམ་གྱི། །ཆུ་དང་ལྷན་ཅིག་དཀྲུགས་པ་དེ། །མ་རྙོགས་དྭངས་པའི་ཆུ་འཁྱིལ་ནང་། །ཤོག་བྲེ་མ་ཡོ་བཞག་ལ་བླུགས། །རྒྱུ་འདིས་སྲབ་མཐུག་གང་ཡང་ལེགས། །འབྲིང་ནི་ཨ་ག་རུའི་ཤུན་པ། །སྔོ་བཤུས་བྱས་པའི་བར་ཤུན་དེ། །ཡུད་ཙམ་བཙོས་ལ་ཁུ་ཐོག་ཕོ། །བཙོག་བརྡུང་དཀྲུགས་བླུགས་གོང་དང་འདྲ། །གླེགས་བམ་ཤོག་མཐུག་ཁྱད་པར་བཟང་། །ཐ་མ་རེའུ་ལྕག་རྩ་བ་བརྐོ། །ཕྱི་ལྐོག་ནང་སྙིང་བསལ་བ་ཡི། །བར་ཤུན་རྡོ་ཁུས་བཙོག་བར་བྱ། །ཐལ་ཁུས་བཙོས་ན་བལ་ལྟར་ལྷོད། །དུག་འདོན་ཨ་རུ་ཐུན་གཅིག་འདེབས། །འདི་ཡང་བྱེ་མ་ས་འབོལ་དང་། །ས་ནག་སྙི་སར་སྐྱེས་པ་བཟང་། །ཡིག་བསྐུར་འབྲི་བའི་སྲབ་ཤོག་ལས། །གླེགས་བམ་ཧ་ཅང་ལེགས་མི་འགྱུར། །ཡུལ་ཕྱོགས་ཐ་དད་ནས་འབྱུང་བའི། །ཤོག་གུ་བཟང་ངན་སྣ་ཚོགས་པ། །རྒྱུ་དང་བཟོ་ཐབས་བྱེད་པས་ཏེ། །མང་དུ་སྤྲོས་ཀྱང་དགོས་པས་དབེན། །དེ་ནས་ནག་དྲི་འཛར་འཛེར་སོགས། །སྤུ་གཅོད་རྡོ་ནི་དཀར་སོབ་ཀྱིས། །དྲུད་བདར་བུག་བརྡོལ་མེད་པ་བྱ། །ཤོག་རྒྱུ་གཙང་ན་བརྡུང་ཟིན་རྗེས། །དྲུད་པས་རྡོའི་ར་རི་འདོན། །མདོག་དཀར་ཁམས་འཛིན་ལེགས་པར་བཤད། །གང་ལྟར་སད་རུལ་མེད་པའི་གྲོ །ཆུ་ཚན་གྱིས་བཀྲུས་ཞིབ་པར་བཏགས། །ཆུ་ནང་འོ་མ་ལྟ་བུར་དཀྲུགས། །ལྐུ་བ་གང་བྱུང་བཅད་ལ་དོར། ། ཅུང་ཟད་གྲུངས་བཅུག་ཡུན་རིང་དུ། །བཞག་ན་སླ་བའི་ཉེན་ཡོད་དོ། །གྲོ་ཕྱེ་ཞག་གྲངས་ཉི་ཤུ་ཕན། །རྙིང་པ་དམ་རྩི་ལྷོད་པས་སྤང་། །དྭངས་མ་ཆ་གཉིས་བགོས་པ་ཡི། །ཆ་གཅིག་ཚོས་པར་བསྐོལ་ལ་ཕོག །ཆ་གཅིག་བསྲེས་ལ་རླུང་མེད་ཅིང་། །ཉི་མ་ཚ་དང་རླན་ཡོད་ཀྱི། །ས་རུ་ཤོག་གུ་དྲངས་ནས་བསྐམ། །ཡང་ན་སླ་ཆོས་བག་ཆུ་ལ། །དར་བ་མར་ཚག་བཞི་ཆ་བསྲེ། །ཅུང་ཟད་དྲངས་ནས་འདྲེན་པར་བྱ། །ཧ་ཅང་ཚ་ན་ཤོག་གུ་ཆད། །གྲང་ན་དམ་ལྷོད་སྐྱོ་མས་གོས། །སྐམ་ཐག་ཆོད་ནས་ས་རྡུལ་བསལ། །སྔོ་དང་བྱེ་མས་སྤང་བཤད་ཀྱང་། །སྐྱོན་རེ་ཡོད་པས་སྐམ་པོ་ཁ། །བཅུ་རེའི་བར་དུ་ཆུར་བཅུག་པའི། །རློན་པ་རེ་རེ་བཞག་ནས་མནན། །རིང་ན་ཞག་གཅིག་ཐུང་ན་ཡང་། །ཇ་སྦྱོར་ཡུན་ཙམ་བཞག་ནས་སུ། །ཡང་བསྡམས་ཡང་བསྲེ་སྐམ་རློན་སྙོམས། །མཆིན་བ་ལྟ་བུའི་རྡོ་འཇམ་སྟེང་། །གཡག་རྭ་སྣུམ་དྲེག་མེད་པས་བརྡུང་། །མ་འཛོམ་ཤིང་གི་སྟན་གཏུན་ནི། །འཇམ་པོས་བརྡུངས་ཀྱང་སྐྱོན་མི་འབྱུང་། །བག་ཆུ་ཆེས་ན་བག་ཆུ་བྱུགས། །ཆུང་ན་མུར་སྤྱིན་བཏང་བར་བཤད། །སྐམ་པོ་ཅུང་ཟད་དབུར་དཀའ་ལ། །ནེམ་ཡོད་ཙམ་དེ་སླ་ཞིང་ལེགས། །དབུར་གདན་མི་འགུལ་བརྟན་པ་དགོས། །དུང་སྔོ་མཆོང་ལ་རི་མོ་མང་། ཁྱད་འཕགས་གསེར་ཕྲའམ་གཟི་ཡིན་ལ། །མ་རྙེད་གཡག་རྒོད་རྭ་ཅོ་ནི། །གནག་ཅིང་སྣུམ་པ་དེས་ཀྱང་རུང་། །ཐིག་ཤིང་དྲང་ཞིང་སྙོམས་པ་ལ། །དྲི་བཟང་ཡུང་བ་སྐྱེར་ཤུན་གྱི། ཁུ་བས་བྱང་ཆུབ་རྒྱུན་ལམ་དང་། །ཕྱི་ནང་ཐིག་སྐོར་མཚལ་གྱིས་གདབ། །རྒྱས་བསྡུས་གླེགས་བམ་ཆེ་ཆུང་བསྟུན། །ཟུབ་དང་མི་སྙོམས་འཁྱོགས་པ་སྐྱོན། ། འབྲི་བའི་ལག་ཆ་རྒྱ་སྨྱུག་ནི། །སྡོང་པོ་ཆེར་སྐྱེས་ཤ་མཐུག་ལྕེ། །མདོག་སེར་མ་འཆུས་སྦུ་གུ་མེད། །རྩི་འཇམ་སོས་མནན་འདྲེད་པ་ནི། །སྣག་གསེར་ཡིག་རིཊ་ཀུན་ལ་བསྔགས། །འཇང་སྨྱུག་མདོག་ནག་སྦུ་གུ་ཅན། །སིབ་ཅེས་དཀྱུས་ཡིག་འབྲི་ལ་བདེ། །ལྕཊ་སྨྱུག་གསུང་རབ་གཏོས་ཆེར་བཟང་། །ལྷོ་སྨྱུག་རོང་སྨྱུག་ལེགས་པའང་རུང་། །སྨྱུག་རྣམས་ཡུན་རིང་དུད་ཁང་དུ། །བཏགས་ལ་བ་རྐང་རྙིང་པ་རབ། །མ་རྙེད་རྐང་མར་རྙིང་པས་བྱུགས། །ཡོས་ཚན་ནང་བཅུག་འཇམ་གྱིས་ཕྱིར། །རུས་པ་ལྟ་བུར་མཁྲེགས་པར་འགྱུར། །བཟོ་གནས་ལེགས་ཉེས་བྲི་ལ་རགས། །ལྕགས་རིགས་བཟང་ཞིང་ཞུན་ཐར་ཐོན། །རྣོ་མཉེན་ངར་གསུམ་འཛོམ་པའི་གྲི །རྩེ་དང་སོ་རྣོ་གྲང་བ་གཞོལ། །ལྷག་པ་དྲང་ཞིང་སྲབ་པ་ནི། །བདར་རྡོ་སྲབ་མཉེན་རན་པ་ལ། །ཕྱི་ལ་ཁལ་གཅིག་ནང་དུ་དྲུག །བདར་བས་རྣོ་ཚད་སྤུ་གཤག་ནུས། །ཧ་ཅང་བདར་ན་རྡུལ་དུ་འགྲོ །ཅུང་ཟད་ས་བདར་མཐུག་རྣོ་འབྱུང་། །སྨྱུ་གུ་མཐོ་བས་མི་རིང་ཞིང་། །མཛུབ་པས་མི་ཐུང་ཕྲ་སྦོམ་རན། །མཐེབ་མཛུབ་ཚད་སྦྱར་འགྲིམས་བདེར་གཞོག །རྩེ་སོར་ཕྱེད་གཉིས་གཞལ་བའི་སར། །སུམ་གཉིས་རྫིང་ལ་སུམ་གཅིག་མཆུ། །གཟོབ་འདོད་གས་ཆུང་མགྱོགས་འདོད་ཆེ། །རྫིང་འདྲ་ཡུར་བ་འདྲ་བ་ཞེས། །རྒྱབ་ནས་བལྟས་ཏེ་གཡས་གཡོན་སྙོམས། །རྫིང་མཆུ་ཧ་ཅང་མི་སྲབ་ལ། །བཅད་ཁ་གྱེན་གསེགས་རིམ་གཅོད་བྱ། །གསུམ་ལྡན་ལྔ་འཛོམ་ཞེས་པའི་དོན། །སྨྱུ་གུ་མཆུ་ལ་མཁས་གྱུར་ན། །ཡི་གེའི་འབྲུ་ལ་མཁས་པར་བཤད། །ཡིག་གཟུགས་བཟང་ངན་ལག་པའི་རྒྱུ། །མགྱོགས་དལ་སྦྱངས་པ་ཆེ་ཆུང་སྟེ།།དག་ཆ་རྣམ་རྟོག་རྒོད་གཡུང་གཙོ། །མཐེབ་མཛུབ་ཤེད་སྙོམས་འཕུར་འཛུམ་རན། །ཆིག་འཐེན་ཤེས་དང་དྲང་མྱུར་ལྡན། །སྒྲོས་དག་སྐྱེན་གསུམ་འཛོམ་པ་མཆོག།

འབྲི་བའི་རྫས་ནི་སྣག་མཚལ་གཉིས། །དང་པོ་སྣག་ཚའི་རྒྱུ་བ་ནི། །མར་ནག་མེ་ཏོག་བསགས་པའམ། །སྒྲོན་ཤིང་འབྲིང་ནི་ཉ་སྦྲིད་པའི། །ཤུན་པ་དེ་གཉིས་སྔོ་བཤུས་བྱ། །གྲོ་དེ་དང་ཕྱོགས་མཚུངས་ལ། །ཐ་མ་ཐང་ཚིལ་རྐན་ཆེས་ཁྲག །གཞོན་ཆེས་འབྱར་བག་ཅན་མིན་པ། །ཚིལ་བུ་འདྲ་དེ་མང་དུ་བསགས། །བརྩིགས་ཐབ་འཁོར་མོའམ་བྲུ་ཐབ་སྟེང་། །རྫ་ཁོག་ཞབས་རྡོལ་ལྔ་བདུན་བརྩེགས། །ཐབ་ནང་ཤིང་ལ་མེ་སྦར་བའི། །འོག་མའི་དྲེགས་པ་དམན་པས་སྤང་། །གོང་མ་རྣམས་ཀྱི་དུད་པ་བསྡུ། །ཆགས་དཀའ་འགྲིམ་རྡུར་འབྱུང་བས་ན། །དབེན་པའི་གནས་སུ་གཟབ་སྟེ་བྱ། །ལྕགས་སྣོད་སྤྱིན་ཆུའི་དྭངས་མ་ལ། །བཏབ་སྟེ་མེ་སྟེང་ཅུང་ཟད་དཀྲུགས། །སྤྱིན་བཞུགའི་ཁུ་བ་བླུགས་ལ་མཉེ། །བྲེ་རེ་ཉིན་རེར་འདུར་བ་དང་། །ཆོག་སྒྲ་གྲགས་ན་ཚད་དུ་བཤད། །འོན་ཀྱང་ཤེད་མཉམ་རན་པས་འདུར། །ཇི་ཙམ་སོང་བ་དེ་ཙམ་ལེགས། །སྐམ་ཐག་ཡང་ཡངགཅོད་པ་ནི། །མཚལ་སྣག་མན་ངག་མཆོག་ཏུ་བཟུང་། །གར་སླ་ཟན་ཙམ་གྱུར་པའི་དུས། །ལག་པར་འབྱར་ན་དམ་ཆུང་ལ། །སྲ་ཞིང་འཐས་ན་ཆེ་བའི་སྐྱོན། །ཤ་རྗེས་དོད་ཅིང་མི་འབྱར་བ།།དམ་ལྷོད་རན་པའི་ཚད་དུ་བཟུང་། །གཞན་ཡང་སྔོན་རབ་བསྟན་བཅོས་ལས། །མ་ནུ་རུ་རྟས་འཇམ་ཞིང་སྨེ། །ཙནྡན་ཁུ་བས་སྨྱུ་གུ་འཛིན། །རྒྱ་སྐྱེགས་དམར་མདངས་འོད་དུ་འཚེར། །གླ་རྩིས་རྒྱུན་དུ་དྲི་བཟང་འཐུལ། །དབང་ལག་སུག་པའི་ཁུ་བས་ནི། །འོད་འབར་དམ་འབྱོར་བླ་ན་མེད། །སྤྱི་བཞུར་ཁུ་བས་ཤིན་ཏུ་རྒྱུག །ག་བུར་ཆུ་ཡིས་དབྱར་མི་རུལ། །སྒ་སྐྱ་པི་ལིང་ཁུ་བས་ནི། །དགུན་གྱི་དུས་སུ་འཁྱག་མི་འགྱུར། །ཞེས་སོགས་བཤད་ཅིང་ཐང་ཁྲག་དང་། །གྲོ་ནས་ཡོས་ཚིག་ཁུ་བ་སོགས། །བསྲེ་བའི་ལག་ལེན་མང་ན་ཡང་། །སུག་པ་སྤྱི་བཞུར་སོགས་འགའ་ལས། །ཕལ་ཆེར་སྐྱོན་དང་བཅས་པ་ཉིད། །སྦྱོར་སྡེ་མང་བས་ལེགས་པ་མིན། །རྒྱུ་བཟང་གནད་ཤེས་ལས་ནུས་དགོས། །ཡོན་ཉུང་བཟོ་ན་མི་གཞོན་གྱི། །ལག་པར་འཕུར་མཉེད་བྱས་པ་མཆོག །མཚལ་རབ་བཅག་མཚམས་ཤེལ་དཀར་འདྲ། །འདྲིང་པོ་དམར་དྭངས་ཐ་མ་སྨྱུག །དཀར་འཇམ་གཏུན་ནང་ཕྱོགས་ཚང་མའི་ཁེ་ཕན་ལ་ལྟ་རྟོག་ཕྲུམ་བརྡུང་། །ཨ་རུའི་དྭངས་ཆུ་མཚལ་ནུབ་བླུགས། །ལན་གསུམ་བར་དུ་ཁ་ཆུ་ཕོ། །གཏུན་སྐོར་ཅུང་ཟད་བྱ་བར་གཅེས། །དེ་ནས་ཡུན་རིང་བར་དུ་སྦྱར། །རྒྱ་སྤྱིན་རབ་ཡིན་མ་རྙེད་ན། །སྤྱིན་སད་ཁུ་དྭངས་བླུགས་ལ་བསྡུ། །མགྱོགས་འདོད་མཚལ་ཕྱེ་སྤྱིན་ཆུར་སྦྱར། །གཡའ་མེད་སྣོད་དུ་དལ་བུས་མཉེ། །ཤེད་དྲག་ནག་པོར་འགྱུར་བས་ན། །མཚལ་ལ་མི་རྒན་ལག་སྟབས་གནད། །གར་ཡང་སྦྱར་ནས་འབྲི་བའི་ཚེ། །ཀ་པི་དྲུག་སྦྱོར་འདོད་པ་ན། །གཡའ་དྲི་མེད་པའི་སྣོད་གཙང་མར། །མཚལ་གྱི་སུམ་གཉིས་ཀ་པི་དང་། །སྤྱིན་ཆུ་སུམ་ཆ་ཙམ་གཅིག་བླུགས། །ཡུན་རིང་བར་དུ་ཉི་མར་བདུག །རྒྱ་ཚྭ་ཞོ་ཚད་ཚྭ་ལ་ནི། །ཚྭ་འདེབས་སྤོས་དཀར་ཐལ་ཙམ་བཏབ། །དེ་དག་ཡོན་ཏན་རིམ་བཞིན་དུ། །འོད་འཕྲོ་དམ་བྱེད་གཅེར་བག་གཅོད། །དམར་འཚེར་བདེ་ལ་སྐམ་རྩི་བྱེད། །འགྲིམ་དཀའ་སེར་ན་ཆུ་གཙང་བླུགས། །མདངས་སྐྱ་སྨུག་ན་ཀ་པི་བསྣན། །དེ་ལ་ཀ་པི་སྦྱོར་བའི་ཐབས། །དཔྱིད་དམ་སྟོན་མཇུག་བརྐོས་པ་ཡི། །ལུག་སུག་གད་བདར་ལེགས་བྱས་ལ། །ལྕགས་མིན་སྣོད་དུ་བཙོག་ཞིང་བཞུར། །ཚགས་བཙགས་གོང་གི་རྫས་རྣམས་བཏབ། །དལ་འཇམ་དཀྲུགས་ཤིང་མེ་ལ་གདུ། །སུམ་སྦྱོར་མཚལ་དང་ཀ་པི་ལ། །རྒྱལ་མོ་ཀ་ར་ཅུང་ཟད་འདེབས། །མདངས་ལེགས་དཀྱུས་ཀྱི་ལག་ལེན་ཏེ། །མཚལ་སྤྱིན་གཉིས་སྦྱོར་སྟབས་བདེའི་བཟོ། །གང་ཡང་མེ་ཡིས་མ་གདུང་གཅེས། །གཞན་ཡང་བྱ་ཡི་སྒོང་སྤྲི་དང་། །ཆུ་སེར་དྭངས་མ་སྦྱོར་བ་སོགས། །འཕྲལ་བདེ་ལེགས་ཀྱང་སྐྱོན་ཅན་སྤང་། །ལོ་གྲངས་ལོན་ཀྱང་མདངས་མ་ཡལ། །རླན་དང་ཕྲད་ཀྱང་འབྱར་འགོས་མེད། །བཀྲག་སྣུམ་འོད་ལྡན་མཚལ་སྣག་ནི། །གླེགས་བམ་འབྲི་བའི་བཅུད་མཆོག་གོ །དེ་ལྟར་ན་ཡང་ངག་རྒྱུན་ལས། །སྣག་ཤོག་སྨྱུ་གུ་མི་གཟོབ་པར། །ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ། །ཞེས་བྱ་བ་ཡིན་པར་རྒྱུ་དང་ལག་ཆ་གཟབ་ཅིང་། །སྣག་ལམ་གཙང་བ། འབྲུ་ཁོག་སྒྲོས་པ། ཆད་ལྷག་ནོར་འཁྲུལ་མེད་པའི་དག་པ་གསུམ་ནི་འབྲི་བྱ་ཆེ་ཕྲ་ཀུན་ལ་ཤིན་ཏུ་གཅེས་སོ། གོ་རིམ་ཡང་གསུང་རབ་ཆེན་པོ་དག་ལ་གཟབ་ཆེན་གཟབ་ཆུང་། རྒྱ་གར་མཁས་པའི་གཞུང་འགྲེལ་རྣམས་འབྲུ་ཆེན། བོད་ཀྱི་གཞུང་ལུགས་རྣམས་འབྲུ་ཆུང་སྟེ་ཆེ་བའི་དབང་གིས་འཛོལ་མེད་དུ་འབྲི་བ་གནའ་བོའི་ལུགས་བཟང་ཡིན་ཞིང་། ཡིག་གསར། བརྡ་ཡག གཏེར་ཡིག་གིས་མཚོན་པའི་ཡིག་རིགས་གཞན་པ་ནི་མཐའ་ཡས་པས་འདིར་སྤྲོར་མི་ལངས་སོ། །

(གསུམ།) ཐུགས་རྟེན།

༡.མཆོད་རྟེན་གྱི་དབྱེ་བ་སྤྱིར་བསྟན་པ།

དང་པོ་ནི། ཐུགས་རྟེན་རང་བཞིན་ལྷུན་གྲུབ་བླ་ན་མེད། །བྱིན་རླབས་དངོས་གྲུབ་ཐེག་པ་སོ་སོ་ལྔ། །

ཐུགས་སམ་ཆོས་སྐུའི་མཆོད་རྟེན་ཅེས་སྤྱི་མིང་བྱེ་བྲག་ཏུ་བཏགས་པ་འདི་ལ་སྤྱིར་རང་བཞིན་ལྷུན་གྱིས་གྲུབ་པ་དང་། བླ་ན་མེད་པ་དང་། བྱིན་གྱིས་བརླབས་པ་དང་། དངོས་གྲུབ་འབྱུང་བ་དང་། །ཐེག་པ་སོ་སོའི་མཆོད་རྟེན་ལྔར་བཤད་པའི་དང་པོ་ནི། རྡོ་རྗེ་བཀོད་པའི་རྒྱུད་ལས། །འདོད་ཁམས་དབང་གི་རི་བོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོ་རྒྱུན་དུ་གནས། །ཞེས་དང་། ལུང་མཆོག་བླ་མ་ལས་ཀྱང་ཕྱི་སྣོད་ནང་བཅུད་མཆོད་རྟེན་གྱི་རྣམ་པར་བཤད་པ་དང་། དུས་འཁོར་ལས། དཀྱིལ་འཁོར་བཞི་པོ་བང་རིམ་དང་། རི་རབ་བུམ་པ་དང་། རི་རབ་ཀྱི་མགྲིན་པ་དང་གདོང་མན་ཆོད་བྲེ་དང་། དེ་ཡན་སྐྲ་ཆོས་འཁོར་ཆར་ཁེབས་ཀྱི་རྣམ་ པར་གསལ་བར་བཤད་པ་ལྟ་བུའོ། །

གཉིས་པ་ནི། ཚད་མེད་མཐའ་ཡས་ལས་བྱུང་འབྲས། །ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །རང་བྱུང་རིན་ཆེན་སྣང་བའོ། ཞེས་པས། ཤར་དུ་བྱམས་པ་ཚད་མེད་རྡོ་རྗེ་མཐའ་ཡས་བརྩེགས་པ་ལ་སོགས་པ་བཞིར་ཐིག་ལེ་དབང་གི་རྒྱུད་ཅེས་བྱ་བ་ལས་བཤད་པར་གྲགས་སོ། །

གསུམ་པ་ནི། འཁོར་ལོ་འབྱུང་བའི་རྒྱུད་དུ་གྲགས་པ་ལས། །བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་པའི་འགྲེལ་པར། ཤར་ལུས་འཕགས་ན། བྱིན་ལྡན་སྙོམས་གཏེར་དང་། མཐར་ལེགས་གཡུང་དྲུང་ཏོག་གཉིས། ལྷོ་ཛམྦུ་གླིང་ན་ཐུགས་རྗེ་སྤྲུལ་པ་དང་། ཡིད་བཞིན་ལྷུན་གྲུབ་གཉིས། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང་། རྨད་གྲགས་ཆོས་དབྱིངས་གཉིས། །བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་དང་། ཁམས་གསུམ་བདེ་རྒྱས་སྒྲོན་མེའི་མཆོད་རྟེན་གཉིས་བཞུགས་པར་བཤད་དོ། །

བཞི་པ་ནི། བདུད་རྩི་མཆོག་གི་རྒྱུད་ལས། །རོ་ཡི་སྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ །དེ་དག་རྟེན་གནས་ཆེན་མོ་ཡང་། །མཆོད་རྟེན་བརྒྱད་དུ་རྣམ་པར་བཞག །ཅེས་པའི་འགྲེལ་པར། སྔོན་ཧེ་རུ་དྲག་པོ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་དུར་ཁྲོད་དུ། མ་མོ་བརྒྱད་ཀྱི་རྟེན་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་འབྱུང་ནི། །མ་ག་ངྷར་བདེ་བྱེད། སིངྒ་ལར་རི་པོ་ཏ་ལ། བལ་པོར་བྱ་ཁྲི་ཁ་ཤོར། སིང་ག་གླིང་དུ་གེའུ་དོ་ཤ། ལི་ཡུལ་གོ་མ་ས་ལ་གན་ངྷ། ཁ་ཆེར་ཀ་ན་ཀ ཟ་ཧོར་དུ་བདེ་སྤྱོད་གཞོན་ནུའི་མཆོད་རྟེན་ནོ། །

ལྔ་པ་ལ། ཉན་རང་ཐེག་ཆེན་གྱི་གསུམ་མོ། དང་པོ་ནི། ཆོས་གོས་བཞི་བལྟབས་ཀྱི་སྟེང་དུ་ལྷུང་བཟེད་སྦུབ་པ་ལ་མཁར་གསིལ་བཙུགས་པ་ལྟ་བུའོ། །

གཉིས་པ་ནི། རྨང་གྲུ་བཞིའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་ནོ། །

གསུམ་པ་ནི། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། ལྷུང་བཟེད་སྦུབ་པ་ལྟ་བུ་བིམ་པའམ་ཟླུམ་པོ་དང་། ཁང་བུ་ལྟ་བུ་དང་རྒྱལ་མཚན་ལྟ་བུའི་མཆོད་རྟེན་བརྒྱད་ལ་སོགས་པ་གསུངས། རྒྱུད་སྡེ་སོ་སོའི་དབང་དུ་བྱས་ནས་བྱ་སྤྱོད་ཀྱི་མཆོད་རྟེན་བང་རིམ་ནང་དུ་བཅག་ཅིང་ཕྱིར་འབུར་བའམ།དབུས་འབུར་ལ་མཐའ་གཉིས་ནང་དུ་བཅུམས་པ་འཁོར་ལོ་བཅུ་གཉིས་ལ་སོགས་པའང་བཤད་པར་གྲགས། རྣལ་འབྱོར་རྒྱུད་ཀྱི་སྔར་བཤད་པའི་རྡོ་རྗེ་བརྩེགས་པ་སོགས་དང་བླ་མེད་ཀྱི་དུས་འཁོར་ནས་གསུངས་པ་སོགས་སོ། །

༢.ལག་ཏུ་བླང་བྱ་དངོས།

(༡)ཐུན་མོང་བ།

ལག་ཏུ་བླང་བྱ་སོ་སྐྱེ་ཉན་རང་རྒྱལ། །ལུང་ལས་འབྱུང་ཞིང་།

དེ་ལྟར་བཤད་པ་རྣམས་ལས་ད་ལྟ་ལག་ཏུ་བླང་བྱ་དངོས་ནི། སོ་སྐྱེ་ཉན་ཐོས་རང་རྒྱལ་རྒྱལ་བའི་མཆོད་རྟེན་རྣམས་ཏེ། དེའང་སོ་སོའི་སྐྱེ་བོ་ལ་གདུགས་མེད་པའི་བྱི་བོའོ། ཉན་ཐོས་ཀྱི་འབྲས་བུའི་གྲངས་ཀྱི་གདུགས། རང་རྒྱལ་གྱི་གདུགས་བདུན། སངས་རྒྱས་ཀྱི་གདུགས་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་པ་རྣམ་པ་ཐམས་ཅད་པར་བཞེངས་པ་འདུལ་བ་ལུང་ལས་གསུངས་ཏེ་འདིར་གདུགས་ནི་ཆོས་འཁོར་དང་། ཆར་ཁེབས་ནི་གདུགས་ལ་ངོས་འཛིན་དགོས་སོ། །

རྒྱལ་བའི་མཆོད་རྟེན་བརྒྱད། །ཆ་ཚད་ངེས་མེད་འོན་ཀྱང་དྲི་མེད་འགྲེལ། །བོད་ཀྱི་མཁས་པ་ཕལ་ཆེར་དཔང་པོར་བྱེད། །དེ་ལའང་ཆ་ཆེན་བཅུ་དྲུག་པ་ལ་སོགས། །དཔང་དང་དེ་ཕྱེད་ལྷག་བཅས་རྒྱ་ཚད་སྨྲ། ། བྱེ་བྲག་བརྒྱུད་པའི་མན་ངག་ཏུ་ནང་དུ་ཆོས་ཀྱི་རིང་བསྲེལ་ཙམ་བཞུགས་ན་ཐམས་ཅད་ཀྱང་ཆོས་སྐུའི་མཆོད་རྟེན་དུ་འགྱུར་བར་བཞེད་པའི་ཕྱིར། རྒྱལ་བའི་མཆོད་རྟེན་རྣམ་པ་ཐམས་ཅད་པ་ཉིན་རེ་བཞིན་དེང་སང་བཞེངས་པ་ལྷུར་བྱེད་པས་དེ་ལའང་ཚེམས་དང་དབུ་སྐྲ་སེན་མོ་རིང་བསྲེལ་གྱི་མཆོད་རྟེན་སོགས་བཅོམ་ལྡན་འས་བཞུགས་པ་དང་མ་བཞུགས་པའི་ཚེ་དད་ལྡན་རྣམས་ཀྱིས་བརྩིགས་པའི་དབྱིབས་དང་རྣམ་པ་ཐ་དད་པ་མང་བ་ལས། གཙོ་བོར། སྤྲུལ་པས་མཛད་པ་སྔོན་བསྟན་ཕྱིར། །མཆོད་རྟེན་བརྒྱད་དུ་སྐུ་གདུང་བཞག །ཅེས་ལས་ཀྱི་མཐའ་བརྗོད་པའི་མདོ་ལས་གསུངས་པ་ལྟར་སྟོན་པའི་མཛད་པ་ཁྱད་པར་ཅན་གཙོ་བོར་གྱུར་པ་དག་བསྟན་པའི་ཚེ་ཡུལ་ལྗོངས་སོ་སོའི་སྐྱེ་བོ་རྣམས་ཀྱིས་མཆོད་རྟེན་བརྩིགས་ཏེ་དུས་སྟོན་གྱི་སྲོལ་ཚུགས་པ་ལས། དཔལ་མགོན་ཀླུ་སྒྲུབ་ཀྱིས་ཡོངས་གྲགས་དང་མཐུན་པར་གནས་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་དང་རྣམ་གཞག་མཛད་པ་ལྟར་མཆོད་རྟེན་བརྒྱད་དུ་ཡོངས་སུ་གྲགས་པ་སྟེ། དང་པོ། བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་ཚོ་གྲོང་ཁྱེར་སེར་སྐྱར་བྱུང་བ་བདེ་གཤེགས་མཆོད་རྟེན་ནམ། བཀྲ་ཤིས་འབྱུང་བའི་མཆོད་རྟེན་ཟླུམ་པོ་པདྨའི་འདབ་མ་ཅན་གྱི་བར་རིམ་བཞིའམ། བདུན་བརྩེཊ་པ་པད་འདབ་ཀྱིས་སྤྲས་པ། གཉིས་པ་རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་ཚེ་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྲུབ་བཞི་བང་རིམ་བཞི་པ། གསུམ་པ་ཝ་ར་ཎཱ་སིར་ཆོས་འཁོར་བསྐོར་བའི་ཚེ་ཡེ་ཤེས་མཆོད་རྟེན་ནམ་ཆོས་འཁོར་མཆོད་རྟེན་དུ་གྲགས་པ་གྲུ་བཞི་བང་རིམ་བཞི་གློ་འབུར་དང་བཅས་པ་སྒོ་རབ་བརྒྱ་རྩ་བརྒྱད། འབྲིང་ང་དྲུག་ཐ་མ་བཅུ་དྲུག་པ། བཞི་པ་མཉན་ཡོད་ཛེ་ཏཱའི་ཚལ་དུ་ཆོ་འཕྲུལ་བསྟན་པའི་ཚེ་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་ནམ་ཆོ་འཕྲུལ་མཆོད་རྟེན་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་བའམ། འདིའང་ཟླུམ་པོ་བང་རིམ་བཞི་པ་པད་འདབ་ཅན། ལྔ་པ་ཡངས་པ་ཅན་གསལ་ལྡན་དུ་བྱུང་བ་སྟོན་པ་སུམ་རྩེན་དུ་དབྱར་གནས་མཛད་དེ་ཡུམ་བདེན་པ་ལ་བཀོད་ཅིང་སྔ་དྲོ་དགག་དབྱེ་མཛད། ཕྱི་དྲོ་ཛམ་བུའི་གླིང་དུ་བབས་པའི་ཚེ་ལྷ་བབས་མཆོད་རྟེན་ནམ་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་དུ་གྲགས། བང་རིམ་བཞིའམ་བརྒྱད་པ་ངོས་རེར་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཡོད་པ། དྲུག་པ་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་པ་མཆོག་ཟུང་གིས་འདུམ་པའི་ཚེ་དབྱེན་ཟླུམ་མཆོད་རྟེན་ནམ་འོད་ཟེར་ཅན་ནམ། བྱམས་དངོས་མཆོད་རྟེན་དུ་གྲགས་པ་བང་རིམ་བཞི་པ་གྲུ་བཞིའི་ཟུར་བཞི་མཉམ་པར་བཅད་པ་ལྟ་བུ། བདུན་པ་ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་བྱིན་རླབས་མཆོད་རྟེན་ནམ། རྣམ་རྒྱལ་མཆོད་རྟེན་དུ་གྲགས་པ་ཟླུམ་པོ་བང་རིམ་གསུམ་པ། བརྒྱད་པ་གྲོང་ཁྱེར་རྩྭ་ཅན་དུ་མྱ་ངན་ལས་འདས་པའི་ཚེ་མྱང་འདས་མཆོད་རྟེན་དུ་གྲགས་པ་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་གདན་ཡན་ཆད་བཞུགས་པ་རྣམས་སོ། །

སྤྱི་མཆོད་རྟེན་གྱི་ཚད་དབྱིབས་ངེས་པ་མེད་དེ་མདོ་སྡེ་རྣམས་ལས་སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་དཔག་ཚད་ཀྱི་རྒྱ་ཁྱོན་གསུངས་པ་དང་། ཡང་མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། གདུགས་ནི་རྒྱ་ཤུག་གི་ལོ་མ་ཙམ། སྲོག་ཤིང་ནི་ཁབ་ཙམ་ཞེས། ཁང་བུ་བརྩེགས་པའི་མདོ་ལས་བཤད་པས་རང་རང་གི་སེམས་ཀྱི་སྟོབས་དང་འབྱོར་བའི་ཁྱད་པར་ལ་དཔག་གོ །འོན་ཀྱང་བཟོ་ཉེས་འགོག་པའི་སླད་དུ་ཆ་ཚད་ཀྱི་ལག་ལེན་གལ་ཆེ་བས་དེའི་ཚུལ་གཙུག་ཏོར་དྲི་མེད་ཀྱི་འགྲེལ་པ་རྒྱ་གཞུང་དུ་གྲགས་པ་ལ་བོད་ཀྱི་མཁས་པ་ཕལ་ཆེར་དཔང་པོ་བྱེད་ཅིང་། བུ་སྟོན། སྟག་ཚང་ལོ་ཙཱ། སྤྲུལ་སྐུ་འཕྲང་ཁ་བ་དཔལ་ལྡན་བཟང་པོ་སོགས་ཀྱིས་ཆ་ཚད་ཀྱི་བསྟན་བཅོས་མཛད། དེ་དག་གི་ལེཊ་ཆ་བསྡུས་པ་མི་དབང་སངས་རྒྱས་རྒྱ་མཚོའི་ཆ་ཚད་ཉིད་ད་ལྟ་ཀུན་ལ་རྒྱུག་ཆེ་ཞིང་། དྲི་མེད་ཀྱི་ལུགས་དེ་ལའང་རྨངས་དགེ་པ་ནས་ཏོག་གི་བར་ཆ་ཆེན་བཅུ་དྲུག་གིས་གཞལ་བ་དང་། སོགས་ཁོངས་ནས་བད་ཆུང་ཡན་ལ་ཆ་ཆེན་བཅུ་གཉིས་དངོས་སུ་བསྟན། སེང་ཁྲི་ཕྱིན་ཆད་མཛེས་ཆ་བཙལ་བས་ལུགས་སྲོལ་མང་དུ་གྱུར་བར་སྣང་བ་དེ་དག་དཔང་གི་ཚད་དང་། དཔང་གི་ཕྱེད་དང་། པ་དང་གི་ཕྱེད་ལས་ཅུང་ཟད་ལྷག་པ་རྒྱ་ཚད་དུ་སྨྲ་སོགས་སྣང་ངོ་། རྗེ་བརྒྱད་པས་ནི་དུས་འཁོར་ཡེ་ཤེས་ལེའུའི་ཚད་ལས་དཔག་སྟེ་མཆོད་རྟེན་བརྒྱད་ཀྱི་ཐིག་ཚད་ཁྱད་པར་འཕགས་པ་གསལ་བར་མཛད་པ་ནི་ཉི་མ་ཆེན་པོའི་མེ་ལོང་དུ་བལྟའོ། །

འདིར་མཁོ་བའི་བརྡ་ཁྱད་ནི། །གདན་གྱི་ས་འཛིན་ཐེམ་སྐས་གསུམ། །ཐིག་གདན་སེང་ཁྲི་བད་ཆུང་དང་། །གཟུངས་ས་བད་ཆེན་རྨངས་དགེ་བ། །དེ་སྟེང་སྤྱི་ལ་བང་རིམ་བཞི། །བུམ་རྟེན་བུམ་པ་བྲེ་རྟེན་དང་།།བྲེ་འདེགས་པདྨ་འོད་ཟེར་ཕྲེང་། །ཕོ་འཁོར་མོ་འཁོར་བཅས་བཅུ་གསུམ། །ཐུགས་རྗེ་མདོ་གཟུངས་ཞུ་རྒྱ་གྲམ། །གདུཊ་དང་ཆར་ཁེབས་ཟླ་ཕྱེད་ནི། །ནོར་བུ་ཏོག་དང་བཅས་པའོ། །འདི་རྣམས་ཀྱི་རྣམ་བཞག་སློབ་དཔོན་ཤཱཾནྟཾ་གརྦྷའི་མཆོད་རྟེན་གྱི་ཆ་དབྱེ་བ་ལས་གསུངས་པའི་དོན་ནི། བད་གཟུངས་རྗེས་སུ་དྲན་པ་དྲུག །བད་ཆེན་དགེ་བཅུ་རྨངས་ཚད་མེད། །ཡང་ན་དེ་གཉིས་ལྡོག་པའང་བཤད། །བང་རིམ་བཞི་པོ་རིམ་པ་བཞིན། །དྲན་པ་ཉེར་གཞག་ཡང་དག་སྤོང་། །རྫུ་འཕྲུལ་རྐང་བཞི་དབང་པོ་ལྔ། །བུམ་རྟེན་སྟོབས་ལྔ་བུམ་པ་ནི། །བྱང་ཆུབ་ཡན་ལག་བྲེ་འཕགས་ལམ། །རྒྱུ་ཡི་ཆོས་རྣམས་རྣམ་པར་དག །སྲོག་ཤིང་ཀུན་རྫོབ་ཕ་རོལ་སེམས། །རྗེས་དྲན་བདེན་བཞི་ཟད་མི་སྐྱེ། །ཤེས་པ་བཅུ་ཡི་ངོ་བོ་དང་། །པདྨ་ཐབས་དང་ཤེས་རབ་སྟེ། །འཁོར་ལོ་སྟོབས་བཅུ་དྲན་ཉེ་གསུམ། །ཆར་ཁེབས་ཐུགས་རྗེ་ཏོག་ཆོས་སྐུ། །མཆོད་རྟེན་ཉིད་ཀྱི་ངོ་བོར་བཤད། །རྒྱན་རྣམས་རྒྱལ་བའི་ཡོན་ཏན་ཏེ། །རྡོ་རིང་མི་འཇིགས་བཞི་དང་ལྡན། །ཐེམ་སྐས་སྲུང་བ་མེད་པ་བཞི། །རྒྱལ་མཚན་བདུད་བཞིའི་གཡུལ་ལས་རྒྱལ། །མེ་ཏོག་ཕྲེང་བ་མཚན་དཔེ་འབར། །རྒྱལ་མཚན་བཞི་ནི་བདེན་བཞིའི་དོན། །དྲིལ་བུ་ཚངས་དབྱངས་དྲུག་ཅུའི་གསུང་། །ཉི་ཟླ་ཡེ་ཤེས་སྣང་བ་སྐྱེད། །མེ་ལོང་ཡེ་ཤེས་བཞི་དང་ལྡན། །ཅོད་པན་ཆོས་ཀྱི་རྒྱལ་སྲིད་ཐོབ། །བ་དན་ཆོས་ཀྱི་སྙན་ངག་ཁྱབ། །འབྲས་བུའི་ཆོས་རྣམས་དག་པའོ། །སྒོ་མང་བདེན་བཞི་རྣམ་ཐར་བརྒྱད། །རྟེན་འབྲེལ་སྟོང་ཉིད་བཅུ་དྲུག་གོ །གློ་འབུར་ཁྱད་པར་འཕགས་པ་ཡི། །རྣམ་པར་འཕྲུལ་པས་འགྲོ་དོན་མཛད། །ཐེམ་སྐས་སངས་རྒྱས་གཞན་དོན་གྱི། །པདྨ་འཁོར་བའི་སྐྱོན་མ་གོས། །བང་རིམ་མེད་པ་སྲིད་པ་ཡི། །འཇུག་པ་བྲལ་ཞིང་སྤྲོས་པ་མེད། །དབྱེན་ཟླུམ་དེ་རྒྱུ་དུག་གསུམ་དང་། །ལྟ་བཅད་རྣམ་ཐར་བརྒྱད་མཚོན་ནོ། །ཞེས་སོ། །

(༢)ཐུན་མོང་མ་ཡིན་པ།

ཐུན་མིན་དུས་འཁོར་ལས་གསུངས་ཡེ་ཤེས་ཀྱི། །མཆོད་རྟེན་སངས་རྒྱས་སྐྱིལ་ཀྲུང་ལྟེ་བ་མན། །བང་རིམ་ལྟེ་འབུར་བུམ་གདན་དཔུང་པའི་བར། །བུམ་ལྡིར་མ་མགྲིན་པ་བྲེ་དང་མཛོད་སྤུའི་བར། །བྲེ་གདོང་དེ་མན་ཆོས་འཁོར་ཏོག་དང་བཅས། །ཕྱི་ནང་གཞན་གསུམ་རྣམ་དག་གཅིག་ཏུ་མཐུན། །

ཐུན་མོང་མ་ཡིན་པའི་མཆོད་རྟེན་དུས་ཀྱི་འཁོར་ལོ་ལས་གསུངས་པ་ཡེ་ཤེས་མཆོད་རྟེན་ནི། སངས་རྒྱས་ཀྱིལ་མོ་ཀྲུང་དུ་བཞུཊ་པའི་ལྟེ་བ་མན་ཆད་བང་རིམ་ལྟེ་འབུར་བུམ་གདན། དེ་ནས་དཔུང་པའི་བར་བུམ་ལྡིར། མགྲིན་པ་བྲེ་དང་། ཀོ་སྐོ་ནས་སྣ་རྩེ་མཛོད་སྤུའི་བར་བྲེ་གདོང་། དེ་ནས་རལ་པའི་ཐོར་ཅོག་གི་བར་ལ་ཆོས་འཁོར་ཆར་ཁེབས་ཏོག་དང་བཅས་པ་སྟེ། དེའང་དབང་གི་ཚད་ནི་སོར་མོ་ཕྱེད་དང་བཅུ་གཉིས་པ་ཕྲག་སྟག་ཚང་ལོ་ཙཱ་སོགས་བཞེད་པ་ཡོངས་གྲཊ་ཀྱི་དབང་དུ་བྱས་པ་སྟེ་གསང་གནས་ནས་གཙུག་ཏོར་བར་གྱི་འཁོར་ལོ་ལྔའི་དག་པ་དང་སྦྱར། འབེ་ལོ་ཚེ་དབང་ཀུན་ཁྱབ་ནི། དཔང་ལ་སོར་མོ་ལྔ་བཅུ་དང་། རྒྱ་ཚད་དེའི་ཕྱེད་དེ་སོར་ཕྱེད་ཀྱིས་ལྷག་པའི་བཅུ་གཉིས་པ་ཚན་པ་བཞི་ནི་རླུང་དཀྱིལ་ནས་གཟུགས་མེད་བར་དཔག་ཚད་འབུམ་ཕྲག་བཞི་དང་སྦྱར་བ་ཕྱི་འཇིག་རྟེན་གྱི་དག་པ། རྐང་མཐིལ་ནས་གཙུག་ཏོར་བར་རང་རྡོ་རྗེའི་ལུས་ལའང་དེ་བཞིན་དུ་སྦྱར་བས། གཞན་ལྷའི་སྐུའི་དག་པའང་ཞར་ལས་འགྲུབ་པར་བཞེད་དོ། མདོར་ན་ཕྱི་ནང་གཞན་གསུམ་པོ་རྣམ་དག་ཕྱོགས་གཅིག་ཏུ་མཐུན་པའོ། །

༣.ལུགས་སྲོལ་ཁྱད་པར་ཅན་འཕྲོས་སུ་སྨོས་པ།

ཁྱད་པར་དཔལ་མཆོག་རེག་པ་མེད་པ་དང་། །བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོ་ཡི། །ཚད་དབྱིབས་སྔོན་བྱུང་མཁས་རློམས་མ་ཐོས་མང་། །

ཐུན་མོང་དུ་ཡོངས་སུ་གྲགས་པ་དེ་དག་ལས་ཀྱང་ཁྱད་པར་དུ་འཕགས་པ། ཛྙཱ་ན་ཀཱ་ཡ། །ཡེ་ཤེས་གཟུགས་ཀྱི་སྐུའམ་དཔལ་རེག་པ་མེད་པའི་མཆོད་རྟེན་ཅེས་འཕགས་ཡུལ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ཀོངྐུ་ནའི་ཡུལ་མཆོད་རྟེན་གྲོང་ཟེར་བའི་སྟེང་གི་ནམ་མཁའ་འཇའ་ཚོན་གྱི་རྣམ་པར་བཞུགས་པ་ཡིན་ཅིང་། །མཆོད་རྟེན་འདིས་ཁྱབ་པའི་འོག་ཀུན་ནི། རྗེ་ས་པཎ་གྱི། ཙཱ་རི་ཏྲ་ཞེས་བྱ་བའི་ཡུལ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་ཡོད། །ཞེས་གསུངས་པའི་ཙཱ་རི་ཏྲ་ཞེས་པའི་ཡུལ་དེ་ཡིན་ལ། ཡུལ་དེར་རྡོ་རྗེ་ཕག་མོས་སྲིད་པ་གསུམ་གྱི་ཆང་དགུག་པར་གྲགས་པ། སྦྱར་ཆང་དང་འབྲུ་ཆང་རྣམས་སྦྱར་ཐེངས་རེ་ལ་མང་དུ་བསིང་ནས་སླར་བཅུད་མེད་པར་སོང་ཚེ། ཡུད་ཙམ་རེ་བསྙལ་ནས་བཞག་ན་སླར་གསར་པར་འགྲོ་བ། དེ་འདྲ་ལན་བདུན་བདུན་འབྱུང་བ། དུས་བཟང་ལ་ལུང་པ་ཀུན་ཆང་གི་དྲིས་ཁྱབ་པ་ཞིག་ཡོད་དོ། །དེར་མཚོ་ཆེན་པོ་ཞིག་ཏུ་འཇམ་དཔལ་གྱི་རྡོ་སྐུ་ཆེན་པོ་ཉལ་ཐབས་སུ་བཞུགས་པ་ཛྙཱ་ན་ཀཱ་ཡ་ཟེར་བ་ཞིག་ཡོད་དེ། དེ་གཉིས་ལ་དུས་བཟང་རྣམས་སུ་ལྷས་མཆོད་པའི་རོལ་མོ་སྣ་ཚོགས་དང་། སྤོས་ཀྱི་དྲི་དང་མཚན་མོར་མེ་མར་གྱི་སྣང་བ་དུ་མ་འབྱུང་བའང་ཀུན་གྱི་མཐོང་ཐོས་སུ་གྱུར་པ་ཡོད་དོ། །མཆོད་རྟེན་དེ་ཡང་སོ་སྐྱེ་ཕལ་པ་རྣམས་ཀྱིས་ཀྱང་མཐུན་སྣང་གྲུབ་པར་དུས་རྟག་ཏུ་ནམ་མཁར་དུ་བ་ལྟ་བུའི་གཟུགས་སུ་གནས་པས་དུ་བ་ཅན་གྱི་མཆོད་རྟེན་དུ་གྲགས། དེ་ཉིད་ཀྱི་རྣམ་པ་ཇོ་ནང་རྗེ་བཙུན་རིན་པོ་ཆེས་ལྗགས་བཀོད་མ་ལས་རིག་འཛིན་ཚེ་དབང་ནོར་བུའི་ཆ་ཚད་ཀྱིས་གཏན་ལ་ཕབ་པ་སྟེ། མཚོན་དོན་ཡང་། ཐེམ་སྐས་སྐྱབས་འགྲོ་རིམ་གསུམ་རྡོར་གདན་དང་། གསེང་ཕྱེ་པདྨ་ཕ་གུ་གྲུབ་མཐའ་བཞི། །གདོང་ཆེན་གོང་འོག་བར་གསུམ་འཁོར་དང་བཅས། རིམ་བཞིན་དཔལ་མཆོག་ཐུགས་གསུང་སྐུའི་དཀྱིལ་འཁོར། །བུམ་པ་བདེ་གཤེགས་འཕར་དང་བྲེ་འཁོར་བཅས། དགའ་བ་བཞི་མཚོན་ཆོས་འཁོར་ས་བཅུ་གསུམ། །ཏོག་ནི་བདེ་ཆེན་སྐུ་དང་ཆར་ཁེབས་ནི། །སྐུ་གསུམ་དག་གི་མཛད་པ་མཚོན་པ་དང་། །བུམ་སྐུ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ། །རྟ་བབས་ཀྱིས་ནི་སྤྲུལ་པའི་སྐུ་ཡང་མཚོན། །གདོང་ཆེན་འོག་མ་དཔལ་ལྡན་རྒྱུ་སྐུར་དལ། །སྟེང་གཉིས་བུམ་སོགས་ཆོས་དབྱིངས་གསུང་དབང་གི །དཀྱིལ་འཁོར་མཚོན་པར་བཤད་པ་གཞན་ཡང་ཡོད། །

དེ་ལྟ་བས་ན་ཕན་ཡོན་ཡང་ཐུན་མོང་ཐེག་པའི་ལུགས་དང་། རྒྱུད་སྡེ་འོག་མའི་ལུགས་ཀྱི་མཆོད་རྟེན་ལས་ཁྱད་པར་དུ་མས་འཕགས་པ་དང་། གཞན་ཡང་མཆོད་རྟེན་འདི་བཞུགས་པའི་ཕྱོགས་སུ་འབྲུ་འཕེལ་བ་དང་ཤིང་འབྲས་དང་བུ་རམ་དང་ཆང་སོགས་བཟའ་བཏུང་གི་ཚོགས་ཀྱིས་འབྱོར་པའང་བཤད་དོ། །

བལ་བོའི་ཡུལ་གྱི་པདྨའི་རི་བོའམ་གླང་རུའི་རིར་རང་བྱུང་མཆོད་རྟེན་ཆེན་པོ་རྗེ་བོ་དམ་པ་ཞེས་བྱ་བ། སྐྱེ་དགུ་རྣམས་ཚེ་ལོ་སྟོང་ཕྲག་བདུན་འཚོ་བའི་ཚེ་འདྲེན་པ་ཆོས་ཀྱི་རྒྱལ་པོ་གཙུག་ཏོར་ཅན་འཇིག་རྟེན་དུ་བྱུང་བ་ན། རིན་པོ་ཆེའི་པདྨའི་སྙིང་པོའི་ཟེའུ་འབྲུ་ལས་ཆོས་དབྱིངས་ཤེལ་གྱི་རང་བཞིན་ཅན་དུ་རང་བྱུང་ཞིང་། གསེར་ཐུབ་ཀྱི་དུས་སུ་འཇམ་དཔལ་གྱིས་ཆོས་དཔལ་བཤེས་གཉེན་རྗེས་སུ་བཟུང་བའི་སླད་དུ་མཆོད་རྟེན་འདིར་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་སྤྲུལ་པས་མཆོད་རྟེན་གྱི་མཚན་ཀྱང་དེར་ཆགས་ལ། འོད་སྲུང་གི་དུས་སུ་གྲུབ་པའི་སློབ་དཔོན་ཞི་བའི་དཔལ་གྱིས་སས་གཡོགས་ཏེ་སྦས་པ་ཕྱིས་བདག་ཅག་གི་སྟོན་པ་འཇིག་རྟེན་དུ་བྱོན་པའི་ཚེ་དེའི་ཚུལ་སྣང་བར་མཛད་པའི་སྔོན་གྱི་རབས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་གསར་འགྱུར་གྱིས་མཚོན། ཚད་དང་དབྱིབས་ཀྱི་ཁྱད་པར་སྔོན་བྱུང་མཁས་པར་སྙེམས་ཤིང་རློམས་པ་ཕལ་མོ་ཆེས་མ་ཐོས་པའང་མང་དུ་སྣང་ངོ་། །

རྙིང་མར་དགེ་གནས་བརྒྱད་ཀྱི་མཆོད་རྟེན་དང་། །ཐེག་རིམ་དགུ་ཡི་ཚད་དབྱིབས་ལ་སོགས་གསུང་། །གསང་སྔགས་རྙིང་མའི་རྒྱུད་དུ་གོང་སྨོས་དགེ་གནས་བརྒྱད་ཀྱི་མཆོད་རྟེན་དང་། བྱང་ཆུབ་སེམས་དཔའི་སྤྱོད་དབང་ལས་ཐེག་པ་རིམ་པ་དགུ་སོ་སོའི་མཆོད་རྟེན་གྱི་ཚད་དང་དབྱིབས་བཤད་པ་ལ་སོགས་པ་བཀའ་གཏེར་རྣམས་ལས་རྣམ་གྲངས་མང་པོར་གསུངས་ཀྱང་། །རྩ་བ་གོང་དུ་སྨོས་པ་དེ་དག་ཏུ་འདུ། གོང་གི་དབྱེ་བ་ལ་སོགས་པ་རྣམས་ཀྱང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞལ་སློབ་ཚ་མོ་རོང་བ་བསོད་ནམས་འོད་ཟེར་གྱིས་མཛད་པའི་རྟེན་གསུམ་བཞེངས་ཐབས་ཡོན་ཏན་འབྱུང་གནས་ཉིད་ཁུངས་ལྡན་དང་སྔ་ཤོས་སུ་སྣང་བ་མ་ཟད། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་མཆོད་རྟེན་བཞེངས་ཐབས་དང་དོན་གཅིག་ཏུ་སྣང་བ་དང་། སྟག་ལོའི་དཔལ་འབྱོར་རྒྱ་མཚོ་ཡང་གཞི་དེ་ལ་བརྟེན་པར་སྣང་བས་དེ་ཉིད་སོར་བཞག་ཏུ་སྨོས་པའོ། །

༤.ཕྱག་མཚན་འཕྲོས་དོན་བཅས་འཆད་པ།

རྡོར་དྲིལ་ཕུར་བུ་ཁ་ཊཱཾ་ལ་སོགས་པའི། ཚད་དང་རྣམ་བཞག་བྱ་བཏུས་སོགས་སུ་གསལ། །

ཐུགས་རྟེན་དུ་གཏོགས་པ་ཕྱག་མཚན་རྣམས་ཀྱི་གཙོ་བོར་གྱུར་པ་རྡོར་དྲིལ་ལ་ཡོ་གའི་བཤད་རྒྱུད་རྩེ་མོ་ནས་གསུངས་པའི་མཚན་ཉིད་ལ་ཕྱི་དྲིལ་དང་། དུས་འཁོར། སྡོམ་འབྱུང་། སམྤུ་ཊི་ལ་སོགས་ནས་བཤད་པ་ལ་ནང་དྲིལ་དུ་སྔ་རབས་རྣམས་ཐ་སྙད་མཛད་ཅིང་། དེའང་གངས་དཀར་རྡོ་རྗེ་གདན་པ་དང་མཁས་གྲུབ་དགེ་ལེགས་དཔལ་བ་སོགས་ཀྱིས་རྣམ་བཞག་རྒྱ་ཆེར་མཛད་ཀྱང་སོ་སོའི་ལུགས་གྲགས་ཆེ་བས་མ་སྨོས་ལ། དེ་གཉིས་ཀྱི་ཁྱད་པར་སྟག་ཚང་ལོ་ཙཱས། རྩེ་ལྔ་དང་རྩེ་དགུ་གང་ཡིན་ཡང་རྭ་རྣམས་ཆུ་སྲིན་གྱི་ཁ་ནས་མ་ཐོན་ཞིང་པདྨ་ལ་གནས་པ་དང་། མཐར་རྭའི་རྩེ་རམས་དབུས་རྭ་དངོས་ལ་མ་ཐུབ་པར་དབུས་རྭའི་མཐར་པདྨ་འཁོར་ལོ་ལ་སོགས་པའི་མཚོན་བྱེད་ཀྱིས་བསྐོར་བ་ལ་ཐུག་ཅིང་། རྭ་རྣམས་བ་དི་རའི་ཚེར་མ་ལྟར་རྣོ་ཞིང་ཟུར་དང་ལྡན་པ་མིན་པར་ཟླུམ་པོར་གནས་པ་དང་། དྲིལ་བུའི་ཚངས་མགོའི་འོག་ཏུ་བུམ་པའི་དོད་དུ་བུག་པ་ཡོད་པ་དང་། རྫ་མར་གྲགས་པའི་སྟེང་གི་པད་འདབ་ཀྱི་ཤར་དུ་སྤྱན་མའི་ས་བོན་ནམ་ཕྱག་མཚན་ཡོད་པ་རྣམས་ནི་ཕྱི་ཡིན་ལ། དེ་ལས་བཟློག་ཅིང་སྒྲོལ་བའི་ས་བོན་ནམ་ཕྱག་མཚན་ཡོད་པ་ནི་ནང་ཡིན་ནོ། ཞེས་བཤད་དོ། །

ཡོ་གའི་ལུགས་ལ་རིགས་ལྔའི་རྡོ་རྗེ་དང་དྲིལ་བུ་སོ་སོར་ཡོད་ཅིང་། བླ་མེད་ལ་དུས་འཁོར་ལུགས་དང་རྒྱུད་སྡེ་སྤྱི་འགྲོའི་ལུགས་གཉིས། ཌཱ་མ་རུའམ་ཅང་ཏེའུ་ལ་དྲྭ་བ་ཅན། ཐོད་པ་ལྟག་སྤྲོད་ཀྱི་མཚན་ཉིད་དང་བཟོ་ཚུལ་ཁྱད་པར་ཅན། རྒྱན་དྲུག་དང་དགང་གཟར་བླུགས། རྙིང་མའི་རྒྱུད་གཞུང་རྣམས་ལས་རྒྱ་ཆེར་གསུངས་པའི་ཕུར་བུ་རྡོ་རྗེ་རྩེ་ལྔ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་ཁ་ཊཱཾ་ག་རིགས་གཉིས། སོགས་ཁོངས་ནས་རལ་གྲི། དགྲ་སྟྭ། རྩེ་གསུམ་གྱིས་མཚོན་པའི་ཕྱག་མཚན་གྱི་ཚད་དབྱིབས་དང་རྣམ་གཞག་ཞིབ་མོར་ཤེས་པ་ཤིན་ཏུ་གལ་ཆེའང་འདིར་གཞུང་མང་བའི་འཇིགས་པས་མ་སྨོས་ལ། དེ་དག་གི་ཚུལ་རྟོགས་པར་འདོད་ན་སློབ་དཔོན་རིག་བྱིན་གྱིས་མཛད་པའི་བྱ་བཏུས་དང་། གོང་སྨོས་བོད་གཞུང་དེ་དག་སོགས་སུ་གསལ་བ་ལས་ཤེས་པར་བྱའོ། །

རྔ་སིལ་གར་འཆམ་སོགས་ཀྱང་ལུས་ཀྱི་ལས། །སྣང་ཤས་དང་འཕྱོར་འདོད་དབང་གིས་སེམས་ཀུན་ཏུ་གཡེང་བའི་རྒྱུ་མ་ཡིན་པར་དཀོན་མཆོག་མཆོད་པའི་དོན་དང་སྔགས་ཀྱི་ཚུལ་དང་འབྲེལ་བར། རྔ་ཆེ་ཆུང་། སྦུབ་ཆལ་དང་སིལ་སྙན་བསྐུལ་བ། གར་འཆམ་སྟངས་སྟབས་ལ་སོགས་པ་རྣམས་ཀྱང་ལས་ཀྱི་བཟོ་ཁྱད་པར་ཅན་གྱི་ཕྱོགས་སུ་གཏོགས་ཏེ། དེའང་རྔ་ཤིང་གི་རྒྱུ། གཡོགས་ཀྱི་ཚུལ། སྦུབས་སིལ་གྱི་བཟང་ངན་རྣམས་སྔོན་གྱི་བསྟན་བཅོས་དང་དཔྱད་དོན་རྣམས་ལས་འབྱུང་བ་ལྟར་ཤེས་པར་བྱ་ཞིང་། རྔ་རྡུང་ཚུལ་མཁས་པ་ཙནྡྲ་ཤྲཱིས། རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུག རི་རབ་གླིང་བཞིའི་མཐའ་མི་བསྐོར།།རི་ཐང་མཚམས་ཀྱི་བྲག་མི་གཤགས། །རི་དྭགས་རྒྱལ་པོའི་གདོང་མི་བསྣུན། །ཅེས་དང་། ལྕེ་འབབ་བྲང་བརྡུང་སློང་མོའི་སྐད། །བྱ་བྲན་གཤོག་རྡེབ་མི་བསྐུལ་བའི། །ཚུལ་བརྒྱད་འོག་ངོས་མཁྱིད་གང་སོར། །རྔ་གཡོག་རང་ལྗིད་ཉིད་ཀྱིས་ནི། །བསྐུལ་མ་ཐག་ཏུ་སོ་སོར་ཕྲལ། །གྲལ་ལ་བསྒྲིགས་ཏེ་བརྡུང་བ་ན། །ཕན་ཚུན་གཅིག་གིས་གཅིག་ནོན་ཙམ། །ནོར་བུ་བསྟར་ལ་བརྒྱུས་པ་ལྟར། །མཐོ་དམན་འབུར་ཁྱད་སྤང་བར་བྱ། །སྙོམས་ཤིང་མཛེས་པར་བསྟར་ལ་བསྒྲིགས། །ཞེས་དང་། ཞི་བའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་དལ་ལ་ལྷོད་པར་བརྡུང་། རྒྱས་པའི་རྔ་བརྡུང་བྱེད་པ་ན། རྔ་ཐབས་གསལ་ལ་འཁོལ་བར་བརྡུང་། །དབང་གི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་སྙན་ལ་འཇེབས་པར་བརྡུང་། །དྲག་པོའི་རྔ་བརྡུང་བྱེད་པ་ན། །རྔ་ཐབས་དྲག་ལ་མྱུར་བར་བརྡུང་། །དྲག་བརྡུང་རྒྱུན་ཆགས་བྱེད་པ་ན། །གནམ་ལྕགས་ལྟར་ཡང་དབབ་པར་བྱ། །ཞེས་སོ་སོའི་ཉམས་སོགས་རྒྱས་པར་བཤད་པ་ལྟར་རོ། །སྦུབས་སིལ་ཡང་དེ་ཉིད་ཀྱིས། ཕོ་སྒྲ་དིང་ཟིལ་ལྡན་པར་བརྡུང་། །མོ་སྒྲ་སྙན་ཅིང་མཛེས་པར་བརྡུང་། །ཕྱེད་མ་དྭངས་ཁྲོལ་ཆགས་པར་བརྡུང་། །ཞི་ལ་སྦྲང་ཆར་ཟིམ་བུ་ལྟར། །རྒྱས་ལ་རྫི་ཆར་གཡོས་པ་ལྟར། །དབང་ལ་དྲག་ཆར་འབབས་པ་ལྟར། །དྲག་ལ་ཐོག་སེར་འབྱིན་པ་ལྟར། །ཞེས་སོགས་དང་འདྲ་དཔེ་བཅུ་གཉིས་ཀྱི་སྒོ་ནས་རྔ་སྒྲ་དང་སྦྱོར་བའི་ཚུལ་བཤད་པ་དང་། འཇམ་དབྱངས་བསོད་ནམས་དབང་པོའི་རོལ་མོའི་བསྟན་བཅོས་གཅིག་ཤེས་ཀུན་གྲོལ་ལས། །སྤྱིར་གྱི་རོལ་མོ་གང་དཀྲོལ་ཡང་། །དམ་དུ་བཟུང་བར་མི་བྱ་ཞིང་། །བྲང་ལག་མི་སྦྱར་མན་ངག་ཡིན། །དབྱུག་པ་ལྟ་བུར་མི་ཕྱར་ཞིང་། །ཀ་བ་ལྟ་བུར་བསྲང་མི་བྱ། ཞེས་དང་། ཙནྟྲས། བར་སྣང་མི་གཡུག་གདངས་མི་དགག །བྲང་དང་པུས་མོ་ལ་མི་རེག །ཅེས་དང་། །དཔུང་པ་ལག་དར་ཚིགས་ནས་ལྷོད། །ལག་པའི་མཐིལ་ནས་འཕྲུལ་ཆགསཚད། །རང་ལྗིད་ཁོ་ནས་སྒྲ་བསྐུལ་གྱིས། །འདབ་མའི་རྩེ་མོ་རྩལ་གྱིས་མིན། །ཅེས་སོགས་སྤང་བླང་མཚན་ཉིད་དང་། །འཇབ་འཕར་འུར་དིང་སྙན་རྩུབ་དང་། །ཕྲ་སྦོམ་དྭངས་འཁྲོལ་ལ་སོགས་པའི། །སྒྲ་ཐབས་རྣམ་དབྱེ་རྟོགས་པར་བྱོས། །ཞེས་སྐབས་དང་བསྟུན་པའི་སྒྲ་ཐབས་ཀྱི་རྣམ་པར་དབྱེ་བ་ལ་མཁས་དགོས་པ་སོགས་བཤད་དོ། །དེ་བཞིན་དུ་དུས་འཁོར་མཁའ་འགྲོ་རྒྱ་མཚོ་རྡོ་རྗེ་གུར་ཡོ་གའི་རྒྱུད་དང་རྡོ་རྗེ་ཕྲེང་བ་སོགས་ནས་བཤད་པའི་ས་བཟུང་བའི་སྟངས་སྟབས། མཆོད་པའི་གར་གྱི་བྱེ་བྲག་རྣམས་དང་། རྙིང་མའི་སྒྱུ་འཕྲུལ་ཁྲོ་བོ། ཚོགས་ཆེན་འདུས་པ། སྒྲུབ་པ་བཀའ་བརྒྱད། ཁྱད་པར་རྡོ་རྗེ་ཕུར་པ་ལ་སྦྱོར་བའི་ཁྲག་འཐུང་རྩ་འཆམས། བྲུབ་འཆམས་ཀྱི་རིགས། གཞན་ཡང་གསར་རྙིང་ཐམས་ཅད་ལ་མགོན་འཆམས་སོགས་ཇི་སྙེད་ཡོད་པ་ཐམས་ཅད་སྤྱིར་གར་གྱི་ཉམས་དགུའི་རྣམ་པ་དང་ལྡན་ཞིང་། ཁྱད་པར་སློབ་དཔོན་ཙནྡྲས། ལུས་ཀྱི་སྟོད་ལ་སེང་ཆགས་དང་། །སྐེད་པ་ལ་ནི་འཁྲིལ་ཆགས་དང་། །ཚིགས་བཞི་ལ་ནི་འཕྲུལ་ཆགས་དང་། །བཞག་ཤ་ལ་ནི་ལྷོད་ཆགས་དང་། །ཤ་འགྱུར་ལ་ནི་མེར་ཆགས་དང་། །རྣམ་འགྱུར་ལ་ནི་འགྱིང་ཆགས་དང་། །སྤྱོད་པ་ལ་ནི་དལ་ཆགས་དང་། །སྒྱིད་པ་ལ་ནི་ལྡེམ་ཆགས་དང་། །རྐང་མགོ་ལ་ནི་བདེ་ཆགས་དང་། །ཀུན་ཏུ་དཔའ་ཞིང་བརྗིད་ཆགས་པའོ། །ཡང་སྨྲས་པ། འཇིགས་ཤི་རྔམས་པའི་གར་རྣམས་ལ། །ཧ་ཅང་གསོར་ན་སྐྱོན་ཡིན་ནོ། །འགྱིང་ཞིང་མཉེན་པའི་གར་རྣམས་ལ། །ཧ་ཅང་བཅོས་ཆུང་སྐྱོན་ཡིན་ནོ། །འཁྱུག་ཅིང་བདེ་བའི་གར་རྣམས་ལ། །ཧ་ཅང་རྟབས་རྟོབས་སྐྱོན་ཡིན་ནོ། དལ་ཞིང་ལྷོད་པའི་གར་རྣམས་ལ། ཧ་ཅང་སྒྱིད་ལུགས་སྐྱོན་ཡིན་ནོ། །སྒེག་ཅིང་ཆགས་པའི་གར་རྣམས་ལ། །ཧ་ཅང་བསྒྱུར་ན་སྐྱོན་ཡིན་ནོ། །ཞེས་དང་། གཞན་ཡང་སྤང་བླང་གི་བྱེ་བྲག སྤྱིའི་གདམས་པ་བཅས་ཞིབ་པར་བསྟན་པ་རྣམས་ནི་སྤྱིར་ཤེས་དགོས་ལ། བྱེ་བྲག་རང་རང་གི་ལུགས་སྲོལ་འཁྲུལ་མེད་རྩ་བའི་ཁུངས་གང་ཡིན་པ་ལ་མཁས་པར་བསླབ་དགོས་པ་དང་། ཁྱད་པར་ས་གར་མཆོད་གར་རྣམས་ནི་རྒྱུད་དང་འཕགས་ཡུལ་གྱི་ཕྱག་བཞེས་དང་འབྲེལ་བས་ཁུངས་དང་དགོས་པ་ཆེ་བ་སྨོས་མ་དགོས། རྙིང་མའི་ཁྲག་འཐུང་རྩ་འཆམས་སུ་གྲགས་པ་འདི་ཉིད་རྒྱུད་གང་ནས་བཤད་ན་ཡེ་ཤེས་རྔམ་གློག་ལས། ཆོས་ཀུན་མཉམ་པའི་ངང་རྟོགས་ན། །བསྒུལ་ཞིང་བསྐྱོད་པ་ཐམས་ཅད་ཀུན། །ཕྱག་རྒྱ་ཡིན་པར་དཔའ་བོས་གསུངས། །རང་གི་ལྷ་ཡི་ཏིང་འཛིན་གྱིས། །སྟངས་སྟབས་འདི་ལ་གང་གནས་པ། །སངས་རྒྱས་ཉིད་ཀྱང་སྐྲག་འགྱུར་ན། །དྲེགས་པའི་ཚོགས་ལ་སྨོས་ཅི་དགོས། ཞེས་དང་། ཐབས་ཀྱི་ཞགས་པའི་རྒྱུད་ལས་ཀྱང་ཕྱག་རྒྱ་བཅིང་ཚུལ་དེའི་དགོས་པ་བཅས་བསྟན། དེ་ཉིད་སྒྲུབ་པ་པོའི་གང་ཟག་ལྟ་བ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས་ཤིང་སྒོམ་པ་ཏིང་ངེ་འཛིན་ལས་སུ་རུང་བས་སྣང་སྤྱོད་ལྷའི་ཕྱག་རྒྱས་ཐེབས་པ་རྡོ་རྗེའི་ཟློས་གར་ལ་རང་བྱན་ཚུད་པས། ཇི་ལྟར་སྒྲུབ་པའི་ཚུལ་སྒྱུ་འཕྲུལ་དྲྭ་བ་རྩ་བཤད་ཀྱི་རྒྱུད། འཇིག་རྟེན་འདས་མདོ། ཧེ་རུ་ཀ་གལྤོ་སོགས་བླ་ན་མེད་པའི་རྡོ་རྗེའི་རིགས་ཀྱི་རྒྱུད་རྣམས་ལས་བསྟན་པའི་དོན་རྒྱལ་པོ་ཛཿནས་མཁས་པ་མི་གསུམ་ལ་བརྒྱུད་དེ་བོད་ཀྱི་ལོ་ཙཱ་བ་རྨ་གཉགས། དཔལ་གྱི་བུ་བརྒྱུད། གནུབས་དང་ཟུར་ནས་འདར་ལ་བཀའ་བབས་ཤིང་། མཐར་གསང་ཆེན་བསྟན་པའི་མངའ་བདག་སྨིན་གླིང་སྐུ་མཆེད་ནས་རྒྱས་པར་མཛད་ཅིང་། ལོ་ཆེན་རིན་པོ་ཆེས་འཆམས་ཡིག་ཀུན་བཟང་རོལ་པ་མཛད་དེ་ལེགས་པར་གཏན་ལ་ཕབ་པ་འདི་ལ། དཀྱིལ་འཁོར་གྱི་ས་ཆོག་དང་འབྲེལ་བའི་ཁྲག་འཐུང་རྩ་འཆམས་དང་། དྲག་པོའི་ལས་སྦྱོར་དང་འབྲེལ་བའི་དགྲ་བགེགས་བྲུབ་འཆམས་གཉིས། དང་པོ་ལ་དོན་ཚན་བཅུ་གསུམ་གྱི་ཐོག་མར་རང་ལུས་ལ་བགེགགས་ཀྱིས་མི་ཚུགས་པའི་ཕྱི་ལྷའི་ང་རྒྱལ་གྱིས་བྱིན་གྱིས་བརླབས་པའི་ཆས་གོས་བགོ་ཞིང་ཕྱག་མཚན་བཟུང་། གཉིས་པ་ལྷ་སྲིན་གྱི་ཀོ་ལོང་མི་ལྡང་བའི་ཕྱིར་གསེར་སྐྱེམས་བསྔོ། གསུམ་པ་གསང་སྒྲོགས་ཀྱི་ཉེས་པ་སྤང་བའི་ཕྱིར་སྣོད་བཅུད་དཀྱིལ་འཁོར་དུ་གསལ་བས་ལུས་འགྱུར་ཐུན་མོང་དུ་གཅེས་པའི་ཡན་ལག་བཅུ། ཕྱག་རྒྱ་མཁས་པ་གསུམ། ལུས་རྒྱན་དཔེ་གསུམ་དང་མཐུན་པའི་ཡོན་ཏན་དང་ལྡན་པས་དཀྱིལ་འཁོར་གྱི་ས་གཞིར་འགྲོ བཞི་པ་རིགས་དང་མཐུན་པའི་རང་གནས་སུ་འདུག ལྔ་པ་སློབ་དཔོན་འཁོར་ལོའི་མགོན་པོར་བསྐྱེད་ལ་གཞན་སྲས་ཀྱི་བྱ་བས་དཀྱིལ་འཁོར་རྫོཊ་པར་སྤྲོས་ལ་བསྐུར་བརླབ་དྲང་བསྟི་མ་མཆོད་བསྟོད་བྱ། དྲུག་པ་ཕྱོགས་ཀྱི་སློབ་མ་རྣམས་རིགས་བཞིའི་ཡུམ་དུ་བྱིན་བརླབ། བདུན་པ་ཕྱོགས་བཞིའི་ཡུམ་གྱིས་མཆོད་བསྟོད་སྔོན་དུ་འགྲོ་བས་དཀྱིལ་འཁོར་བཤད་པར་གསོལ་བ་གདབ། བརྒྱད་པ་སློབ་དཔོན་གྱིས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། དགུ་པ་ཞེ་སྡང་རྡོ་རྗེའི་གར་གྱིས་བཀའ་བསྒོ་ཞིང་བགེགས་བསྐྲད། བཅུ་པ་དཀྱིལ་འཁོར་ལྷའི་སྟངས་སྟབས་ཀྱིས་ས་བཟུང་བ་ལ། །འཆམས་བསྐོར་གསུམ་དང་ཆོས་དབྱིངས་བསྐྱེད། དབང་སྡུད་མཁའ་འགྲོ་དཔའ་བསྐྱེད་དང་། །ཉམས་པའི་བླ་འགུགས་དམ་ཅན་འཁོར། །ནམ་མཁའ་བར་སྣང་ས་གཞི་གསུམ། །འཁོར་ལོ་རྟགས་བརྒྱད་པདྨོར་བརླབ། རྡོ་རྗེ་ཕྱེད་རྐྱང་སྦྲགས་གསུམ་གྱིས། །ས་བཙལ་འདུལ་ཞིང་རློབ་པའོ། །ཞེས་པ་ལྟར་སྔོན་འགྲོའི་སྟངས་སྟབས་བཅུ་གཉིས་ཀྱིས་སྤྱར་རློབ། མཁའ་རླུང་རཀྟ་ཞིང་ཆེན་དང་། །ཀེང་རུས་མེ་དཀྱིལ་གཞལ་ཡས་ཁང་། །ཞེས་རྟོན་བསྐྱེད་པ་བདུན། །གཙོ་བོ་དང་ནི་རིགས་བཞི་དང་།རིགས་ལྔའི་ཡུམ་དང་གོ་རཱི་། །སི༚་ཧ་མ་བརྒྱད་སྒོ་མ་བཞི། །དབང་ཕྱུག་མ་དང་ཕྲ་མེན་གྱི། །བམ་ལེན་དཔལ་ཆེན་སྟོབས་འཆམས་སོ། །ཞེས་པའི་ནང་ཚན་གཙོ་བོ་དཔལ་ཆེན་པོའི་འགྱིང་འཆམས་ནང་གསེས་དགུ་དང་བཅས་པས་བརྟེན་པ་བསྐྱེད་པ་སྟེ་དངོས་གཞི་སོ་སོའི་སྟངས་སྟབས་ཀྱིས་བྱེ་བྲག་ཏུ་བྱིན་བརླབ། བཅུ་གཅིག་པ་ཕྱོགས་བཅུའི་བགེགས་ལ་ཕུར་བུས་གདབ། བཅུ་གཉིས་པ་རྟག་ཆད་ཀྱི་མཐའ་བསལ། བཅུ་གསུམ་པ་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན་པའོ། །

དེ་ལྟར་བགྱིས་པས་རྡོ་རྗེའི་ལུས་ཀྱི་སྤྱོད་པ་ལ་བརྟེན་ནས་ཚོགས་གཉིས་རླབས་པོ་ཆེ་སྤེལ་ཞིང་ལས་དང་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱེད་པའི་ཐབས་རྨད་དུ་བྱུང་བ་ཡིན་ལ། བྲུབ་འཆམས་ལའང་དྲག་པོའི་ལས་དང་འབྲེལ་བའི་ཚམ་རྔམས་ཀྱི་སྟངས་སྟབས་དགོས་པ་ཁྱད་འབྲེལ་ཅན་སྣང་ཡང་འདིར་མ་སྤྲོས་ལ། ས་ལུཊ་ཀྱི་ཕུར་བའི་རྩ་འཆམས་ཀྱང་དཔལ་ལྡན་བླ་མ་དམ་པའི་སྐབས་སུ་འདི་ཉིད་ཁ་བསྒྱུར་བ་ཡིན་པ་དང་། བཀྲ་ཤིས་ཟུར་མང་གི་བདེ་མཆོག་ཚོགས་གར་ཆེན་མོར་གྲཊ་པའི་གར་སྣ་སུམ་བརྒྱ་དྲུག་ཅུ་པ་འདིའང་ཏེ་ལོ་སངས་རྒྱས་ཀྱི་རྣམ་འཕྲུལ་དྲུང་རྨ་སེ་བློ་གྲོས་རིན་ཆེན་ལ་ཆོས་རྗེ་དེ་བཞིན་གཤེཊ་པ་འཁོར་ལོ་སྡོམ་པ་དངོས་ཀྱི་སྐུར་བཞེངས་ནས་ཡུད་ཙམ་གཅིག་ལ་སྩལ་བར་ཡང་གྲགས་ཤིང་། སངས་རྒྱས་ཞིག་ཆེན་གྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་ཤིན་ཏུ་རྒྱས་པར་སྩལ་བའི་བྱིན་རླབས་ཀྱི་སྒོ་ཆེན་པོ་ལྡན་པ་དང་། གུ་རུ་ཆོས་ཀྱི་དབང་ཕྱུག་དག་པའི་སྣང་བར་ཟགས་མདོག་དཔལ་རིར་སློབ་དཔོན་ཆེན་པོའི་སྤྱན་སྔར་བྱོན་པའི་ཚེ་ཇི་ལྟར་མཇལ་ཞིང་རྗེས་སུ་གདམས་པ་སྩལ་བའི་དོན་མ་ནོར་བ་ཚེས་བཅུའི་གར་འཆམས་ཡོངས་སུ་གྲགས་པ་འདིའང་ཐ་ན་དུད་འགྲོ་ཡན་ཆད་གང་གིས་མཐོང་ཚད་སློབ་དཔོན་ཆེན་པོའི་གདུལ་བྱར་འགྱུར་བའི་ཕན་ཡོན་དང་ལྡན་པར་གསུངས་པས་མཚོན། ཐམས་ཅད་ལའང་དགོས་པ་དང་ལྡན་པས་རང་རང་གི་ལུགས་སྲོལ་ཕྲ་མོ་ཙམ་ལའང་མ་འཆུག་པར་བྱ་དགོས་སོ། །

གཉིས་པ་ལུས་བཟོ་ཕལ་པ་བཤད་ནི།

ཕལ་པ་ཁང་ཁྱིམ་གྲུ་གཟིངས་གོས་རྒྱན་ཟས། གཞོམ་དང་སྲུང་བའི་འཁྲུལ་འཁོར་གོ་མཚོན་སོགས། །

ལུས་ཀྱི་བཟོ་ཕལ་པ་ནི། རྒྱལ་པོའི་ཕོ་བྲང་སོགས་ཁང་པ་བརྩེགས་པ་དང་ཁང་མིག་ལྔ་བརྒྱ་པ། སྐྱེ་བོའི་ཁང་ཁྱིམ། རྒྱ་མཚོ་ཆེན་པོར་བགྲོད་པའི་གྲུ་གཟིངས་ཆེན་པོ། རྒྱ་གར་བལ་པོ་རྒྱ་ནག་སོགས་ཀྱི་ཆུ་ལ་བགྲོད་པའི་གྲུ་ཆུང་། ཕོ་མོའི་གོས་དང་རྒྱན་གྱི་ཁྱད་པར་བཟའ་བཏུང་གི་གཡོས་སྦྱོར་བ་རྣམས་དང་། གཞན་ཡང་ཕ་རོལ་གྱི་དགྲ་སྡེ་གཞོམ་པའི་ངོ་མཚར་གྱི་སྦྱོར་བ་བསྡུས་པའི་རྒྱུད་ལས་བཤད་པ། ཐང་རྫོང་གཞིག་པ་རྡོའི་འཕྲུལ་འཁོར་ཏེ་སྒྱོགས། ཆུ་རྫོང་འཇོམས་པ་གྲུའི་འཕྲུལ་འཁོར། རི་རྫོང་འཇོམས་པ་མེའི་འཕྲུལ་འཁོར། རལ་གྲི་འཁོར་བ་གྲི་གུག་གི་འཕྲུལ་འཁོར། རྩེ་མོ་འབྱེད་པ་རླུང་གི་འཕྲུལ་འཁོར། རྩིག་པ་འཇིག་པ་གུར་གྱི་འཕྲུལ་འཁོར། གོ་ཆ་འཇིག་པ་ལྕགས་མདའི་འཕྲུལ་འཁོར་རྣམས་དང་། རང་ཕྱོགས་སྲུང་བར་ལ་གྲིའི་འཕྲུལ་འཁོར། རྒྱལ་རིགས་འཐབ་པ་ཤིང་རྟའི་ཚད། ལྟད་མོ་ལ་འགྲོ་བའི་དོན་དུ་ཁང་བཟང་གི་མཚན་ཉིད། དགའ་སྟོན་གྱི་དོན་དུ་ཕྱོགས་ཀྱི་མཚན་ཉིད་ལྡུམ་རར་བཅུ་པའི་དོན་དུ་ཆུ་གྱེན་དུ་འདྲེན་པའི་འཕྲུལ་འཁོར་སོགས་དང་། གཞན་ཡང་ཁྲབ་རྨོག་ཕུབ་སོགས་གོ་ཆ་དང་། མདའ་གཞུ་རལ་གྲི་སོགས་མཚོན་ཆའི་རིགས་བཟོ་བའི་བློ་གྲོས་དང་། ལག་པའི་རྩལ་རྣམས་སོ། །

ས་བཅད་གཉིས་པ། ངག་བཟོ།

དང་པོ། ངག་བཟོ་མཆོག་བསྟན་པ།

ངག་བཟོ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། གཞན་གྱི་ལོག་རྟོག་འཇོམས་པའི་རྩོད་པ་དང་། །གདུལ་བྱ་རྗེས་སུ་འཛིན་པའི་འཆད་པ་དང་། །བསྟན་པ་གསལ་བར་བྱེད་པའི་རྩོམ་པ་དང་གསུམ་ཡིན་ཏེ།།དེ་དག་ཀྱང་སོ་སོའི་སྐྱོན་རྣམས་དང་མི་ལྡན་ཅིང་ཡོན་ཏན་རྣམས་ཚོགས་པས་གཟུགས་བརྙན་ཙམ་དུ་མ་སོང་བ་དགོས་སོ། །

ལྷན་སྐྱེས་རོལ་མོ་འདྲེན་བཀུག་སྒྱུར་དང་ལྟེངས། །ལྗོན་པ་མེ་ཏོག་འཁྲི་ཤིང་ཆུ་ཀླུང་ཟླ། །གནད་གསུམ་སྔོན་འགྲོས་སྐྱོན་དྲུག་རྒྱུ་ལྔ་སྤང་། །ཆེན་པོ་དྲུག་སོགས་སྐབས་སུ་བབས་པར་བླང་། ། སློབ་དཔོན་ཙནྡྲ་ཤྲཱིས་དབྱངས་ཀྱི་བསྟན་བཅོས་བློ་གསལ་མགུལ་རྒྱན་ལས། །ཉམས་ལྡན་ངག་གི་རིག་བྱེད་ཀྱིས། འཕགས་པ་མཆོད་དང་སེམས་ཅན་དོན། །བྱེད་དང་དངོས་གྲུབ་རྣམ་གཉིས་རྒྱུ། ཞེས་བཤད་པ་ལྟར་དགོས་པ་དང་ལྡན་པའི་ལྷན་སྐྱེས་རོལ་མོ་སྟེ་དབྱངས་ཀྱི་བྱེད་བྲག་དཀོན་མཆོག་མཆོད་པའི་དབྱངས་འདུལ་བ་ལས་ཀྱང་། དང་པོར་སྟོན་པས་གླུ་གར་དང་རོལ་མོའི་སྒྲ་སོགས་བྱེད་པ་བཀག་པས། སངས་རྒྱས་ཀྱི་བསྟོད་ཚིག་ལ་སོགས་པའི་ཁ་ཏོན་རྣམས་ཅལ་ཅོལ་རམ་རོམ་དུ་གྱུར། །དེ་ལ་མུ་སྟེགས་སོགས་ཀྱིས་འཕྱས་ཤིང་ཁྱིམ་པ་རྣམས་མ་དད་པ་ལ་བརྟེན་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟོན་པ་ལ་ཞུས། དེའི་ཚེ་སྟོན་པས། དཀོན་མཆོག་མཆོད་པའི་དོན་དུ་དབྱངས་ཀྱི་ང་རོ་བྱ་བར་རྗེས་སུ་གནང་བ་ལ། དབྱངས་ཀྱི་ང་རོ་ཇི་ལྟར་བྱ་མ་ཤེས་པར་སླར་ཞུས་པས། བྲམ་ཟེ་རིག་བྱེད་འདོན་པ་ལྟ་བུའི་གདངས་ཀྱིས་འདོན་པར་གསུངས། སྔགས་ཀྱི་སྐབས་ལོ་ཆེན་རིན་ཆེན་བཟང་པོ་ནས་དར་བའི་ཡོ་གའི་གདངས་དང་། མགོན་པོ་ལྕམ་དྲལ་གྱི་གདངས་དབྱངས་ཆེ་ཆུང་། །སྔགས་རྙིང་མའི་རིག་འཛིན་རྣམས་ཀྱི་གསུང་རྒྱུན་བར་མ་ཆད་པ་རྣམས་ནི་སྔ་ཤོས་ཡིན་ལ། ཕྱིས་སུ་གྲུབ་མཐའ་སོ་སོར་གྲགས་པ་རྣམས་ཀྱང་དགོས་པ་དང་ལྡན་པ་འབའ་ཞིག་ཡིན་ཏེ། དེ་དག་སྤྱིར་བསླབ་པའི་གནས། སློབ་པའི་སློབ་དཔོན། བསླབ་ཡུལ་སློབ་མ། ཇི་ལྟར་སློབ་པའི་ཚུལ། སྐྱོན་དང་ཡོན་ཏན་སོགས་འདིར་མ་སྨོས་ལ། བསླབ་བྱའི་དབྱངས་ཀྱི་ངོ་བོ་ང་རོ་རྣམ་པ་བཞི། ཡན་ལག་བཅུ་གཉིས། སྤེལ་མའི་སྦྱོར་བ་མཐའ་ཡས་པར་འགྱུར་ཞིང་། དེའང་ང་རོ་བཞི་ལས་གང་གིས་འདྲེན་པ་ལའང་ལྔ། ཨ་ཞེས་དྲང་པོ། ཨེ་བསྒྲེང་བ། ཨི་བཀུག་པ། ཨོ་བསྟོད་པ། ཨུ་ཞེས་སྨད་པའི་ང་རོས་དྲངས་པའོ། ཁུག་གིས་བཀུག་པ་ལ་རྐྱང་པ་དང་བརྩེགས་པ། ཉིས་འགྱུར་གྱིས་བསྒྱུར་བ་ལ་མགྲིན་བསྒྱུར། ལྕེ་བསྒྱུར་སྣ་ལྡན་བསྒྱུར་གསུམ། ལྟེངས་ཀྱིས་ལྟེངས་པ་ལ་རིང་བ་དང་ཐུང་བའི་ལྟེངས་གཉིས་ཏེ། དེ་དག་ཀྱང་། ས་སྐྱ་པཎ་ཆེན་གྱིས། མཆོད་དབྱངས་བསྒྱུར་བ་གཙོ་བོ་སྟེ། །གླུ་ལ་འདྲེན་པ་གཙོ་བོ་ཡིན། །རྟོགས་བརྗོད་ལ་ནི་འགྱུར་ཐུང་ངོ་། རྗེས་སུ་བརྗོད་ལ་སྒྱུར་འདྲེན་ཐུང་། སྤྱིར་ནི་ཀུན་ལ་ཀུན་འཇུག་ཀྱང་། འདི་དག་གཙོ་བོར་འདྲེན་པ་མཐོང་། །ཞེས་གསུངས་པ་ལྟར་རོ། །

དེའང་རྟོགས་སླ་བའི་ཕྱིར་དཔེ་དང་སྦྱར་ན། འདྲེན་པ་གཙོ་བོར་བྱེད་པ་ལ་དཔག་བསམ་ལྗོན་ཤིང་། བཀུག་པ་གཙོ་བོར་བྱེད་པ་ལ་མེ་ཏོག་འཁྲི་ཤིང་། ལྟེང་གཙོ་བོར་བྱེད་པ་ལ་དབུས་ཞན་པས་ཆུ་ཀླུང་དལ་གྱིས་འགྲོ་བ། འགྱུར་ཁུག་མང་བ་ལ་རྒྱ་མཚོའི་ཟླ་བ་ཞེས་བཤད་དོ། །ཐམས་ཅད་ཀྱང་སྤོབས་པའི་གནད། དུས་ཀྱི་གནད། སྦྱངས་པའི་གནད་གསུམ་སྔོན་དུ་འགྲོ་བས། ཡེངས་པ་སོགས་བློའི་སྐྱོན། ཟུར་མ་ཕྱིན་པ་སོགས་ཚིག་གི་སྐྱོན། འཕེལ་འགྲིབ་སོགས་གདངས་ཀྱི་སྐྱོན། ཡ་ཡོ་སོགས་ལུས་ཀྱི་སྐྱོན། མི་འགྲིག་པ་གྲོགས་ཀྱི་སྐྱོན། སྨྲ་དགོད་སོགས་ཉན་པ་པོའི་སྐྱོན་ཏེ་སྐྱོན་དྲུག་དང་། གཞན་ཡང་། ཚིག་ལ་རྨོངས་ན་བརྙས་བའི་རྒྱུ། །དབྱངས་སྦྱོར་མེད་ན་བཞད་གད་རྒྱུ། །དུས་ཚོད་མེད་ན་སྐྱོ་བའི་རྒྱུ། །དགོས་པ་མེད་ན་སྡིག་པའི་རྒྱུ། །མཁས་པ་འདུ་ཞིང་མང་པོས་བསྐོར། །གྲོགས་པོ་ངན་ཞིང་འགྲན་ཟླ་མང་། །སྦྱངས་པ་ཆུང་ཞིང་སྤོབས་པ་ཞན། །བློ་གྲོས་ངན་པ་སྡུག་པའི་རྒྱུ། །ཞེས་པ་ལྟར་སྡིག་པ་འབྱུང་བའི་རྒྱུ་ལྔ་སྤངས། ཇི་སྐད་དུ། ཆེན་པོ་དྲུག་ལ་མ་གྱེར་ན། །ཡོ་ག་དབྱངས་ཀྱི་བསྟན་པ་ནུབ། །ཅེས་གསུངས་ཤིང་། ཆེན་པོ་དྲུག་ནི། སློབ་དཔོན་ཙནྡྲས། ཆེན་པོ་དྲུག་ལ་གྱེར་བར་བྱ། །སྒྲུབ་མཆོད་དབང་བསྐུར་རབ་ཏུ་གནས། །དུས་མཆོད་གཤིན་དོན་སྦྱིན་སྲེག་རྒྱས། །ཞེས་པ་ལྟར་སྐབས་སུ་བབ་པས་བླང་ངོ་། །

ཚོགས་སུ་སེང་གེའི་ང་རོ་ལ་སོགས་པ། ཁྱད་པར་བཅུ་གཉིས་གཞན་ཡང་འཚམས་པར་སྦྱར། །

སྐབས་སུ་བབས་པ་ཇི་ལྟར་བླང་ན། ཚོགས་སུ་ལེན་པའི་དབྱངས་སྐད་གཟེངས་མཐོ་བར་དགོས་པས་སེང་གེའི་ང་རོ་ཞེས་བྱ་བ་དང་། སོགས་ཁོངས་ནས་ལེན་ཚུལ་གྱི་ཁྱད་པར་བཅུ་གཉིས་དང་། གཞན་ཡང་ཇི་ལྟར་འཚམས་པར་སྦྱར་དགོས་ཏེ། ཇི་སྐད་དུ། ཚོགས་སུ་སེང་གེའི་ང་རོ་སྟེ། །དབེན་པར་བུང་བ་རོལ་པའི་ཚུལ། །མཁས་པའི་འདུན་སར་ནེ་ཙོའི་དབྱངས། །རྨ་བྱ་འཇོལ་སྒེག་རྨོངས་ནང་དུ། །སྐྱོ་ཚེ་དང་བ་ཀུན་འདྲེན་པ། །རྗེས་སུ་དགའ་ལ་འདོད་ལྷའི་མདའ། །མཆོད་ལ་དགའ་བའི་མེ་ཏོག་སྟེ། །བ་ཚྭའི་ཆུ་ཀླུང་སྡིག་སྤྱོད་ལ། །རང་ཕྱོགས་བསྟོད་ན་ལྷ་ཡི་རྔ། །ཕ་རོལ་སྨོད་ན་འཁོར་ཟིལ་གནོན། །ཀུན་ཏུ་སྙན་པ་དྲི་ཟའི་དབྱངས། །སྤེལ་བ་མེ་ཏོག་ཕྲེང་ལྡན་ཡི། །དེ་ལ་སོགས་པའི་རྣམ་པ་ཡིས། །སྤེལ་བའི་ཁྱད་པར་ལེགས་བརྟགས་ཏེ། །དབྱངས་ཀྱི་སྦྱོར་བ་གཞན་ལ་ཡང་། །ཇི་ལྟར་འཚམས་པར་སྦྱར་བར་བྱ། །ཞེས་བཤད་པ་ལྟར་རོ། །

དཀྱུས་སུ་ཉེ་བར་མཁོ་བའི་མཚན་ཉིད་མདོར་བསྡུ་ན། འདེགས་དང་འཇོག་དང་སྦོམ་དང་ཕྲ། །གྲིམ་དང་ལྷོད་དང་འགྱུར་དང་ལྡེམ། །སྙན་གསང་གཅོད་སྦྲེལ་བཅུ་གཉིས་སོ། ཞེས་པ་སྟེ། དེ་དག་ཀྱང་ཙནྡྲས། རིང་ཡང་མགོ་ལུས་འཚམས་པ་དང་། །ཐུང་ཡང་ཡན་ལག་རྫོགས་པའོ། །བརྗིད་དང་ལྡན་ཡང་སྒེག་ཆགས་པ། །སྙན་ཡང་རུས་པ་མ་ཤོར་དང་། །གྱོང་ཡང་སྐབས་སུ་ཁུགས་པ་དང་། །དིག་ཀྱང་ཚིག་གི་གོ་གསལ་དང་། །མགྲིན་པ་མང་ཡང་སྐད་གཅིག་དང་། །སྐད་ཅིག་ང་རོ་དུ་མས་བརྒྱན། །མདོར་ན་བླུན་པོ་ཡིད་འཛིན་ཅིང་། །མཁས་པ་དགྱེས་པ་བསྐྱེད་པའོ། །ཡོན་ཏན་མཆོད་འོས་ཐམས་ཅད་མཉེས། །ཡ་རབས་དང་འདྲེན་དམན་པ་མགུ །ཟིལ་ཆགས་མང་པོའི་དབུས་ན་བརྗིད། །མཁས་པའི་ཡིད་འཕྲོག་ཀུན་གྱིས་བསྔགས། །དགྲ་བགེགས་འབྱེར་ཞིང་དངོས་གྲུབ་འདུ། །འདི་ལས་བདེན་འབྲས་འབྱུང་བར་ངེས།།ཞེས་གསུངས་པའི་མཚན་ཉིད་དང་ལྡན་པར་བྱའོ། །

གཉིས་པ། ངག་བཟོ་ཕལ་པ།

ཕལ་པ་གླུ་དང་གླིང་བུ་གྲལ་འཕྲོས་སོགས། །

ངག་བཟོ་ཕལ་པ་ནི། དགའ་སྟོན་གྱི་སྐབས་ཁྲོམ་ཕྱི་དབུས་སུ་གླུ་གཞས་ཀྱི་སྦྱོར་བ་འདོད་པ་དང་ནོར་གྱི་གཏམ་ལ་སོགས་པ་ལུགས་གང་གི་དོན་དང་འབྲེལ་ཞིང་གདངས་སྙན་པའི་གླུ་ལེན་པ་ལ་སྤ་བ། ཁ་གཤགས་འགྱེད་པ་སོགས་ཀྱང་དོན་བཟང་ལ་ཐོགས་པ་མེད་པ་དང་། གླིང་བུ་པི་ཝང་རྫ་རྔ་དང་། །མཁར་རྔ་རྔ་ཟླུམ་རྔ་བོ་ཆེ། །རྔ་ཕྲན་ཆ་ལང་ཀ་ན་ཊི། །དུང་དང་རྒྱུད་མངས་ལ་སོགས་པ། །ཇི་སྙེད་སིལ་སྙན་སྦྱོར་བཤད་པ། །དེ་སྙེད་ལ་ནི་མཁས་པར་བྱ། །ཞེས་གསུངས་པ་ལྟར་རྣམ་པར་རྩེ་བའི་རོལ་མོའི་སྦྱོར་བ་རྣམས་དང་། འབེལ་གཏམ་མམ་གྲལ་འཕྲོས་སྐད་ཆེ་ལ་སྒྲ་དག་པ། དོན་བཟང་ལ་ཚིག་གི་སྐྱོན་གྱིས་མ་བསླད་པ་ལ་སོགས་པ་རྣམས་སོ། །

ས་བཅད་གསུམ་པ། ཡིད་བཟོ།

དང་པོ། ཡིད་བཟོ་མཆོག་བསྟན་པ།

ཡིད་བཟོ་མཆོག་ནི་ལེགས་གསུང་ཐོས་བསམ་སྒོམ། །ཡིད་ཀྱི་བཟོ་གནས་སུ་གྱུར་པ་མཆོག་གམ་ཁྱད་པར་ཅན་ནི། ལེགས་པར་གསུངས་པའི་བཀའ་དང་། དེའི་དགོངས་པ་འགྲེལ་པར་བྱེད་པའི་བསྟན་བཅོས་ཁྱད་པར་དུ་འཕགས་པ་རྣམས་ལ། དང་པོ་ཐོས་པས་བླང་དོར་གྱི་མིག་ཕྱེད་པ། བར་དུ་ལེགས་པར་བསམ་པས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པ། ཐ་མ་ཚུལ་བཞིན་བསྒོམས་པས་གནས་ལུགས་ཀྱི་དོན་གཏན་ལ་ཕེབ་པ་རྣམས་སོ། །

གཉིས་པ། ཡིད་བཟོ་ཕལ་པ། ཕལ་པ་རིག་གནས་བཅོ་བརྒྱད་སྒྲ་ཚད་སོགས། ས་གཞི་རིན་ཆེན་ལྗོན་ཤིང་རྟ་གླང་གཏེར། །ཕོ་མོ་བརྟག་པ་བརྒྱད་དང་ཐུན་མོང་དུ། །ལུགས་ཀྱི་བསྟན་བཅོས་སྒྱུ་རྩལ་དྲུག་ཅུ་བཞི། །སྡེ་བཞི་ལ་སོགས་རྣམ་གྲངས་ཅི་སྙེད་དོ། །

ཡིད་བཟོ་ཕལ་པ་ནི། །མཛོད་ཀྱི་རང་འགྲེལ་དུ། །རོལ་མོ་འཁྲིག་ཐབས་འཚོ་ཚིས་གྲངས་དང་སྒྲ། །གསོ་སྤྱད་ཆོས་ལུགས་བཟོ་འཕངས་གཏན་ཚིགས་དང་། །རྣལ་འབྱོར་ཐོས་པ་དྲན་པ་སྐར་མའི་སྤྱོད། །རྩིས་མིག་འཁྲུལ་འཁོར་སྔོན་རབས་སྔོན་བྱུང་རིགས། །འདི་དག་རིགས་པའི་གནས་ཆེན་བཅོ་བརྒྱད་ཡིན། །ཅེས་བཤད་པ་རྣམས་དང་། །གོང་དུ་སྨོས་པའི་སྒྲ་དང་ཚད་མ་ལ་སོགས་པ་རྣམས་དང་།བརྟག་པ་བརྒྱད་དུ་གྲགས་པ། ས་གཞི་དང་ཆུ་བརྟག་པ་སློབ་དཔོན་དུ་ཧ་རས་བྱས་པའི་འབུམ་དཀར་ནག་ཁྲ་གསུམ་གྱི་རྒྱུད་ལ་སོགས་པ་ལྟ་བུ་དང་། རིན་པོ་ཆེ་བརྟག་པ་པཎྜི་ཏ་མ་ཧཱ་ཨོ་ཥྲ་ངྷིས་མཛད་པའི་བསྟན་བཅོས་དང་། དེ་ལས་འཕྲོས་ནས་བོད་དུ་བྱས་པ་དཔྱད་དོན་པད་དཀར་ཆུན་པོ་སོགས་སྔ་ཕྱི་དུ་མར་བྱུང་བ་རྣམས་དང་། མིའི་ནོར་བུ་གསང་སྔགས་ནང་གི་ལྷུང་བཟེད་ཀ་པཱུ་ལའང་དེར་གཏོགས་པས་དེའི་ཚུལ་རྒྱུད་ཆེན་སྡོམ་པ་འབྱུང་བ་སོགས་ལས་གསལ་བར་གསུང་པ་ལྟར་བོད་ཀྱི་མཁས་པ་རྣམས་ཀྱི་ཡིག་ཆ་དང་། རྒྱུད་བམ་རི་ཐོད་མཁར། སྒེར་རྒྱུད་དུར་ཁྲོད་ཐོད་ནག ལུང་ལྷ་མོ་གནས་མཁར་སོགས་ལ་བརྟེན་པའི་མན་ངག་གཏེར་མའི་ཕྱོགས་ལས་ཀྱང་འབྱུང་བ་རྣམས་དང་། ལྗོན་ཤིང་དང་གླང་པོ་བརྟག་པ་བོད་དུ་མ་འགྱུར་ལ། ས་འོག་གི་གཏེར་བརྟག་པའང་རྒྱུད་སྡེ་འགའ་ཞིག་ལས་ཕྱོགས་མཚོན་གསུངས་པ་ཙམ་ལས་རྒྱ་གཞུང་ཁུངས་ཐུབ་མ་འགྱུར། རྟ་བརྟག་པ་དྲང་སྲོང་གིས་བྱས་པའི་ཤ་ལི་ཧོ་ཏྲ་དང་། གྲུ་གུ་སེང་མདོ་འོད་ཆེན་གྱིས་བསྒྱུར་བའི་མེ་ལོང་སྐོར་གསུམ་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་སོགས་པ་རྗེ་བློན་བཅུ་གསུམ་གྱིས་བྱས་པའི་བསྟན་བཅོས་སོ་སོ་བ་རྣམས་དང་། མི་དཔྱད་ཐོར་བུ་དང་ཁྱད་པར་རྒྱུད་སྡེ་ལས་བཤད་པའི་རྣལ་འབྱོར་ཕོ་མོ་བརྟག་པ། གསང་སྔགས་རྙིང་མའི་མཁའ་འགྲོ་བརྟག་འབུམ་ལས་བཤད་པའི་བུད་མེད་བརྟག་པ་བཅས་བརྒྱད་དང་། ཤེས་རབ་སྡོང་བུར། མི་ཡི་ཆོས་ལུགས་ལེགས་སྤྱད་ན།།ལྷ་ཡུལ་འགྲོ་བ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་ཡོད། །ཅེས་གསུངས་པ་ལྟར་གཙུག་ལས་གཉིས་ཀྱི་ཐུན་མོང་རྩ་བའམ་ཐོག་མར་འཇུག་པའི་གཞི་ལུགས་ཀྱི་བསྟན་བཅོས་བཤེས་པའི་སྤྲིང་ཡིག ཤེས་རབ་བརྒྱ་བ། ཤེས་རབ་སྡོང་བུ། སྐྱེ་བོ་གསོ་ཐིག ཚིགས་སུ་བཅད་པའི་མཛོད། ཚིགས་སུ་བཅད་པ་བརྒྱ་བ། དྲི་མ་མེད་པའི་དྲིས་ལན། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་མ་སུ་རཀྵས་མཛད་པ་དང་། དེ་དག་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ས་སྐྱའི་ལེགས་བཤད། གཞན་ཡང་བོད་དུ་རྒྱལ་བ་ཏེ་ནེ་དང་འབྲོམ་སྟོན་པས་མཛད་པའི་ལྷ་ཆོས་མི་ཆོས་གནད་ཀྱི་ཕྲེང་བ་སོགས་ལའང་མཁས་པར་བྱ་དགོས་པ་དང་། གཞན་ཡང་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི། བྱེ་བྲག་རྟོགས་བྱེད་དུ། བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་ནི། ཡི་གེ། ལག་རྩིས། གྲངས། རྩིས་ཆེན། ཐོར་ཚུགས། གོམ་སྟབས། ལྕགས་ཀྱོས་བསྒྱུར་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། བཅད་པ། ལ་བ། དབུས་པ། རྒྱང་ནས་འཕོག་པ། སྒྲ་གྲགས་པར་འཕོག་པ། གནད་དུ་འཕོག་པ། མི་ཚོར་བར་འཕོག་པ། ཆེ་བར་འཕོག་པ། མཆོངས་པ། གྱད་ཀྱི་འཛིན་སྟངས། བང་རྐྱལ། རྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ་གཞུ། གྱད་སྟོབས་དང་སུམ་ཅུའོ། །

རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། བྲོ། རྔ་བོ་ཆེ། རྫ་རྔ། རྔ་ཕྲན། རྔ་ཆེན་པོ། འཁར་རྔ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་སིལ་ཁྲོལ། འཁར་བའི་སིལ་ཁྲོལ། པི་ཝང་རྒྱུད་གསུམ་པ། རྔ་མུ་ཀུནྡ། སིལ་སྙན་གླུ་དབྱངས་དང་བསྟུན་པ། ཕེག་རྡོབ། རོལ་མོའི་སྒྲ། པི་ཝང་། གླིང་བུ་དང་བཅོ་བརྒྱད་དོ། །

གླུ་དབྱངས་ཀྱི་ངེས་པ་བདུན་ནི། བར་མ། དྲང་སྲོང་། ས་འཛིན། དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་དང་བདུན་ནོ། །

གར་གྱི་ཆ་བྱད་དགུ་ནི། སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་གད། འཇིགས་རུང་། སྙིང་རྗེ། སྔགས་པ། ཞི་བ་དང་དགུའོ། །ཞེས་བཤད་ཅིང་། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ལུང་ཕྲན་ཚེགས་ཀྱི་རྒྱ་ཆེར་འགྲེལ་དུའང་དེ་དང་འདྲ་མིན་གསུངས་པ་ལ་སོགས་པ་རྣམས་བཟོ་གནས་ཕལ་པ་གཙོ་བོར་ཡིད་སྔོན་དུ་འགྲོ་བའི་བྱ་བ་ཅན་ཡིན་ལ། དེ་ཐམས་ཅད་ཀྱང་བསྡུ་ན་སྡེ་བཞིར་འདུ་བ་ཡིན་ཏེ། དེ་ལ་ནོར་རམ་དོན་གྱི་སྡེ་ནི་ཐོས་པ་ལ་སོགས་པ་དང་། རྫས་ཀྱི་དངོས་པོ་ཚོང་དང་རིན་པོ་ཆེ་ལ་སོགས་པ་ལོངས་སྤྱོད་བརྩོན་པས་གྲུབ་ཅིང་། བསགས་པ་རྣམས་བསྲུང་བའོ། །འདོད་པའི་སྡེ་ནི། ངན་འགྲོ་མ་ཡིན་པ་ལྷ་མི་སོགས་ཀྱི་འདོད་པའི་ཡོན་ཏན་ཡུལ་ལ་ཉེ་བར་སྤྱོད་པའི། །ཆོས་ཀྱི་སྡེ་ནི། མངོན་མཐོ་མཐོ་རིས་གསུམ་དང་། ངེས་ལེགས་བྱང་ཆུབ་གསུམ་གྱི་རྒྱུ་སྟེ་དཀར་པོའི་ཆོས་མཐའ་ཡས་པའོ། །ཐར་པའི་སྡེ་ནི། སྡུག་བསྔལ་རྒྱུ་འབྲས་ལས་ལྡོག་པའི་ཐེག་པ་གསུམ་གྱི་བྱང་ཆུབ་བོ། །དང་པོ་གཉིས་འཁོར་བའི་དབང་དུ་བྱས་ཏེ། འདོད་པ་དོན་དུ་གཉེར་བ་དག་དེའི་རྒྱུར་ནོར་སྒྲུབ་པ་དང་། ཕྱི་མ་གཉིས་མྱང་འདས་ཀྱི་དབང་དུ་བྱས་ཏེ། ཐར་པ་དོན་གཉེར་རྣམས་ཆོས་བསྒྲུབ་པ་ལ་བརྩོན་པའི་ཕྱིར་རྒྱུ་འབྲས་ཕྲུགས་གཉིས་ཀྱི་ཚུལ་དུ་གནས་པའོ། །སོགས་ཁོངས་ནས་ཤེས་བྱའི་རྣམ་གྲངས་ཇི་སྙེད་ཐམས་ཅད་ཡིད་ཀྱི་བཟོར་འདུས་ཏེ། ཀུན་མཁྱེན་དྲི་མེད་འོད་ཟེར་རྒྱིས། འགྲོ་བ་དྲུག་དང་སྐྱེ་བ་རྣམ་པ་བཞི། །བཞི་དྲུག་དུས་བཅུ་དངོས་པོ་བཅུ་བདུན་དང་། །ཡོ་བྱད་བཅུ་བཞི་རྗེས་སུ་སྤྱོད་པ་བརྒྱད། །འཇིག་རྟེན་སྤྱོད་བཅུ་གཏམ་ནི་རྣམ་པ་གསུམ། །ཉེས་རྩོམ་ཉེར་གཉིས་དེ་བཞིན་སེམས་ཅན་རིགས། །དྲུག་ཅུ་རྩ་གསུམ་དུས་བརྒྱད་འཇུག་པ་བཞི། །འཚོ་བ་དྲུག་དང་ཀུན་ནས་བཟུང་བ་དྲུག །ང་རྒྱལ་བདུན་དང་རྒྱགས་པ་རྣམ་པ་བདུན། །ཐ་སྙད་བཞི་དང་ཐ་སྙད་མང་པོའི་གཞི། །མཁས་པ་དྲུག་དང་བཀའ་ཡི་དངོས་པོ་དགུ། །འཁོར་གྱི་དངོས་པོ་བརྒྱད་ལ་སོགས་པར་གྲགས། །ཞེས་པ་ལ་སོགས་པ་གསུངས་སོ། །

སྡེ་ཚན་འདིའི་ནང་དུ་བར་སྐབས་སུ་ཤོག་ངོས་སམ་བརྙན་རིས་མི་འདུག།