Category:བཀའ་རྒྱུད་པ་

ཡོང་ཁུངས་Wikipedia

༄༅།།བཀའ་བརྒྱུད་པ། རྩོམ་པ་པོ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།

༅། ། ངེས་དོན་ཟབ་མོའི་བདུད་རྩིས་ཆེར་མྱོས་པས། ། གཉུག་མ་འོད་གསལ་དོན་དམ་གཤིས་ཀྱི་ངང་། ། ལྡང་འཇུག་སྤྲོས་པ་མེད་པར་རྟག་མནལ་བ། ། བཀའ་བརྒྱུད་པར་གྲགས་གྲུབ་མཐའི་བྱུང་བ་གླེང་། །བཀའ་བརྒྱུད་པ་བྱུང་ཚུལ་ལ་གསུམ། བཀའ་བརྒྱུད་པ་སོ་སོའི་བྱུང་ཚུལ་དང་། དེ་དག་གི་ལྟ་སྒོམ་སོགས་ཀྱི་རྣམ་གཞག དེ་ལ་ཅུང་ཟད་དཔྱད་པའོ། །

(༡) བཀའ་བརྒྱུད་པའི་མིང་བྱུང་ཚུལ།

༄༅། ། དུས་ཕྱིས་ཀྱི་འབྲུག་པའི་ཡི་གེ་འགའ་ཞིག་ན། མར་མི་དང་། གླིང་རས་པ་སོགས་ན་བཟའ་དཀར་པོ་གསོལ་བ་ཙམ་ལ་བསམས་དཀར་འཐད་བརྒྱུད་ཅེས་བྲིས་པའང་སྣང་མོད། བཀའ་བརྒྱུད་ཅེས་སོགས་ཡོངས་སུ་གྲགས་པ་འཐད་དེ། བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་ཡིན་པས། དེ་སྐད་དུ་གྲགས་པས་སོ། །

(༢) བཀའ་བརྒྱུད་སྤྱིའི་བྱུང་ཚུལ།

༄༅། ། བཀའ་བརྒྱུད་པ་ལ། མར་བའི་བརྒྱུད་འཛིན་དང་། ཁྱུང་པོའི་བརྒྱུད་འཛིན་གཉིས་བྱུང་བ་ལས། རྡོ་རྗེ་འཆང་ནས་ཏེ་ལོ་ནཱ་རོའི་བར་དུ་བྱོན་པའི་བཀའ་བབས་ཀྱི་གདམས་པ་རྣམས་མར་བ་ལ་མངའ་བས། དེའི་ཆོས་བརྒྱུད་འཛིན་པ་རྣམས་ལ་བཀའ་བརྒྱུད་པ་ཞེས་ཟེར་རོ། །

བཀའ་བབས་ཀྱི་གདམས་པ་བྱོན་ཚུལ་ནི། ཏེེ་ལོ་བ་བཀའ་བབས་བཞིའི་གདམས་པ་མངའ་སྟེ། རྡོ་རྗེ་འཆང་། རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཀླུ་ལས་གྱུར་པའི་རྣལ་འབྱོར་མ། ས་བདག་བྷི་ས་ཀལྤ། ས་ར་ཧ། ཀླུ་སྒྲུབ་ཞསབ། ཏེེ་ལོ་བ་སྟེ། གསང་འདུས་དང་། གདན་བཞི་དང་། ཆོས་དྲུག་གི་སྒྱུ་ལུས་དང་། འཕོ་བའི་བཀའ་བབས་དང་། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། ཙཪྻ་ཡ་པ། ཏེེ་ལོ་བ་སྟེ། སྒྱུ་མ་ཆེན་པོ་དང་། ཆོས་དྲུག་གི་རྨི་ལམ་གྱི་བཀའ་བབས་དང་། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཌོམྲི་ཧེ་རུ་ཀ། བྷི་ན་བཛྲ། ལྭ་བ་པ། ཏིལ་བརྡུང་ཞབས་ཏེ། བདེ་མཆོག་སོགས་མ་རྒྱུད་མཐའ་དག་དང་། ཆོས་དྲུག་གི་འོད་གསལ་གྱི་བཀའ་བབས་དང་། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། པདྨ་བཛྲ། ཌྰ་ཀི་མ་སྐལ་བ་བཟང་མོ། ཏེེ་ལོ་བ་སྟེ། དགྱེས་པ་རྡོ་རྗེ་དང་། ཆོས་དྲུག་གི་གཏུམ་མོའི་བཀའ་བབས་རྣམས་སོ། ། བཀའ་བབས་བཞིའི་ངོས་འཛིན་དང་གོ་རིམ་ཅུང་ཟད་མི་འདྲ་བ་འགའ་རེ་ཡང་སྣང་ངོ་། །

མཁས་གྲུབ་ཁྱུང་བོ་ལ་ཡང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་སོགས་ལས་བྱུང་བའི་བཀའ་བབས་ཀྱི་གདམས་པ་མངའ་བས་དེའི་བརྒྱུད་འཛིན་རྣམས་ལའང་བཀའ་བརྒྱུད་པར་འབོད་དོ། ། དེ་ལྟ་ན་བཀའ་བརྒྱུད་པ་ལ་གཉིས་ཏེ། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་དོ། །

(༣)བཀའ་བརྒྱུད་སོ་སོའི་མིང་བྱུང་ཚུལ།

<༡>ཤངས་པ་བཀའ་བརྒྱུད།

༄༅། ། སྔ་མ་གོང་ལ་ཟེར་ནི་མཁས་གྲུབ་ཁྱུང་བོ་ལས་བརྒྱུད་པ་སྟེ། དེ་ནི་རུས་ཁྱུང་བོ་གཞོན་ནུའི་དུས་བོན་ལ་ཞུགས་པས་ཐུགས་ལམ་འཐད་པ་རྫོགས་ཆེན་བསླབས། དེ་ལའང་ཐུགས་བློ་མ་ཁེལ་བར་བལ་བོར་སུ་མ་ཏི་ལ་ལོ་ཙཱ་བསླབས་ནས་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་དུ་བྱོན། ལོ་ལྔ་བཅུ་ཙམ་གྱི་རིང་ལ་རྒྱ་བལ་བོད་གསུམ་དུ་འབྱོན་བཞུད་མཛད། རྒྱ་བལ་དུ་བླ་མ་མཁས་པ་དང་གྲུབ་པ་ཐོབ་པ་བརྒྱ་དང་ལྔ་བཅུ་བསྟེན་ནས། མདོ་སྔགས་ཀྱི་གཞུང་དང་མན་ངག་མཐའ་ཡས་པ་ཐུགས་སུ་ཆུད། ཐུན་མོང་གི་བླ་མ་རྡོ་རྗེ་གདན་པ་ཆེན་པོ། མེེ་ཏྲི་བ། སྦས་པའི་རྣལ་འབྱོར། རཱ་ཧུ་ལ་སྟེ་བཞི། ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ། སུ་ཁ་སི་ངྔྷི་སྟེ་དྲུག་པོ་དེ་གཙོ་བོར་མཛད། ནི་གུ་མ་ནི་ནཱ་རོ་བའི་ལྕམ་ཡིན་ལ་འཇའ་ལུས་བརྙེས་ནས་མཁའ་འགྲོའི་ཚོགས་དཔོན་ལ་འབྱོན་པ་དང་མཇལ། སྒྱུ་ལུས་ཀྱི་ལམ་གྱི་དབང་དང་། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། སྒྱུ་མ་ལམ་རིམ་སོགས་གདམས་པ་མང་དུ་གསུངས། མེེ་ཏྲི་བ་ལས་ཡེ་ཤེས་མགོན་པོའི་ཆོས་སྐོར་གསན། བོད་དུ་བྱོན་ནས་གླང་རི་ཐང་བ་ལས་བསྙེན་པར་རྫོགས། འཕན་ཡུལ་འཇོག་པོ་རི་ལ་བཞུགས་སྐབས། རྒྱ་གར་ནས་བླ་མ་རཱ་ཧུ་ལ་གུཔྟ་བཛྲ་ཆོས་སྒོ་སྐྱེལ་དུ་བྱོན་ནས་རྒྱུད་སྡེ་ལྔའི་དབང་དང་། མགོན་པོའི་སྐོར་སོགས་སྤྱི་ལ་གྲགས་པ་དང་མ་གྲགས་པའི་གདམས་པ་མཐའ་ཡས་པ་གནང་། མཁའ་འགྲོས་ལུང་བསྟན་པ་བཞིན་གཡས་རུ་ཤངས་སུ་བྱོན་ནས་ལོ་གསུམ་གྱི་ནང་དུ་ཞང་ཞང་གི་དགོན་པས་གཙོས་པའི་དགོན་པ་བརྒྱ་རྩ་བརྒྱད་བཏབ། དེ་ཕྱིན་ནས་ཤངས་པ་བཀའ་བརྒྱུད་དུ་གྲགས། གྲྭ་བ་ཁྲི་ཚོ་བརྒྱད་འདུས། དེར་ལོ་སུམ་ཅུའི་རིང་འགྲོ་དོན་མཛད། སྐུ་ལུས་ཀྱི་བཀོད་པ་བརྒྱ་རྩ་བརྒྱད་གཅིག་ཅར་སྟོན་པ། རི་བྲག་ལ་ཐོགས་མེད་དུ་བཞུད་པ། བུམ་པའི་ནང་དུ་ཞག་བདུན་བཞུགས་པ། ནམ་མཁའ་ལ་བཞུགས་ནས་ཆོས་གསུངས་པ་སོགས་ཡ་མཚན་པའི་རྣམ་ཐར་མང་། སློབ་མ་བསམ་གྱིས་མི་ཁྱབ་ཀྱང་གཙོ་བོ་ནི། སྨེའུ་སྟོན་པ། གཡར་པོ་རྒྱ་མོ་ཆེ། རྡུལ་སྟོན་རིན་དབང་། ལ་སྟོད་དཀོན་མཆོག་མཁར། རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས། ཞང་སྒོམ་ཆོས་སེང་རྣམས་ཡིན། རྨོག་ལྕོགས་པའི་སློབ་མ་སྐྱེར་སྒང་བ་ཆོས་ཀྱི་སེང་གེ། དེའི་སློབ་མ་གཉན་སྟོན་ཆོས་ཀྱི་ཤེས་རབ། དེའི་སློབ་མ་སངས་རྒྱས་སྟོན་པ་སྟེ་དེ་ཡན་ཆད་ལ་བརྒྱུད་པ་རིན་ཆེན་བདུན་བརྒྱུད་ཟེར།

སངས་རྒྱས་སྟོན་པའི་སློབ་མ་ཨའི་སེང་གེས་གདན་ས་བསྐྱངས། ཤངས་སྟོན་གྱིས་འཇག་དང་། མཁས་བཙུན་གཞོན་ནུ་གྲུབ་ཀྱིས་བསམ་སྡིངས་བཏབ་པས་འཇག་བསམ་གཉིས་སུ་གྱེས། ཤངས་སྟོན་གྱི་སློབ་མ་རྒྱལ་མཚན་འབུམ། དེའི་སློབ་མ་འཇག་ཆེན་བྱམས་པ་དཔལ་ལ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ཀྱང་། ཤངས་ཆོས་འགའ་ཞིག་གསན་ཅིང་། འཇག་པའི་སློབ་བརྒྱུད་མུས་ཆེན་མཁའི་རྣལ་འབྱོར་བ་ལ་མཁས་གྲུབ་ཐམས་ཅད་མཁྱེན་པས་མགོན་པོ་ཕྱག་དྲུག་པའི་ཆོས་སྐོར་སོགས་གསན་ནོ། ། ཕ་རྒོད་ཀུན་དགའ་བཟང་པོས་རྟ་ནག་རྡོ་རྗེ་གདན་བཏབ་ཅིང་། དེའི་སྲས་དྲན་ཆོས་དོན་ཡོད་རྒྱལ་མཚན་དང་། དེའི་སྲས་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡབ་རྗེ་ཀུན་དགའ་རྒྱལ་མཚན་དང་། ཕྱིས་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོར་གྲགས་པ་ཡང་ཤངས་པའི་ཆོས་བརྒྱུད་འཛིན་པ་དང་འདྲ་བས་ལྕགས་ཟམ་ཕྱོགས་སུའང་ཤངས་ཆོས་དར་བར་སྣང་ངོ་།།

ཤངས་ཆོས་གཙོ་བོར་གྱུར་པ་ནི། བདེ་མཆོག ཀྱེེ་རྡོར། མ་ཧཱ་མཱ་ཡཱ། གསང་འདུས། རྡོ་རྗེ་འཇིགས་བྱེད་དེ་རྒྱུད་སྡེ་ལྔའི་སོ་སོའི་དབང་དང་། སྡོམ་པའི་དབང་། སྒྱུ་ལུས་དབང་མོ་ཆེ། མཁའ་སྤྱོད་བཀའ་ལྔ། ནི་གུའི་ཆོས་དྲུག སྒྱུ་མ་ལམ་རིམ། འཆི་མེད་འཁྲུལ་འཁོར། ལམ་ཁྱེར་སུ་ཁའི་སྐོར་སོགས། ཕྱག་ཆེན་གྭའུ་མ། ཡེ་ཤེས་མགོན་པོའི་ཆོས་སྐོར། བདེ་མཆོག་ལྷ་ལྔ། ཕག་མོ་གསང་སྒྲུབ། སྤྱན་རས་གཟིགས། རྣམ་འཇོམས། ཕྱག་རྡོར། མི་གཡོ་བ་སོགས་ཀྱི་དབང་བཀའ། སྐྱེར་སྒང་ལུགས་ཀྱི་སྤྱན་རས་གཟིགས་དང་རྟ་མགྲིན་སོགས་ཏེ། གྲུབ་མཐའ་ཐམས་ཅད་ལ་ཁྱབ་ཆེའོ། །

ཕྱག་ཆེན་གྭའུ་མ་ཞེས་པ་བདེ་བ་དང་། སྟོང་པ་གྭའུ་ཁ་སྦྱོར་བཞིན་དབྱེར་མེད་དུ་བསྒོམས་ནས་འོད་གསལ་མངོན་དུ་བྱེད་པའི་གདམས་པ་སྟེ། དྭགས་པོ་བཀའ་བརྒྱུད་ཀྱི་ཕྱག་ཆེན་དང་གནད་གཅིག་པར་སྣང་། མཁས་གྲུབ་ཁྱུང་པོས་མཛད་པའི་གཞུང་ཆེ་རིགས་མི་འདུག་པས། ལྟ་བའི་བཞེད་ཚུལ་ཞིབ་ཏུ་མ་ཤེས་ལ། བླ་མགོན་དབྱེར་མེད་ཀྱི་སྒྲུབ་ཐབས་སུ་རྟོགས་པ་སྐྱེས་ཚད་སྡོང་པོ་རྩ་བ་ནས་བཅད་པ་བཞིན་ཐག་ཆོད་ན་ཞེས་དང་། སྣང་སྲིད་རང་གྲོལ་ཞེས་དང་། ཡིད་ལ་བྱར་མེད་ཅེས་སོགས་ཀྱི་ཚིག་རིས་ནི་ཕྱག་ཆེན་པ་དག་གི་ཟེར་སྒྲོས་དང་མཚུངས་པར་སྣང་ངོ་། །

<༢>དྭགས་པོ་བཀའ་བརྒྱུད།

༄༅། ། དྭགས་པོ་བཀའ་བརྒྱུད་ནི། མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལས་བྱུང་བ་ཡིན་ཏེ། དང་པོ་འབྲོག་མིའི་དྲུང་དུ་ལོ་ཙཱ་བསླབས། ཕྱིས་སུ་རྒྱ་གར་དུ་ལན་གསུམ་བལ་པོར་ལན་བཞིན་བྱོན། པཎ་ཆེན་ནཱ་རོ་བ། མངའ་བདག་མེེ་ཏྲི་བ། དཔལ་ཡེ་ཤེས་སྙིང་པོ། གྲུབ་ཆེན་ཞི་བ་བཟང་པོ་ལ་སོགས་པའི་མཁས་གྲུབ་ཀྱི་བླ་མ་བརྒྱ་རྩ་བརྒྱད་ལ་གཏུགས། གསང་བ་འདུས་པ་ལ་སོགས་པའི་རྣལ་འབྱོར་ཕ་མའི་རྒྱུད་ཀྱི་བཤད་པ་གདམས་ངག་ལག་ལེན་དང་བཅས་པ་ཞིབ་ཏུ་སྦྱངས། མེེ་ཏྲི་བ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཐར་ཐུགས་པ་ཐུགས་ལ་འཁྲུངས། བོད་དུ་བྱོན་ནས་སློབ་མ་མང་དུ་བསྐྱངས་པ་ལས། གཙོ་བོ་ནི་ཀ་ཆེན་བཞིར་གྲགས་པ་སྟེ། རྔོག་སྟོན་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་ངེ་། མེས་སྟོན་ཚོན་པོ། མི་ལ་རས་པ་རྣམས་སོ། །

དེ་དག་ལས་མེས་རྔོག་མཚུར་གསུམ་ལ་བཤད་རྒྱུན་གྱི་བཀའ་བབས་པས། སློབ་བརྒྱུད་རིམ་པར་བྱོན་པ་རྣམས་ཀྱིས། གསང་བདེ། དགྱེས་རྡོར། གདན་བཞི། མ་ཧཱ་མཱ་ཡཱ་སོགས་ཀྱི་དབང་དང་བརྒྱུད་ཀྱི་བཤད་པ་རྒྱ་ཆེར་སྤེལ་ཞིང་། མཚུར་སྟོན་དབང་གི་རྡོ་རྗེ་ལས་བརྒྱུད་པའི་གསང་བ་འདུས་པའི་དབང་དང་རྒྱུད་ཀྱི་བཤད་པ་བུ་སྟོན་ཐམས་ཅད་མཁྱེན་པ་དང་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་བྱོན་པ་ཡིན་ནོ། །

རྗེ་བཙུན་མི་ལ་རས་པ་ལ་སྒྲུབ་པའི་བཀའ་བབས་པ་ཡིན་ལ། དེ་ཉིད་མངའ་རིས་གུང་ཐང་དུ་འཁྲུངས། ཡབ་གཤེགས་སྔ་བར་བརྟེན་ཨ་ཁུ་དང་ཨ་ནེས་ཤིན་ཏུ་མནར་བས་མ་བཟོད་པས་མཐུ་བསླབས་ནས་དགྲ་མང་པོ་བསད། སླད་ནས་སྡིག་པ་ལ་འགྱོད་དེ་མར་བའི་དྲུང་དུ་བྱོན། སྡིག་པ་སྦྱོང་བའི་ཆེད་དུ་རེ་ཞིག་ཆོས་མ་གནང་བར་མཁར་ལས་སོགས་དཀའ་སྤྱད་མང་པོ་བྱེད་དུ་བཅུག་པའི་མཐར་དབང་དང་གདམས་ངག་རྫོགས་པར་གནང་། མོད་ལ་སྙིང་རུས་དང་དཀའ་སྤྱད་དྲག་པོས་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས། སློབ་མ་གྲུབ་ཐོབ་རས་རྐྱང་གྱོན་པ་བྱ་ཁྱུ་འཕུར་བ་ལྟ་བུ་བྱོན་པ་ལས་གཙོ་བོར་གྱུར་པ་ནི། ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང་། ཟླ་བ་ལྟ་བུ་རས་ཆུང་བ་གཉིས་སོ། །

རས་ཆུང་བ་རྒྱ་གར་དུ་ལན་གཉིས་བྱོན་པའི་སྐབས། བླ་མ་ཝ་ལ་ཙནྡྲ་ལས་ཕྱག་རྡོར་གཏུམ་པོ་ཁྱུང་ཤམ་ཅན་གྱི་གདམས་པ་གསན། ཕྱི་མ་རྗེ་བཙུན་གྱི་བཀའ་ལས་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུ་ཡོད་པ་ལས་ལྔ་མར་བས་གདན་དྲངས། ད་དུང་བཞི་ཡོད་པ་ཁྱོད་སོང་ལ་ལོངས་ཤིག་གསུངས་པས། རས་ཆུང་བ་རྒྱ་གར་དུ་ཕྱིན་ནས་ནཱ་རོ་དང་མེེ་ཏྲི་གཉིས་ཀའི་དངོས་སློབ་ཏི་ཕུ་བ་ལ་ཞུས། གཞན་ཡང་གདམས་ངག་མང་དུ་གསན་ནས། བོད་དུ་བླ་མ་མི་ལ་ལ་ཕུལ། མི་ལས་ངམ་རྫོང་སྟོན་པ་ལ་གནང་བས། དེས་ཡིག་སྣ་ཡང་བརྩམས། དེ་ནས་མཆེད་པ་ལ་བདེ་མཆོག་སྙན་བརྒྱུད། རས་ཆུང་བ་ཉིད་ནས་གཞན་ལ་མཆེད་པ་ལ་རས་ཆུང་སྙན་བརྒྱུད་དུ་གྲགས་སོ། །

མི་ལའི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་ནི། བཅོམ་ལྡན་འདས་ལ་མདོ་ཏིང་ངེ་འཛིན་རྒྱལ་པོ་ཞུ་མཁན་གྱི་ཟླ་འོད་གཞོན་ནུ་ཡིན་པར་བཤད། གཞོན་ནུའི་དུས་སྨན་བསླབས་ནས་མཁས་པར་གྱུར་པས་ལྷ་རྗེར་གྲགས། ཇོ་མོ་གཅིག་ཀྱང་ཁབ་ཏུ་བཞེས་པ་ལ་དགུང་ལོ་ཉི་ཤུ་རྩ་འགའ་བཞེས་དུས་ཇོ་མོ་དེ་འདས་པས་ཐུགས་སྐྱོ་སྟེ་བཀའ་གདམས་པའི་དགེ་བཤེས་ཤ་བ་གླིང་པ་ལས་བསྙེན་པར་རྫོགས། བྱ་ཡུལ་བ། སྙུག་རུམ་པ། ལྕགས་རི་གོང་ཁ་བ་རྣམས་ལ་བཀའ་གདམས་ཀྱི་ཆོས་མང་དུ་གསན། རྗེ་མི་ལའི་སྙན་པས་ཐུགས་འཕྲོག་སྟེ་མཇལ་དུ་བྱོན་པས་དགྱེས་བཞིན་དུ་རྗེས་སུ་བཟུང་སྟེ་གདམས་ངག་ཐམས་ཅད་རྫོགས་པར་གནང་ཞིང་བསྒོམས་པས་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས། བཀའ་གདམས་ཀྱི་ལམ་རིམ་དང་མི་ལའི་ཕྱག་ཆེན་གྱི་གདམས་པ་གཅིག་ཏུ་དྲིལ་ནས་ལམ་རིམ་ཐར་རྒྱན་མཛད། འདི་ནས་བཟུང་བཀའ་ཕྱག་ཆུ་བོ་གཉིས་ལ་འདྲེས་སུ་གྱུར། ཕྱག་རྒྱ་ཆེན་པོ་ལྷག་གཅིག་སྐྱེས་སྦྱོར་བྱ་བའི་ཁྲིད་རིམ་གྱིས་སློབ་མ་བཀྲི་བར་མཛད། མར་མི་སྒམ་པོ་ཕ་གསུམ་གྱི་རྣམ་པར་ཐར་པ་ནི་བསམ་གྱིས་མི་ཁྱབ་པས་འདིར་མདོ་ཙམ་ལས་འབྲིར་མ་ལངས་ཀྱང་། རྒྱས་པར་གཞན་དུ་ཤེས་སོ། ། མཉམ་མེད་དྭགས་པོ་ལྷ་རྗེའི་རྗེས་འབྲང་རྣམས་ལ་དྭགས་པོ་བཀའ་བརྒྱུད་པ་ཞེས་ཟེར་ཞིང་། དེ་ལ་ཡང་ནང་གསེས་ཀྱིས་ཕྱེ་ན། ཀརྨ་བཀའ་བརྒྱུད་དང་། དེ་བཞིན་དུ། ཕག་གྲུ་དང་། ཚལ་པ་དང་། འབྲི་གུང་བ་དང་། འབྲུག་པ་དང་། སྟག་ལུང་དང་། འབའ་རོམ་དང་། གཡའ་བཟང་དང་། ཁྲོ་ཕུའི་བཀའ་བརྒྱུད་རྣམས་སོ་སོར་གྱེས་སོ། །

【༡】ཀརྨ་བཀའ་བརྒྱུད།

ཀརྨ་བཀའ་བརྒྱུད་ནི། མཉམ་མེད་དྭངས་པོ་ལྷ་རྗེའི་སློབ་མ་ཀརྨ་བ་དུས་གསུམ་མཁྱེན་པའམ་ཁམས་པ་དབུ་སེ་ཞེས་གྲགས་པ་ལས་བརྒྱུད་པ་སྟེ། དེ་ནི་དགུང་ལོ་བཅུ་དྲུག་པ་ལ་ཏྲེ་བོ་མཆོག་གི་བླ་མ་ལས་རབ་ཏུ་བྱུང་། ཇོ་བོ་རྗེའི་སློབ་མ་ཡོལ་ཆོས་དབང་སོགས་བསྟེན་ནས་ཇོ་བོ་རྗེ་ནས་བརྒྱུད་པའི་གདམས་པ་གསན། དགུང་ལོ་བཅུ་དགུ་བ་ལ་དབུས་སུ་བྱོན་ནས་སྟོད་ལུང་རྒྱ་དམར་བ་དང་། ཕྱཱ་བ་ཆོས་ཀྱི་སེང་གེ་ལ་བྱམས་ཆོས་དང་དབུ་ཚད་གསན་ནས་མཁས་པར་བསླབས། ཤ་ར་བ་ལས་བཀའ་གདམས་ལམ་རིམ་དང་། པ་ཚབ་ལོ་ཙཱ་བ་ལས་དབུ་མ་གསན། མལ་འདུལ་འཛིན་ལས་བསྙེན་པར་རྫོགས་ཤིང་འདུལ་བ་བསླབས། དགུང་ལོ་སོ་གསུམ་པ་ལ་དྭགས་པ་ལྷ་རྗེ་དང་མཇལ་ཏེ་སྙིང་པོའི་དོན་ལ་སྒྲོ་འདོགས་ཆོད། ལོ་རོར་རས་ཆུང་བ་དང་མཇལ་ནས་ཆོས་དྲུག་སོགས་ནཱ་རོ་མེེ་ཏྲིའི་གདམས་ངག་ཇི་སྙེད་པ་གསན། གཞན་ཡང་བླ་མ་མང་པོ་ལས་གདམས་པ་དུ་མ་མནོས། དབེན་གནས་མང་པོར་སྒྲུབ་མ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། ཕྱིས་སུ་ཀརྨ་ལྷ་སྟེང་གི་དགོན་པ་བཏབ་པས་ཀརྨ་བ་ཞེས་ཐོགས་ཤིང་། མཚུར་ཕུར་ཡང་དགོན་པ་བཏབ། སྐལ་བཟང་གི་སངས་རྒྱས་དྲུག་པ་སེང་གེའི་རྣམ་འཕྲུལ་ཡིན་པར་བཤད་ཅིང་། སློབ་མ་སངས་རྒྱས་རས་ཆེན་དང་། དེའི་སློབ་མ་སྤོམ་བྲག་པ་སོགས་བྱུང་། དུས་གསུམ་མཁྱེན་པས་དབུ་ཞྭ་ནག་པོ་གསོལ་བས་ཞྭ་ནག་ཅན་དུ་གྲགས་ཟེར་ཡང་། ཀརྨ་པཀྴི་ལ་ཧོར་རྒྱལ་པོས་ལས་ཀའི་ཞྭ་ནག་པོ་ཞིག་ཕུལ་བས་དེ་ཕྱིན་གྱི་སྐྱེ་བརྒྱུད་རྣམས་ལ་ཞྭ་ནག་ཅན་དུ་གྲགས་པར་ངེས་སོ། །

དེང་སང་རྒྱལ་པོའི་བློན་པོ་རྣམས་ཀྱི་ལས་ཚན་ཆེ་ཆུང་ཞྭའི་ཏོག་གི་ཁྱད་པར་གྱིས་བྱེད་པ་འདི་ཆེན་པོ་ཆིང་གི་སྲིད་སྐྱོང་བའི་ལུགས་སྲོལ་གསར་བ་ཡིན་གྱི། ཧོར་དང་རྒྱའི་རྒྱལ་སྲིད་ཀྱི་དུས་སུ་ཞྭའི་དབྱིབས་ཀྱིས་འབྱེད་པས། རྒྱལ་པོའི་ཏི་ཤྲི་བཀུར་བ་རྣམས་ལ་ཞྭ་ནག་གསེར་མདོངས་ཅན་འབུལ་བའི་སྲོལ་ཡོད་པའི་དབང་གིས་ཡུང་ལོ་རྒྱལ་པོས་ཀྱང་བྱམས་ཆེན་ཆོས་རྗེ་སོགས་ལ་དབུ་ཞྭ་དེ་ལྟ་བུ་ཕུལ་སྣང་། དེས་ན་ཀརྨ་བ་ཚོས་ཞྭ་ནག་པོ་འདི་དུས་གསུམ་མཁྱེན་པ་ལ་མཁར་འགྲོ་མ་བྱེ་བ་འབུམ་གྱི་དབུ་སྐྲ་ལས་བྱས་ནས་ཕུལ་བ་ཡིན་ཟེར་བ་སོགས་ཆེ་བརྗོད་མང་པོ་སྒྲོགས་པ་ནི་སྒྲོ་བཏགས་ཀྱི་གཏམ་དུ་དོགས་སོ། ། དེ་བཞིན་དུ་རྟོགས་ལྡག་གྲགས་སེང་ལ་ལས་ཞྭ་དམར་པོ་བྱུང་བས་དེའི་བརྒྱུད་པ་ལ་ཞྭ་དམར་བ་ཟེར་བར་མངོན་ནོ། །

སྦོམ་བྲག་པའི་སློབ་མ་ཀརྨ་པཀྴི་སྟེ། ལ་ལས་དུས་གསུམ་མཁྱེན་པའི་སྐུ་སྐྱེ་ཟེར་ཡང་ས་ར་ཧའི་རྣམ་འཕྲུལ་དུ་གྲགས་པ་ལས་དུས་གསུམ་གྱི་སྐྱེ་བར་ལོ་རྒྱུས་ཁུངས་མ་རྣམས་སུ་མི་སྣང་། འོན་ཀྱང་ཀརྨའི་རབས་འདྲེན་པའི་དུས་སུ་གཉིས་པར་བྱེད་པ་འདྲའོ། །

པཀྴི་ཟེར་བ་སོག་སྐད་དུ་སློབ་དཔོན་ཟེར་བ་ཡིན་པས་ཧོར་ཡུལ་དུ་བྱོན་སྐབས་དེ་ལྟར་གྲགས་པ་ལས་མཚན་དངོས་ནི་ཆོས་ཀྱི་བླ་མ་ཞེས་པ་ཡིན་ནོ། ། པཀྴི་འདས་ཁར་གྲུབ་ཐོབ་ཨུ་རྒྱན་པ་ལས་གདན་ས་གཏད་ནས། ཉི་མ་ལ་སྟོད་ཕྱོགས་ནས་ཞྭ་ནག་པོའི་བརྒྱུད་པ་འཛིན་པ་ཞིག་འོང་། དེའི་བར་དུ་རྒྱལ་ཚབ་མཛོད་ཅེས་ཞྭ་ནག་གསེར་མདོངས་ཅན་ཨུ་རྒྱན་པའི་དབུ་ལ་བསྐྱོན། དེ་ནས་མི་རིང་བར་མྱ་ངན་ལས་འདས་ཏེ་སྐུའི་སྐྱེ་བ་ལ་སྟོད་མི་ལའི་འཁྲུངས་ཡུལ་དུ་བྱོན་པ་ནི་སྤྲུལ་སྐུ་རང་བྱུང་རྡོ་རྗེའོ། །

དེ་ལྟ་ན་ཀརྨ་རབས་དང་པོ་དུས་གསུམ་མཁྱེན་པ། གཉིས་པ་པཀྴི། དེ་ནས་སྤྲུལ་སྐུ་རིམ་པར་བྱོན་པ་སྟེ། གསུམ་པ་རང་བྱུང་རྡོ་རྗེ། བཞི་བ་རོལ་བའི་རྡོ་རྗེ། ལྔ་བ་དེ་བཞིན་གཤེགས། དྲུག་པ་མཐོང་བ་དོན་ལྡན། བདུན་པ་ཆོས་གྲགས་རྒྱ་མཚོ། བརྒྱད་པ་མི་བསྐྱོད་རྡོ་རྗེ། དགུ་བ་དབང་ཕྱུག་རྡོ་རྗེ། བཅུ་བ་ཆོས་དབྱིངས་རྡོ་རྗེ། བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ། བཅུ་གསུམ་པ་ད་ལྟ་བཞུགས་པའི་བདུད་འདུལ་གྲགས་པ་རྡོ་རྗེ་རྣམས་རིམ་པར་བྱོན་ནོ། །

ཞྭ་དམར་ཅན་ནི། རྗེ་བཙུན་ཏལླི་པའི་སློབ་མ་ཁོལ་པོ་དགའ་ཞེས་པ་ལས་ཚེ་འཕོས་ནས། ནཱ་རོ་བའི་སློབ་མ་ཛ་ལནྡྷཱ་རར་སྐྱེས་པ་བྲམ་ཟེ་ཀུན་རིག་བྱ་བ་ཞིག་བོད་དུ་འོངས་ནས་རྗེ་བཙུན་མི་ལ་དང་མཇལ། བལ་བོད་མཚམས་སུ་དཀའ་ཐུབ་ལ་གནས་པ་ཚེ་འཕོས་ཏེ། ཚུལ་ཁྲིམས་དཔལ་ཞེས་པར་འཁྲུངས། རྗེ་སྒམ་པོ་བ་དང་རས་ཆུང་བའི་སློབ་མར་གྱུར། དེའི་སྐྱེ་བ་དགེ་སློང་ནམ་མཁའ་རྗེ་དུས་གསུམ་མཁྱེན་པའི་སློབ་མར་གྱུར། དེའི་སྐྱེ་བ་བཀྲ་ཤིས་གྲགས་པ་པཤྐིའི་སློབ་མར་གྱུར། དེའི་སྐྱེ་བ་རྟོགས་ལྡན་གྲགས་པ་སེང་གེ་སྟེ། རྗེ་རང་བྱུང་རྡོ་རྗེ་སོགས་བླ་མ་མང་པོ་བསྟེན། མདོ་སྔགས་ཀྱི་གསན་པ་རྒྱ་ཆེ་ཞིང་། ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པ་མངའ། སློབ་མ་ཡང་གཡའ་སྡེ་པཎ་ཆེན་སོགས་མང་དུ་ཐོན། དེའི་སྐྱེ་བ་ཞྭ་དམར་སྤྲུལ་སྐུ་མཁའ་སྤྱོད་དབང་པོ། དེའི་སྐུ་སྐྱེ་ཆོས་དཔལ་ཡེ་ཤེས། དེའི་སྐྱེ་བ་ཞྭ་དམར་ཅོད་པན་འཛིན་པ་བཞི་བ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོ། དེ་ནས་དཀོན་མཆོག་ཡན་ལག གར་དབང་ཆོས་ཀྱི་དབང་ཕྱུག དཔལ་ལྡན་ཡེ་ཤེས་སྙིང་པོ། ཆོས་ཀྱི་དོན་གྲུབ། དེ་ནས་སྐྱེ་སྲིད་ཡིན་རྒྱུ་འགའ་ཞིག་བྱུང་། ཡང་རྒྱལ་ཚབ་དང་། དཔའ་བོ་དང་། སི་ཏུ་རྣམས་ཀྱི་སྐྱེ་བརྒྱུད་ཀྱང་སྣང་ངོ་།།

ཞྭ་དམར་ནག་གི་སྐྱེ་བརྒྱུད་དེ་རྣམས་ཕལ་ཆེ་བ་མཁས་པ་དང་གྲུབ་པའི་རྣམ་ཐར་ཅན་ཏེ་བསྟན་བཅོས་བརྩམས་པའང་མང་ལ། རང་བྱུང་རྡོ་རྗེས་རྩིས་ཀྱི་བསྟན་བཅོས་དང་། སངས་རྒྱས་ཀྱི་སྐྱེས་རབས་སོགས་བརྩམས་པ་དར་རྒྱས་ཆེ། མི་བསྐྱོད་རྡོ་རྗེ། ནང་དོན་རིག་གནས་ཐམས་ཅད་ལ་མཁས་པས་ལེགས་བཤད་ཀྱི་རྩོམ་པ་ཤིན་ཏུ་མང་། གཞན་ངོར་རྗེ་རིན་པོ་ཆེ་ལ་དགག་པ་མཛད་ཀྱང་། ཐུགས་ཀྱི་གཏིང་མོས་པས་སེ་ར་རྗེ་བཙུན་པ་ལ་གོ་ཤཱཀ་གི་ལན་བརྩམ་པའི་སྐུལ་མ་དང་། རང་ཉིད་ཀྱིས་བྱམས་པའི་དགོངས་པ་གཞན་སྟོང་དུ་བཀྲལ་ནས་ཕར་ཕྱིན་གྱི་ཡིག་ཆ་མཛད་པའང་། དགག་སྒྲུབ་གང་འོས་དགོས་གསུངས་པ་བཞིན། སེ་ར་རྗེ་བཙུན་པ་ཡབ་སྲས་ཀྱིས་དགག་ལན་སོགས་མཛད་ནས་ཕུལ་བས་ཐུགས་མཉེས་ཤིང་། ཕྱིས་སུ་རྗེ་རིན་པོ་ཆེའི་ཞལ་གཟིགས་ཀྱང་ཟེར། གང་ལྟར་ཡང་འགྱོད་བཤགས་དང་བསྟོད་པ་མཛད་འདུག

མི་བསྐྱོད་རྡོ་རྗེའི་སློབ་མ་དཔའ་བོ་གཙུག་ལག་ཕྲེང་བའང་མཁས་པར་བགྲང་དུ་རུང་བ་ཞིག་སྟེ། སྤྱོད་འཇུག་འགྲེལ་ཆེན་དང་། རྩིས་ཀྱི་བསྟན་བཅོས། ཆོས་འབྱུང་སོགས་མང་དུ་བརྩམས། སི་ཏུའི་སྐྱེ་བརྒྱུད་ཆོས་ཀྱི་ཉིན་བྱེད་བྱ་བས་ཁམས་སྡེ་དགེར་དཔལ་སྤུངས་ཆོས་སྡེ་བཏབ། དུས་ཕྱིས་ཐ་སྙད་རིག་གནས་ལ་འདི་ལས་མཁས་པ་མ་བྱུང་བ་ལྟ་བུ་སྣང་། གསར་འགྱུར་དང་འགྱུར་བཅོས་མཛད་པ་དང་། རིག་གནས་ཀྱི་རྩོམ་པའང་ཤིན་ཏུ་མང་། འོན་ཀྱང་དེའི་རྣམ་ཐར་ན་སི་ཏུ་དང་པོ་དབུ་མའི་ལྟ་བ་འཛིན་པ་ལ། རྙིང་མ་བ་ཞིག་གིས་ཇོ་ནང་བའི་ལྟ་བ་ལ་ཞུགས་ན་སྐུ་ཚེ་རིང་བར་ལུང་བསྟན་པས། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་དྲུང་དུ་ཕྱིན་ཆད་དབུ་མའི་ལྟ་བ་དོར་ནས་གཞན་སྟོང་གི་ལྟ་བ་འཛིན་པར་དམ་བཅས་སོ། ། ཞེས་འདུག་པ་ནི་དབུ་རུལ་བ་ཤངས་ཀྱིས་མ་ཚོར་བའི་རྣམ་ཐར་དུ་འདུག་གོ །

ཀརྨ་བ་རིམ་བྱོན་དེ་རེ་རེ་ལའང་སློབ་མ་དང་ཡང་སློབ་མང་དུ་བྱོན་པས་མཐའ་དབུས་ཐམས་ཅད་ཀརྨ་ཀཾ་ཚང་གི་ཆོས་བརྒྱུད་དང་དགོན་སྡེ་མང་དུ་འཕེལ་ལོ།། ཀརྨ་མི་བསྐྱོད་རྡོ་རྗེ་དང་། དཔའ་བོ་གཙུག་ལག་ཕྲེང་བ། འབྲུག་པ་པདྨ་དཀར་པོ་སོགས་ཀྱིས་དུས་ལ་བབས་ཤིང་དོན་དུ་འགྱུར་བར་གཟིགས་པ་ལྟ་བུའི་རིག་གནས་སོགས་ཀྱི་སྤྲོས་པ་རྒྱ་ཆེར་མཛད་པར་བརྟེན། དེ་ཕྱིན་ཆད་ཀར་འབྲུག་ཕལ་ཆེར་ཐ་སྙད་ཀྱི་སྤྲོས་པ་ལ་དབུ་འཁོར་ནས་སྔོན་གྱི་སྒྲུབ་ཚིགས་བཟང་པོ་དེ་ཅུང་ཟད་ཉམས་པར་སེམས། སྡེ་བ་རིན་སྤུངས་པའི་བརྒྱུད་པ་ནོར་བུ་བཟང་པོ། སེམས་དཔའ་གཞོན་ནུ་རྒྱལ་མཆོག་པའི་སྦྱིན་བདག་མཛད་ནས། བྱམས་ཆེན་དུ་བྱམས་སྐུ་ཆེན་པོ་བཞེངས་པ་སོགས་དགེ་ལྡན་པ་དང་ཡོན་མཆོད་ཡིན་ནའང་། དེའི་རྗེས་མ་ཀུན་བཟང་དོན་ཡོད་རྡོ་རྗེ་སོགས་སྲིད་སྡེ་ཁ་ཤས་དགེ་ལུགས་པ་ལ་ཤིན་ཏུ་མི་མོས་པས་སྐྱི་ཤོད་དུ་དམག་ཡང་ཡང་བཤམས་པ་སོགས་དགེ་ལྡན་པ་ལྷག་མེད་དུ་གཏོང་བའི་སྦྱོར་བ་མང་དུ་བརྩམས། སྙན་དངགས་མཁན་འཇིག་རྟེན་དབང་ཕྱུག་འབངས་གྱེན་ལོག་གིས་སྲིད་ཤོར་བས། ཀརྨ་ཚེ་བརྟན། དེའི་བུ་ཕུན་ཚོགས་རྣམ་རྒྱལ། དེའི་བུ་ཀརྨ་བསྟན་སྐྱོང་དབང་པོ་རྣམས་རིམ་པས་སྡེ་སྲིད་བྱས་ཏེ། དགེ་ལྡན་པ་མཆོད་ཡོན་ཤིན་ཏུ་འོ་བརྒྱལ་བར་བྱས་པ་ན། ལེགས་བཤད་ལས། མེ་ནི་ཐུར་དུ་ཁ་བསྟན་ན། ། སྟོན་པ་པོ་ཡི་ལག་པ་འཚིག། ཅེས་པའི་དཔེ་བཞིན། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་མཚོ་ཁ་ནས་བོད་དུ་བྱོན་ཏེ། དཔུང་ཤུགས་ཀྱིས་ཀར་སྲིད་ལྷག་མ་མེད་པར་བཅོམ། དེ་དུས་བསྟན་འཛིན་རྣམས་གྲུབ་མཐའི་ཉེ་རིང་མི་མཛད་པར་ཆགས་སྡང་རེ་དོགས་སོགས་ཀྱི་སྤྲོས་པ་དང་བྲལ་བའི་ཕྱག་རྒྱ་ཆེན་པོའི་ངང་ལ་བཞུགས་ཡོད་ན་སྦྱིན་བདག་གི་སྲིད་ཉམས་ཀྱང་། ཀར་བསྟན་ལ་འཕེལ་འགྲིབ་ཆེར་མི་འབྱུང་བ་གདོན་མི་ཟའོ། །

བོད་མཁས་པས། ཕྱག་ཆེན་བསྒོམས་པས་ཕྱག་ལས་ཇེ་མང་སོང་། ། ཟེར་བ་བཞིན། ཀརྨ་བསྟན་སྐྱོང་སོགས་ཀྱི་གྲོས་ངན་ལ་ཕུག་འཚང་ཞེ་གཏོགས་ཅི་རིགས་མཛད་མཁན་བྱུང་བར་བརྟེན། དེ་ནས་བཟུང་ཀར་བསྟན་ཉམས་དམས་པར་གྱུར། ལྷག་པར་ཕྱིས་སུ་བཀྲ་ཤིས་ལྷུན་པོར་སྡིག་ཅན་གྷོར་དམག་གིས་འཚེ་བར་བྱས་པའང་ཞྭ་དམར་སྤྲུལ་སྐུ་ཡིན་རྒྱུ་བ་ཆོས་གྲུབ་རྒྱ་མཚོའི་འདུན་གྲོས་ཡིན་ཚུལ་གྱི་དབང་གིས། འཇམ་དབྱངས་གོང་མའི་བཀའ་ཆད་ཀྱིས་ཡངས་པ་ཅན་སོགས་ཞྭ་དམར་བའི་སྡེ་དགོན་རྣམས་རོ་མེད་དུ་གྱུར་ནས། ད་ལྟའི་དུས་ཀར་བསྟན་ཆེར་ཉམས་པས་མཚུར་ཕུ་ན་ཞྭ་ནག་སྤྲུལ་སྐུ་དགེ་སྦྱོང་གི་ཆོས་བཞི་དང་དུ་ལེན་ཅིང་བཞུགས་པ་ཙམ་ལྷག་མར་ལུས་སོ། །

【༢】ཕག་གྲུའི་བཀའ་བརྒྱུད།

ཕག་གྲུའི་བཀའ་བརྒྱུད་ནི། མཉམ་མེད་དྭངས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོ་བཀའ་བརྒྱུད་ཀྱི་བདག་པོར་དབང་བསྐུར་བ་རྒྱལ་བ་ཕག་མོ་གྲུ་པ་ལས་བརྒྱུད་པ་སྟེ། དེ་ནི་མདོ་ཁམས་ལྷོ་རྒྱུད་དུ་འཁྲུངས། ལོ་བདུན་ལོན་པའི་ཚེ་གནས་པ་རང་འཁྲུངས་སུ་གྱུར། དགུང་ལོ་དགུ་བ་ལ་བྱ་ཁྱི་ལྷ་ཁང་བྱ་བར་མཁན་པོ་ལྷིང་ངེ་ཡན་ཐུབ་སུ་ཚུལ་ཁྲིམས་བྱ་བ་དང་། སློབ་དཔོན་ལྷིང་ངེ་འོད་ཟེར་རྒྱ་མཚོ་ལས་རབ་ཏུ་བྱུང་། མཚན་རྡོ་རྗེ་རྒྱལ་པོར་གསོལ། ཡི་གེ་དང་ལྷ་བྲིས་མ་བསླབས་པར་མཁྱེན། མཁས་སུ་བཞུགས་རིང་སློབ་དཔོན་བཅུ་དྲུག་ཙམ་བསྟེན། སྤྱོད་འཇུག་ལ་བཤད་པ་འགའ་རེ་ཡང་མཛད། དགུང་ལོ་བཅུ་དགུ་བ་ལ་དབུས་སུ་བྱོན། སྟོད་ལུང་དུ་དགེ་བཤེས་རྒྱ་དམར་བ་དང་། ཕྱྭ་བ་ཆོས་ཀྱི་སེང་གེ་ལ་ཆོས་གསན། ཉི་ཤུ་རྩ་ལྔ་བ་ལ་ཟུལ་ཕུར་བྱ་འདུལ་གྱིས་མཁན་པོ། རྒྱ་དམར་གྱིས་སློབ་དཔོན། ཨར་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། མཁན་སློབ་ལ་འདུལ་བ། གསང་སྟོན་ལ་ཕར་ཕྱིན། མྱང་བྲན་ལ་སྤྱོད་འཇུག་སོགས་གསན་པས་མཁས་པ་ཆེན་པོར་གྲགས། གཞན་ཡང་དམར་ཆོས་རྒྱལ་དང་། དཔལ་ཆེན་རྒྭ་ལོ་དང་། ས་ཆེན་ཀུན་སྙིང་དང་། འབྱིམས་ལོ་ཙཱ་བ་དང་། བྱང་སེམས་ཟླ་བ་རྒྱལ་མཚན་སོགས་བསྟེན་ནས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན། དེ་ནས་སྒམ་པོར་བྱོན་ནས་མཉམ་མེད་དྭགས་པོའི་དྲུང་དུ་གདམས་ངག་གསན་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཆོག་ཏུ་གྱུར་ཏེ། སྔར་གྱི་ཆོས་ཐམས་ཅད་ཕྱི་ཤུན་དང་སྦུན་པ་ལྟ་བུར་གྱུར་ཏོ་ཞེས་གྲགས། ཕག་མོ་གྲུ་པར་ཀུན་བཟང་ནགས་ཁྲོད་དུ་གདན་ས་མཛད་པས་འགྲོ་མགོན་ཕག་མོ་གྲུ་པ་དང་། རིན་ཆེན་སྤུངས་པའི་བྲག་རྩར་བཞུགས་པས་མཐའ་རྩ་བར་ཡང་གྲགས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་ངོ་བོ་གཅིག་པར་ཡང་ཞལ་གྱིས་བཞེས། སློབ་མ་བསྐྱངས་པས་གྲུབ་པའི་སྐྱེས་བུ་མང་དུ་ཐོན། གྲྭ་བ་བརྒྱད་བརྒྱ་ལ་གདུགས་ཐོགས་པ་ལྔ་བརྒྱ་བྱུང་ཞེས་གྲགས།

ཁྱད་པར་དུ་འཕགས་པའི་བུ་ཆེན་ནི། མོས་གུས་མཐར་ཐུག་སྟག་ལུང་ཐང་བ་བཀྲ་ཤིས་དཔལ། རྟོགས་པའི་མཐར་ཐུག་སྣ་ཕུ་བ་གླིང་རས་པདྨ་རྡོ་རྗེ། ཤེས་རབ་མཐར་ཐུག་སྤར་ཕུ་བ་བློ་གྲོས་སེང་གེ ། ནུས་པའི་མཐར་ཐུག་མཆན་བུ་རྒྱ་རས་རྣམས་ལ་མཐར་ཐུག་གི་བུ་བཞི་ཟེར། སྐལ་ལྡན་ཡེ་ཤེས་སེང་གེ རྟོགས་ལྡན་མི་ཉག་སྒོམ་རིངས། གྲུབ་ཐོབ་ཉག་རས་སེ་བོ། ཀུན་ལྡན་གཙང་པ་རས་ཆུང་རྣམས་ལ་གདམས་པའི་བུ་བཞི་ཟེར། ཆོས་རྗེ་འཇིག་རྟེན་མགོན་པོ། འབན་དྷ་ཕུག་པ། ཆོས་རྗེ་ལྡུམ། ཆོས་རྗེ་གཏུམ་རྣམས་ལ་རོ་གཅིག་རྟོགས་པ་ཕྱེད་དང་བཞི་ཟེར། གཤེན་སྒོམ་དཀར་བ། མྱང་གཤེན་གྲོང་བ། རྡོག་སེང་གེ་ཁ་བ། རྩི་ལུང་བ་རྣམས་ལ་ཐུགས་ཀྱི་སྲས་བཞི་ཟེར། རིན་པོ་ཆེ་ཤུག་རྩར་བ། ལྷ་དགེ་འདུན་སྐྱབས། གྲུ་གུ་སྟོན་པ་བློ་གྲོས་སེང་གེ རྒྱན་ཐང་བ་རྣམས་ལ་ཡི་གེ་མའི་བུ་བཞི་ཟེར། བླ་མ་དམར་བ། ཡེ་ཕུག་པ། དགྱེར་སྒོམ། དགེ་བའི་བཤེས་གཉེན་སེང་གེ་དཔལ་རྣམས་ལ་ཉེ་བའི་སྲས་བཞི་ཟེར། གཞན་ཡང་གྲུབ་པའི་སྐྱེས་བུ་བགྲང་ལས་འདས་པ་བྱུང་ཞིང་། གདན་ས་མཐིལ་དུ་འགྲོ་མགོན་གྱི་རྗེས་སུ་སྐྱུ་ར་རིན་པོ་ཆེས་ཅུང་ཟད་བསྐྱངས། དེ་རྗེས་རླངས་ལྷ་གཟིགས་ཀྱི་གདུང་ལས་འཁྲུངས་པ་སྤྱན་སྔ་གྲགས་པ་འབྱུང་གནས། དེ་ནས་རིམ་བཞིན་སྔ་ཐོག་བརྡུགས་པ། བཅུ་གཉིས་པ་རིན་ཆེན་རྡོ་རྗེ། རིན་པོ་ཆེ་གྲགས་པ་ཡེ་ཤེས། གཉིས་མཆོད་པ་གྲགས་པ་རིན་ཆེན། ཚེས་བཞི་རྙིང་མ་བ་གྲགས་པ་རྒྱལ་མཚན། བཅུ་གཉིས་གསར་མ་བ་གྲགས་པ་ཤེས་རབ། འདིའི་གཅེན་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་གི་བདག་པོ་བྱས། ཚེས་བཞི་གསར་མ་བ་གྲགས་པ་བྱང་ཆུབ། འདི་ཉིད་ཀྱི་རྟོགས་བརྗོད་རྒྱལ་བ་ཙོང་ཁ་པས་མཛད་པ་གསུང་ཐོར་བུ་ན་ཡོད། དེ་རྗེས་ཆོས་རྗེ་བསོད་ནམས་རྒྱལ་མཚན། སྤྱན་སྔ་དཔལ་ལྡན་བཟང་པོ། ཉེར་གཉིས་རིན་པོ་ཆེ་སོགས་མང་དུ་བྱོན་ནོ། ། ཁྱད་པར་དུ་ཆོས་རྗེ་བསོད་ནམས་རྒྱལ་མཚན་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་སློབ་མར་གྱུར་ཅིང་། ཆོས་དྲུག་གི་གདམས་པ་རྙིང་མ་དང་། རྗེའི་བཞེད་སྲོལ་ཆོས་དྲུག་གསར་མའི་གདམས་པ་གཉིས་ཀ་ཕྱོགས་གཅིག་ཏུ་དྲིལ་ཏེ་དོ་ཧ་དང་རིམ་ལྔ་སོགས་ཀྱི་ཁུངས་དང་སྦྱར་བའི་ཁྲིད་ཡིག་བདེ་ཆེན་གསལ་བའི་འོད་ཟེར་སྟོང་ལྡན་ཅེས་བྱ་བ་ཉམས་ལེན་མཁན་ལ་ཤིན་ཏུ་མཁོ་བ་ཞིག་མཛད་འདུག་གོ ། ཕག་གྲུའི་གདན་ས་འདི་ལས་བཀའ་བརྒྱུད་པའི་སྡེ་དགོན་ཤིན་ཏུ་མང་བར་མཆེད་དེ། འགའ་ཞིག་ནི་འོག་ཏུ་འཆད་དོ། །

【༣】ཞང་ཚལ་པ།

ཞང་ཚལ་པ་ནི། ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་ལས་བརྒྱུད་པ་སྟེ། དེ་ནི་སྐྱི་ཤོད་དུ་འཁྲུངས། མཚན་དར་མ་ཞེས་བཏགས། དགུ་ནས་བཅོ་བརྒྱད་ཀྱི་བར་ལ་མདོ་སྔགས་མང་དུ་གསན། དགུང་ལོ་ཉེར་དྲུག་པ་ལ་བསྙེན་པར་རྫོགས་ཏེ་བརྩོན་འགྲུས་གྲགས་པར་བཏགས། རྒྭ་ལོའི་དྲུང་དུ་གདམས་ངག་མང་དུ་གསན། དྭགས་པོའི་སློབ་མ་སྒམ་པོ་བ་ཚུལ་ཁྲིམས་སྙིང་པོ་དང་མཇལ་ཏེ་ཕྱག་རྒྱ་ཆེན་པོ་གསན་པས་བཀའ་བརྒྱུད་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་ངོ་བོ་རྗེན་པར་གཟིགས། གུང་ཐང་གི་གཙུག་ལག་ཁང་ལྷ་ཆེན་དང་བཅས་པ་བཞེངས། དགོས་པ་ཆེན་པོ་ལ་དགོངས་ནས་འཁྲུགས་པ་མང་པོར་མཛད་པ་ལ་སྐྱེ་བོ་ཐ་མལ་བ་དུ་མས་སྡིག་བསོགས་པས་ཀརྨ་དུས་གསུམ་མཁྱེན་པས་བཤོལ་བཏབ་པས། དེ་ཕྱིན་ཆད་འཁྲུགས་པ་མ་མཛད། གནས་བདུན་དུ་སྐུའི་འགྱུར་བ་བདུན་བསྟན་ནས་མཚན་བདུན་དུ་ཐོགས། ཆོས་སྐྱོང་བྱ་རོག་གིས་ཅི་བསྒོ་སྒྲུབ། རྣམ་པར་དཀར་བའི་འཕྲིན་ལས་མཐའ་ཡང་ཤིང་དོན་གཉིས་པ་ལ་མྱ་ངན་ལས་འདས། སློབ་མ་མང་དུ་བྱུང་བའི་གཙོ་བོ་ནི་ནམ་མཁའ་འོད་དང་། ཁ་རག་པ་འདུལ་བ་འོད། ལྷ་ཕྱུག་པ་ཉི་ཟླ་འོད། འབྲི་རབ་ཤཱཀྱ་འོད་དེ་བཞི་ཀས་དགོན་པ་བཏབ་ཅིང་། འདུལ་བ་འོད་ཀྱིས་ཁ་རག་ཏུ་ཀླུ་བཏུལ་དགོན་པ་བཏབ་པས། དེའི་དབོན་པོའི་རིང་ལ་གྲྭ་བ་ཁྲི་ཙམ་ཚོགས་ཟེར། གདན་ས་དངོས་མཉམ་མེད་ཤཱཀྱ་ཡེ་ཤེས་དང་། དེ་ནས་སློབ་དཔོན་བྱང་ཡེས། ལྷ་ཕྱུག་པ་ཉི་ཟླ་འོད། སངས་རྒྱས་འབུམ། སངས་རྒྱས་སྙིང་པོ། སངས་རྒྱས་རས་པ། གསེར་ཁང་སྟེང་པ་སོགས་ཀྱིས་བསྐྱངས། གཞན་ཡང་མར་བ་འོད་སོགས་བསྟན་པ་ལ་བྱ་བ་བྱེད་པའི་སྐྱེས་བུ་རིམ་པར་བྱོན་པས་ཚལ་པ་བཀའ་བརྒྱུུད་ཅེས་གྲགས་སོ། །

དཔོན་ཆེན་དར་མ་གཞོན་ནུ་དང་། སངས་རྒྱས་དངོས་གྲུབ་སོགས་ཚལ་པའི་དཔོན་ཆེན་རིམ་པས་སྲིད་བསྐྱངས་པ་དེ་སྲིད་དུ་བསྟན་པའང་མ་ཉམས་པར་གནས་ཀྱང་། ཕྱིས་སུ་ཚལ་པའི་སྲིད་ཉམས་གཙུག་ལག་ཁང་རྣམས་ལ་མེ་འཇིག་བྱུང་། ད་ལྟ་ནི་སྐུ་གསུང་ཐུགས་ཀྱི་རྟེན་དང་། མགོན་ཁང་སོགས་ཡོད་པ་ཙམ་མོ། །

【༤】འབྲི་གུང་པ།

འབྲི་གུང་བ་ནི། སྐྱོབ་པ་འཇིག་རྟེན་མགོན་པོ་ལས་བརྒྱུད་པ་སྟེ། དེ་ནི་འཁྲུངས་ཡུལ་འདན་མ། གདུང་རུས་སྐྱུ་ར། ཆུ་མོ་ཕག་གི་ལོ་ལ་སྐུ་བལྟམས། གཞོན་ནུའི་དུས་ནས་འགྲོ་མགོན་ཕག་མོ་གྲུ་པའི་དྲུང་དུ་བྱོན། མཚན་རིན་ཆེན་དཔལ་དུ་བཏགས། གདམས་པ་གསན་པས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཆེན་པོ་ཐུགས་ལ་འཁྲུངས། མཛེ་ནད་ཀྱིས་བསྙུངས་པ་ལ་སྙིང་རྗེ་ཆེན་པོ་བསྒོམས་པས་ཀླུ་དགོན་དེ་ཡང་འཁོར་དང་བཅས་པ་སྐུ་ལུས་ལས་ཐོན་ནས་སོང་བ་གཟིགས། དེ་ཉིད་དུ་ནད་ཀྱང་དྲག དགུང་ལོ་ཉི་ཤུ་རྩ་ལྔ་བ་ལ་སུམ་ཐོག་པས་མཁན་པོ་མཛད་དེ་བསྙེན་པར་རྫོགས། སུམ་ཅུ་རྩ་བདུན་པ་ལ་འབྲི་གུང་དུ་ཕེབས་ནས་དགོན་པ་བཏབ། རིམ་གྱིས་ཇེ་རྒྱས་སུ་གྱུར་ཏེ་དགེ་འདུན་མཐའ་ཡས་པ་འདུས། གཉོས་རྒྱལ་བ་ལྷ་ནང་བས་ཆོས་སྟོན་དྲངས་པའི་དུས་སུ་འཁོར་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉི་ཤུ་རྩ་ལྔ་འདུས། དུས་གཅིག་ལ་དགེ་སློང་འབུམ་ཕྲག་གིས་ཚུལ་ཤིང་ལེན་པ་བྱུང་ཞེས་གྲགས། སྙན་གྲགས་ཀྱིས་འཛམ་གླིང་ཁྱབ། ཀླུ་སྒྲུབ་ཀྱི་སྤྲུལ་པར་ཡང་གླེང་། དགུང་ལོ་བདུན་ཅུ་རྩ་ལྔ་བ་ལ་གཤེགས་པའི་ཚུལ་བསྟན། སློབ་མ་ཡང་སྤྱན་སྔ་བཞི། གཉོས་འགར་ཆོས་གསུམ། དཔལ་ཆེན་བཅུ་གཉིས་སོགས་མཐའ་ཡས་ཀྱང་། གདན་ས་སྐྱོང་བ་ནི། རྗེ་སྤྱན་སྔ་རིན་པོ་ཆེ། དབོན་རིན་པོ་ཆེ། གཅུང་རིན་པོ་ཆེ། གཉོས་རྒྱལ་བ་ལྷ་ནང་བ། མགར་དམ་པ་ཆོས་སྡིངས་པ། དཔལ་ཆེན་ཆོས་ཡེ། དབོན་ཤེར་འབྱུང་སོགས་སོ། །

ཤེར་འབྱུང་ནི་སྐྱོབ་པའི་རུས་དབོན། བླ་མའི་ཞབས་ཏོག་དང་། མཁྱེན་པ་ལ་མཐའ་མེད། སྐྱོབ་པའི་བཞེད་པ་ཁྱད་ཆོས་བརྒྱ་དང་དགུ་བཅུ་བ་དགོངས་གཅིག་ཏུ་གྲགས་པ་ཡེ་གེར་བཏབ་པོ། ། དེ་ནས་ཀྱང་གདན་ས་རབས་མང་པོ་རིམ་པར་བྱོན་ཅིང་། དུས་ཕྱིས་རིན་ཆེན་ཕུན་ཚོགས་དང་། ཆོས་ཀྱི་གྲགས་པ་གཉིས་རྙིང་མའི་སྔགས་འཆང་ཆེན་པོར་གྱུར་པས་གོང་ས་ལྔ་བ་ཆེན་པོས་ཀྱང་བསྔགས་བརྗོད་རྒྱ་ཆེར་མཛད་དོ།། འོན་ཀྱང་ཞབས་དྲུང་སྤུ་ལུང་པས་བཀའ་བརྒྱུད་ཀྱི་ཆོས་རྣམས་བཞག་ནས་རྙིང་མའི་ལྕགས་སྡིག་སྐོར་ཉམས་ལེན་གཙོ་བོར་བྱས་པས་མི་ཤིས་པ་བྱུང་ཚུལ་ཀརྨ་མི་བསྐྱོད་རྡོ་རྗེས་གསུངས་འདུག་ཅིང་། རྒྱལ་བ་བསོད་ནམས་རྒྱ་མཚོར་ཡང་མཐུ་བྱད་ཀྱི་སྦྱོར་བ་བགྱིས་པར། ཐམས་ཅད་མཁྱེན་པ་སྐུ་མཚམས་མཛད་ནས་འཇིགས་བྱེད་ཀྱི་དྲག་པོའི་འཁྲུལ་འཁོར་ཞག་བདུན་སྒྲུབ་པ་གནང་བས། འབྲི་གུང་བ་ལ་ནད་ཅིག་བྱུང་ཞིང་རྗེ་སྐྱོབ་པའི་གདུང་བརྒྱུད་ཀྱི་རིན་ཆེན་ཐག་པ་ཡང་འདིའི་དུས་ཆད་ནས་གཏན་མེད་བྱུང་སྣང་ལ། ད་ལྟ་ནི་དགེ་འདུན་ཉུང་ཞིང་གདན་ས་ཡང་རྒྱ་ལམ་དང་ཉེ་བས་ལྷ་རྟེན་རྣམས་ཀྱང་འོ་བརྒྱལ་བར་བཞུགས་སོ། ། དེ་དག་ལས་གདན་སའི་གནས་ཀྱི་མིང་གིས་འབྲི་གུང་བ་ཞེས་གྲགས་སོ། །

【༥】འབྲུག་པ།

འབྲུག་པ་ནི། རྒྱལ་པ་ཕག་མོ་གྲུ་པའི་སློབ་མ་གླིང་རས་པདྨ་རྡོ་རྗེ་དང་། ཆོས་རྗེ་གཙང་པ་རྒྱ་རས་པ་ལས་བརྒྱུད་པ་སྟེ། གྲུབ་ཐོབ་གླིང་རས་པ་ནི། ཉང་སྟོད་དུ་འཁྲུངས། མཚན་པདྨ་རྡོ་རྗེ་ཞེས་བཏགས། དགུང་ལོ་དགུ་བ་ལ་ཀློག་བསླབས། བཅུ་གསུམ་པ་ལ་ཡོན་ཏན་མཁས་པར་མཁྱེན། བཅུ་བདུན་ལོན་པའི་ཚེ་སློབ་དཔོན་གླིང་ལས་དགེ་བསྙེན་མཛད། དགུང་ལོ་སུམ་ཅུ་རྩ་བརྒྱད་པ་ལ་ཕག་མོ་གྲུ་པ་དང་མཇལ། ཁྲིད་གསན་ཏེ་བསྒོམས་པས་ཞག་གསུམ་ལ་རྟོགས་པ་ཁྱད་པར་ཅན་འཁྲུངས། རྟོགས་པ་ཕུལ་བས་འགྲོ་བའི་མགོན་པོ་ཡང་ཐུགས་དགྱེས། ཕྱོགས་ཐམས་ཅད་དུ་འགྲོ་བའི་དོན་རྒྱ་ཆེར་མཛད། དེའི་སློབ་མའི་གཙོ་བོ་ནི། རྗེ་བཙུན་གཙང་པ་རྒྱ་རས་ཏེ། ཉང་སྟོད་ཁུ་ལེའི་ཆར་འཁྲུངས། མཚན་གཡུང་དྲུང་དཔལ་དུ་བཏགས། བཅུ་གཉིས་པ་ལ་ཡབ་ཀྱིས་གཅེན་པོའི་སར་བཞག་ནས་སློབ་གཉེར་མང་དུ་མཛད། བཅུ་གསུམ་པ་ལ་སྐྲ་བཅད་དེ་མཚན་ཤེས་རབ་དཔལ་དུ་བཏགས། ཕྱིས་བླ་མ་ཞང་ལས་རབ་ཏུ་བྱུང་སྟེ་མཚན་ཡེ་ཤེས་རྡོ་རྗེ་ཞེས་བཏགས་སོ། ། ཉི་ཤུ་རྩ་གཉིས་པ་ལ་རྗེ་བཙུན་གླིང་རས་པ་ར་ལུང་ན་བཞུགས་པ་དང་མཇལ། ཚྭ་བྲེ་གང་ཙམ་གྱིས་ཕྱག་རྟེན་མཛད་ནས་གསུང་གླེང་མང་དུ་ཞུས། དེ་ནས་དབུས་སུ་བྱོན། སྣ་ཕུར་གླིང་རས་པ་ལ་སླར་ཡང་མཇལ་ནས་ཆོས་དྲུག་དང་། ལྷག་ཅིག་སྐྱེས་སྦྱོར་ལ་སོགས་པའི་གདམས་པ་གསན་པས་ཞག་བདུན་ནས་རས་ཐུབ་པ་བྱུང་། དགུན་འདག་སྦྱར་མཛད་དེ་བསྒོམས་པས་རླུང་ཕྱི་ནང་བསྲེ་ནུས་པ་དང་། རྩིག་པ་ལ་ཐོགས་པ་མེད་པ་དང་། ཏིང་ངེ་འཛིན་གསལ་སྟོང་ནམ་མཁའ་དང་མཉམ་པར་འཁྲུངས། རྗེ་བཙུན་རས་ཆུང་བས་གཏེར་དུ་སྦས་པའི་རོ་སྙོམས་བསྐོར་དྲུག་བཏོན། བླ་མ་ཞང་གིས་ལུང་བསྟན་པ་ལྟར་ཀློང་རྡོལ་གྱི་དགོན་བཏབ། ཡི་དམ་གྱིས་ལུང་བསྟན་ལྟར་ར་ལུང་བཏབ། གླིང་གིས་ལུང་བསྟན་པ་ལྟར་འབྲུག་བཏབ། འདི་གསར་དུ་རྒྱག་དུས་འབྲུག་སྒྲ་དྲག་པོ་ཐང་འགའ་གྲགས་པས་དགོན་པའི་མིང་འབྲུག་ཏུ་བཏགས། དེ་ལ་བརྟེན་ནས་རྒྱུད་འཛིན་རྣམས་ལ་འབྲུག་པ་ཞེས་ཐོགས་སོ། ། སློབ་མ་ཁྲི་ཚོ་ལྔ་ཙམ་འཚོགས་ཟེར། འགྲོ་དོན་ཤིན་ཏུ་ཆེ་ཞིང་ནཱ་རོ་བའི་སྤྲུལ་པར་གྲགས། དེའི་སློབ་བརྒྱུད་ཀྱིས་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པ་བྱུང་སྟེ། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཏུ་ཀུན་ལ་རླུང་ལྟར་གྲགས་སོ། །

སློབ་མ་མང་དུ་བྱུང་བའི་གཙོ་བོ་ནི། དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས། གཞན་རས་པ་གསུམ། རྣལ་འབྱོར་གསུམ། ཞིག་པོ་གསུམ་སོགས་མང་དུ་བྱུང་། གདན་སར་དབོན་རས་དར་མ་སེང་གེ་བཞུགས་ཤིང་། དེ་ནས་དབོན་བརྒྱུད་རིམ་པར་བྱོན་པ་ལས་འཕྲིན་ལས་ཆེ་བ་ནི་རྒྱལ་དབང་ཆོས་རྗེ་ཡིན་ལ། དེའི་སློབ་མ་ལྷ་རྩེ་བ་ངག་དབང་བཟང་པོ་དང་། དེ་ནས་སྙན་ངག་མཁན་སངས་རྒྱས་རྡོ་རྗེ། བོད་མཁས་པ་སོགས་སློབ་བརྒྱུད་བཟང་པོ་མང་དུ་འཕེལ། ཁྱད་པར་དུ་མཁས་པར་གྲགས་པདྨ་དཀར་པོས་བསྟན་བཅོས་མང་དུ་བརྩམས། དེའི་སྐྱེ་བ་དཔག་བསམ་དབང་པོ་སོགས་བྱོན། གཞན་ཡང་གཙན་སྨྱོན། དབུས་སྨྱོན་དུ་གྲགས་པ་གཉིས་དང་། འབྲུག་སྨྱོན་ཀུན་ལེགས་སོགས་གྲུབ་ཐོབ་ཡ་མཚན་ཅན་ཡང་འགའ་ཞིག་བྱུང་སྟེ། དེ་རྣམས་ལ་བར་འབྲུག་ཅེས་གྲགས་སོ། །

ལོ་རྒོད་གཉིས་ཀྱི་རྣམ་པར་ཐར་པ་ཡ་མཚན་ཆེ་ཞིང་། ཁྱད་པར་དུ་སྒྲུབ་པ་སྙིང་པོར་བྱེད་པ་དག་གིས་དམིགས་ལྟོས་སུ་བྱེད་དགོས་པ་མང་དུ་མཆིས་པ་ལས་གཙོ་བོ་ནི་དཀའ་སྤྱད་དང་སྙིང་རུས་ཀྱིས་རྐྱེན་ངན་ཐམས་ཅད་ལམ་དུ་ཁྱེར་ནས་སྒྲུབ་པ་མཐར་ཕྱིན་པ་སྟེ་ཞིབ་ཏུ་སོ་སོའི་རྣམ་ཐར་གྱི་ཡི་གེར་བལྟ་ལ། འདིར་ས་ཁོངས་འཛིན་པ་ཙམ་སྨོས་ན།

རྒྱལ་བ་ལོ་རས་པ་ནི་སྐྱོར་མོ་ལུང་དུ་མཁན་པོ་སྦལ་ཏི་ལས་རབ་ཏུ་བྱུང་བའི་མཚན་དབང་ཕྱུག་བརྩོན་འགྲུས། དམ་བཅའ་ཆེན་པོ་དྲུག ཞར་བྱུང་གི་དམ་བཅའ་དྲུག ཁྱད་པར་གྱི་དམ་བཅའ་གཅིག་སྟེ་བཅུ་གསུམ་གྱི་རྣམ་ཐར་ཅན། ཐུབ་པ་ལྔ་ལྡན་གྱི་གདམས་ངག་ལ་རྩལ་འདོན་དུ་མཛད། དེ་ལ་དབོན་བརྒྱུད་པ་སློབ་མ་འཇམ་དབྱངས་མགོན་པོ་སོགས་མཁས་པ་གསུམ། ཙཱ་རི་རས་ཆེན་སོགས་རས་པ་གསུམ། ཨཱ་ལོ་ཤཱཀྱ་གསུམ་སྟེ་རྣལ་འབྱོར་བ་གསུམ་སོགས་མཐའ་ཡས་པ་ལས། འཇམ་དབྱངས་མགོན་པོས་གཅོད་ཀྱི་གདམས་པ་ཟབ་དོན་ཐུགས་སྙིང་དང་སྒོ་འབྱེད་བཅུ་བ་ནས་དར་རྒྱས་ཆེ། ཙཱ་རི་རས་པས་འཕྲིན་ལས་རྒྱ་ཆེར་བསྐྱངས་པས་སློབ་མ་ཡང་མང་དུ་བྱུང་། དེ་ལ་སྨད་འབྲུག་ཅེས་གྲགས་སོ།།

རྒོད་ཚང་བ་མགོན་པོ་རྡོ་རྗེ་ནི། དང་པོའི་དུས་མཚན་དོན་གྲུབ་སེང་གེ གཙང་པ་རྒྱ་རས་ལས་རབ་ཏུ་བྱུང་བས་མགོན་པོ་རྡོ་རྗེར་བཏགས། ཐུགས་དམ་བཅུ་གཉིས། གོ་ཆ་དང་བཅུ་གསུམ། སྐུ་གསུང་ཐུགས་ཀྱི་དམ་བཅའ་གསུམ། འཕྲལ་གྱི་དམ་བཅའ་བདུན། ཁྱད་འཕགས་ཀྱི་དམ་བཅའ་ལྔ་ལ་སོགས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། སློབ་མ་རྒྱལ་བ་ཡང་དགོན་པ། གྲུབ་ཐོབ་ཨོ་རྒྱན་པ། སྤྱིལ་དཀར་བ། ནེ་རིངས་པ་བཞི། གཞན་ཡང་མང་དུ་བྱུང་བ་ལས་ཡང་དགོན་པའི་སློབ་མ་སྤྱན་སྔ་རིན་ལྡན། དེའི་སློབ་མ་ཟུར་ཕུག་པ་རིན་ཆེན་དཔལ་བཟང་། དེའི་སློབ་འབའ་རབ་རྒྱལ་མཚན་དཔལ་བཟང་སྟེ། འདིས་ཐ་གྲུ་སྐོར་གསུམ་སོགས་བསྟན་བཅོས་མང་པོ་མཛད། སློབ་མ་མང་དུ་བྱོན། དེ་ལ་སྟོད་འབྲུག་ཅེས་ཟེར་རོ། །

གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་ནི། རྒྱ་གར་རྡོ་རྗེ་གདན། ཛ་ལནྡྷ་ར། ཨོ་རྒྱན་རྣམས་སུ་བྱོན། དེར་མཁའ་འགྲོ་མ་མང་པོས་བྱིན་གྱིས་བརླབས་པས་རྟོགས་པས་རྒྱུད་གྲོལ། ཧོར་རྒྱལ་པོ་ཇུ་པི་ལས་སྤྱན་དྲངས་པས་དེར་ཡང་བྱོན། ཀརྨ་རང་བྱུང་རྡོ་རྗེ། རྟོགས་ལྡན་ཟླ་སེང་སོགས་ཆོས་བརྒྱུད་འཛིན་པའི་སློབ་མ་དང་། ཤོང་ལ་རྡོ་རྗེ་རྒྱལ་མཚན་དང་བློ་བརྟན་སོགས་ཀྱང་སློབ་མར་གྱུར། རྒོད་ཕྲུག་གྲགས་པ་འབྱུང་གནས་ཀྱང་འདིའི་སློབ་བརྒྱུད་དོ། །

སྤྱིལ་དཀར་བས་སློབ་མ་མ་བསྐྱངས། ནེ་རིངས་པ་ལ་གངས་ཅན་ཤཱཀྱ་དཔལ་དུ་གྲགས་ཤིང་ནེ་རིངས་དགོན་པ་བཏབ། དབོན་བརྒྱུད་བཟང་པོ་རིམ་པར་བྱོན། རྗེ་རིན་པོ་ཆེའི་རྣམ་ཐར་རྩོམ་མཁན་ནེ་རིངས་པ་འཆི་མེད་རབ་རྒྱས་ཀྱང་དེའི་དབོན་བརྒྱུད་དོ། །

དེ་ལྟར་ལོ་རས་ནས་བརྒྱུད་པ་ལ་སྨད་འབྲུག་དང་། རྒོད་ཚང་དཔོན་སློབ་ནས་བརྒྱུད་པ་ལ་སྟོད་འབྲུག་ཟེར་ཞིང་ཁ་སྐད་ལ་སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་སའི་རྩི་ཤིང་ཞེས་མང་བའི་ཚད་དུ་གྲགས་སོ། ། འབྲུག་པ་སྟོད་སྨད་བར་གསུམ་སོགས་ད་ལྟའི་དུས་སུ་ཡང་དར་རྒྱས་བཟང་ཞིང་ཆོས་རྒྱུན་རྣམས་ཀྱང་ཕལ་ཆེར་མ་ཆད་ཙམ་ཡོད་འདྲའོ། །

【༦】སྟག་ལུང་བཀའ་བརྒྱུད།

སྟག་ལུང་བཀའ་བརྒྱུད་ནི། སྟག་ལུང་ཐང་བ་ཆེན་པོ་ལས་བརྒྱུད་པ་སྟེ། འདི་ནི་གདུང་གྭ་ཟི། གཡང་ཤོད་བོང་ར་སྟེང་དུ་འཁྲུངས། མཁན་པོ་ན་སྟོན་བླ་སྒང་བ་ཤེས་རབ་རྡོ་རྗེ་ལས་རབ་བྱུང་དགེ་ཚུལ་མཛད། མཚན་བཀྲ་ཤིས་དཔལ་ཞེས་གསོལ། རྒྱ་གར་དུ་འབྱོན་པར་ལན་ཁ་ཤས་ཆས་ཀྱང་ཟླ་བོ་སོགས་ཀྱིས་མ་བཏང་། དེ་ནས་ཕག་གྲུའི་སྙན་པ་གསན་ནས་དགུང་ལོ་ཉི་ཤུ་རྩ་བཞིའི་དུས་ཕག་མོ་གྲུ་པའི་དྲུང་དུ་ཕེབས་ནས་ཉེ་གནས་མཛད། ཐུགས་རྩིས་ཆེ་ཞིང་གདམས་པ་རྫོགས་པར་གནང་། ལན་ཅིག་ཐེལ་གྱི་སྤང་གཤོང་གཅིག་ཏུ་སྐྱོ་སང་ལ་བྱོན་པའི་སར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་རྟོགས་པ་ཁྱད་པར་ཅན་འཁྲུངས། དེར་འགྲོ་མགོན་བྱོན་ནས་ཕྱག་མཁར་ཐུགས་ཀར་གཏད་དེ། འོ་སྐོལ་གྱི་ཇོ་བོ་ནཱ་རོ་བའི་ཞལ་ནས། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཞིང་བདག་མེད་པར་བསྒོམ། དེའི་ངང་ལ་ཚད་མེད་པ་བཞིའི་སྒོ་ནས་ཐབས་སྣ་ཚོགས་ཉམས་སུ་ལེན་པ་ཞིག་བྱུང་ན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ལམ་ཡིན་གསུང་བྱ་བ་སོགས་ངོ་སྤྲོད་ཟབ་རྒྱས་ཤིང་སྩལ་བ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་སྒོམ་མེད་ཀྱི་རྣལ་འབྱོར་ཐུགས་ལ་འཁྲུངས། ཕག་མོ་གྲུ་པ་གཤེགས་ནས་མལ་གྲོར་བྱོན་འཆང་ཀ་པ་ལས་བཀའ་གདམས་གསན། ཞང་ཤ་ར་བ་ལས་བསྙེན་པར་རྫོགས། དགུང་ལོ་སོ་དགུ་བ་ལ་དར་སྦས་རོང་གསུམ་དང་བོད་མདོ་བས་སྟག་ལུང་དུ་གདན་དྲངས། འགྲོ་བའི་མགོན་གྱིས་ལུང་བསྟན་པ་ལྟར་གནས་དེར་དགོན་པ་བཏབ་པས། སྟག་ལུང་ཐང་བ་ཞེས་གྲགས། བྲག་བཙན་མཐུ་བོ་ཆེ་ཡང་དམ་ལ་བཞག རབ་ཏུ་བྱུང་ཕྱིན་ཆད་ཁྱིམ་པའི་ཁང་པར་མ་བྱོན། ཤ་ཆང་གསོལ་མ་མྱོང་། ཤ་ཆང་གི་མགྲོན་མི་བྱེད། གླིང་གསེབ་ཏུ་བུད་མེད་མི་གཏོང་བ་སོགས་འདུལ་བའི་ཕྱག་ལེན་ཞིབ་པར་མཛད། སྐུ་འདའ་ཁར་གྲྭ་བ་སུམ་སྟོང་ལྷག་ཙམ་འདུས། དབོན་རིན་ཆེན་མགོན་པོ་གདན་སར་བཏོན། འདིས་མཆོད་ཁང་ཆེན་མོ་བཞེངས་ཤིང་དགོན་སྡེ་དར་རྒྱས་མཛད། དེའི་རྗེས་སུ་སངས་རྒྱས་ཡར་བྱོན་གདན་སར་བཞུགས། དེ་ལ་གདན་ས་ཕེར་བའི་དབོན་བཀྲ་ཤིས་བླ་མ་དང་སངས་རྒྱས་དཔོན་གཉིས་བྱུང་བའི་སངས་རྒྱས་དཔོན་པོ་གྲགས་པ་དཔལ་འོད་ཟེར་བཟང་པོ་ཁམས་སུ་བྱོན་ནས་རི་བོ་ཆེའི་དགོན་པ་བཏབ། དེ་ནས་བཟུང་སྟག་ལུང་ཡ་ཐང་མ་ཐང་གཉིས་སུ་གྱེས། གཉིས་ཀར་གྲྭ་བ་སུམ་སྟོང་བརྒྱད་བརྒྱ་རེ་འཚོགས། དེ་ནས་དབུས་གཙང་མདོ་ཁམས་སོགས་སུ་སྟག་ལུང་བའི་གྲྭ་ས་དང་ཆོས་བརྒྱུད་མང་དུ་འཕེལ། དབོན་བརྒྱུད་རིམ་པར་བྱོན་པ་ཐམས་ཅད་སྐྱེས་མཆོག་ཡ་མཚན་ཅན་ཤ་སྟག་ལ། ཁྱད་པར་དུ་དུས་ཕྱིས་སྟག་ལུང་ངག་དབང་གྲགས་པ་ཞེས་བྱ་བ་མཁས་གྲུབ་ཆེན་པོ་ཞིག་བྱོན། སྙན་པ་ཆེ་བས་དབུས་གཙང་གི་ཆེ་དགུས་བཏུད། འབྲི་སྟག་གི་ཆོས་རྒྱུན་ཆད་ལ་ཁད་པ་རྣམས་གསོས་པ་སོགས་འཕྲིན་ལས་རྒྱ་ཆེའོ། །

ཞབས་དྲུང་ངག་དབང་རྣམ་རྒྱལ་བྱ་བས་གསུང་རབ་མཐའ་དག་ལ་གསན་བཞེས་ཆེ་ཞིང་། མཁས་བཙུན་བཟང་པོའི་སྙན་གྲགས་ཅན་དེས་ཆོས་འབྱུང་ངོ་མཚར་རྒྱ་མཚོ་སོགས་བརྩམས་ཆོས་མང་དུ་སྤེལ་ལོ།།ད་ལྟ་ནི་ག་ཟིའི་གདུང་བརྒྱུད་དང་ཡ་ཐང་མ་ཐང་གི་སྤྲུལ་སྐུའི་སྐྱེ་བརྒྱུད་གཙུག་ལག་ཁང་དང་དགེ་འདུན་མི་ཉུང་ཙམ་ནི་སྣང་ལ། ཆོས་བརྒྱུད་སོགས་ཇི་ལྟར་གྱུར་ཡོད་པ་མ་མཆིས་སོ། །

【༧】འབའ་རོམ་བཀའ་བརྒྱུད།

འབའ་རོམ་བཀའ་བརྒྱུད་ནི། བརྟུལ་ཞུགས་སྤྱོད་པ་ནག་པོ་བའི་སྐྱེ་བར་གྲགས་པ་འབའ་རོམ་པ་དར་མ་དབང་ཕྱུག་ལས་བརྒྱུད་པ་སྟེ། འདི་ཉིད་འཕན་ཡུལ་དུ་འཁྲུངས། ཆུང་ངུའི་དུས་སྔགས་ཆུང་གཞོན་པ་ཞིག་རྩར་བྱང་ནས་སྒམ་པོའི་བསྔགས་པ་མང་དུ་བརྗོད་ཅིང་དེའི་དྲུང་དུ་ཕྱིན་པ་འཐད་ཟེར་བས་ཁོ་རང་འགྲོགས་ནས་སྒམ་པོར་སླེབས་པ་ན་སྔགས་ཆུང་གར་སོང་ཆ་མེད་དུ་གྱུར་པས། དེ་སྒམ་པོའི་སྤྲུལ་པར་ཤེས། དེ་ནས་སྒམ་པོ་བས་རྗེས་སུ་བཟུང་ཞིང་ཁྲིད་གནང་བ་བསྐྱངས་པས་རྟོགས་པ་མཆོག་ཏུ་གྱུར། བྱང་འབའ་རོམ་གྱི་དགོན་པ་བཏབ། བདེ་སྟོང་ཕྱག་རྒྱ་ཆེན་པོ་ལ་བསྲེ་འཕོ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་གསེབ་ལམ་རིག་པ་རྐྱང་འདེད་ཀྱི་མཚན་གསོལ་བས་སློབ་མ་མང་དུ་འདུས་པ་ལ་ཁྲིད་བཏབ། བདེ་སྟོང་ཕྱག་རྒྱ་ཆེན་པོ་ལ་བསྲེ་འཕོ་དང་། གནས་ལུགས་ཕྱག་རྒྱ་ཆེན་པོ་ལ་གསེབ་ལམ་རིག་པ་རྐྱང་འདེད་ཀྱི་མཚན་གསོལ་བས་སློབ་མ་མང་དུ་འདུས་པ་ལ་ཁྲིད་བཏབ། སྲས་ཀྱི་ཐུ་བོ་ནི་ཏི་ཤྲཱི་རས་པ་ཡིན་ཅིང་། གདན་ས་ནི་ཁོང་གི་གདུང་བརྒྱུད་རིམ་པས་བཟུང་། སློབ་བརྒྱུད་ཧ་ཅང་དར་རྒྱས་ཆེ་བ་མ་བྱུང་བ་འདྲ་ཞིང་། ད་ལྟ་ནི་ཇི་འདྲ་ཡོད་ཆ་མ་འཚལ་ལོ། །

【༨】གཡའ་བཟང་བཀའ་བརྒྱུད།

གཡའ་བཟང་བཀའ་བརྒྱུད་ནི། འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་སྐལ་ལྡན་ཡེ་ཤེས་སེང་གེ་ལས་བརྒྱུད་པ་སྟེ། དེ་ནི་མོན་འགར་དུ་འཁྲུངས། སྐུ་ན་གཞོན་ནུ་ལ་མཇལ་བར་ཕྱིན་པའི་ཚེ། རི་ཁ་ནས་ཕག་མོ་གྲུ་པའི་དགོན་པའི་རི་མཐོང་བ་ཙམ་གྱིས་སྒོམ་རང་དུ་ཤར། དེ་ནས་འགྲོ་མགོན་དང་མཇལ། ངོ་སྤྲོད་ཅིག་བཏབ་པས་སྐལ་ལྡན་ཡེ་ཤེས་སེང་གེར་བཏགས། དེའི་སློབ་མ་ནི་གཡའ་བཟང་ཆོས་རྗེ་སྟེ། གདུང་རུས་གནུབས། མཁན་པོ་ཆོས་སྟོན་བྱ་བ་ལས་རབ་ཏུ་བྱུང་། མཚན་ཆོས་སྨོན་ལམ་དུ་བཏགས། ཤ་མི་སྨོན་ལམ་འོད་ཀྱི་སློབ་མ་ཀླུབ་དཀར་ཚུལ་ཁྲིམས་གྲགས་ལས་འདུལ་བ་གསན་ནས་འདུལ་བའི་བཤད་པ་དང་ལག་ལེན་ལ་གཙོ་བོར་མཛད་པས་གནུབས་འདུལ་འཛིན་དུ་གྲགས། སྐལ་ལྡན་ཡེ་ཤེས་སེང་གེའི་སྙན་པ་གསན་ནས་མཇལ་དུ་བྱོན། ཞལ་མཐོང་བ་ཙམ་གྱིས་བླ་མའི་ཐུགས་དང་གཉིས་སུ་མེད་པའི་རྟོགས་པ་འཁྲུངས། སོ་བརྒྱད་པ་ལ་གཡའ་བཟང་གི་དགོན་པ་བཏབ། དྲང་སྲོང་རཱ་ཧུ་ལས་དངོས་སུ་མཇལ་ཏེ་གཟའ་སྲུང་གི་མན་ངག་ཁྱད་པར་ཅན་ཕུལ། མི་དང་མི་མི་མ་ཡིན་པའི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། དྲུག་ཅུ་རྩ་ལྔ་ལ་གཤེགས།

སློབ་མ་བུ་ཆེན་བཞིར་གྲགས་པ་ནི། གཉལ་སྨད་དཔལ་རི་བ་སངས་རྒྱས་བྱ་སྒོམ། གོ་ར་གདོང་བ་སངས་རྒྱས་རྒྱ་སྒོམ། གསེར་ལྡེ་བ་སངས་རྒྱས་ལེ་སྒོམ། དགོན་གསར་བ་སངས་རྒྱས་རྒྱ་སྒོམ། དེ་ནས་རིམ་པར་བརྒྱུད་པ་རྣམས་ལ་གཡའ་བཟང་བཀའ་བརྒྱུད་ཅེས་གྲགས་སོ། ། དེང་སང་ནི་གདན་སར་གཙུག་ལག་ཁང་དང་། འཕྲིན་ལས་མྱུར་བར་གྲགས་པའི་ལྷ་མོའི་སྐུ་བརྙན་བཞུགས་པ་ཙམ་མོ།།

【༩】ཁྲོ་ཕུ་བཀའ་བརྒྱུད།

ཁྲོ་ཕུ་བཀའ་བརྒྱུད་ནི། ཕག་མོ་གྲུ་པའི་སློབ་མ་རིན་པོ་ཆེ་རྒྱལ་ཚ་དང་། ཀུན་ལྡན་རས་པ་སྐུ་མཆེད་ལས་བརྒྱུད་པ་སྟེ། རིན་པོ་ཆེ་རྒྱལ་ཚ་ནི། ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་བརྒྱུད་དུ་འཁྲུངས། ལོ་ལྔ་ནས་ཡིག་རྩིས་བསླབས། གཞོན་ནུའི་དུས་ནས་ཆོས་ལ་དོན་གཉེར་དང་ལྡན་པར་གྱུར། གནུར་ཉི་མ་སོགས་བླ་མ་དུ་མ་ལས་ཆོས་མང་དུ་གསན། དགུང་ལོ་བཅུ་དགུག་བ་ལ་དབུས་སུ་བྱོན། པུ་ཧྲང་ལོ་ཙཱ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ་སོགས་དང་མཇལ། བླ་མ་དམར་གྱི་ཞལ་བཀོད་ལྟར་ཕག་མོ་གྲུ་པའི་དྲུང་དུ་བྱོན། གདམས་ངག་གསན་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས། མ་གཅིག་ལབ་སྒྲོན་གྱི་སྲས་པོ་ཐོད་སྨྱོན་བསམ་འགྲུབ་བྱ་བ་ལ་གཅོད་ཞུས། བདུན་ཅུ་རྩ་བརྒྱད་པ་ལ་གཤེགས།

ཀུན་ལྡན་རས་པ་ནི། དེའི་གཅུང་ཡིན་ལ་ཕག་མོ་གྲུར་གཅེར་པོའི་རྒྱགས་སྐྱེལ་དུ་བྱོན་པས། རྗེ་བཙུན་མི་ལས་རྣམ་ཐར་གསུང་བ་དང་ཐུག དེ་འདྲ་བ་ཞིག་ངས་ཀྱང་བྱ་སྙམ་ནས་ཆོས་གྲྭ་དེར་མགོ་ལྕོག་ལན་གསུམ་བྱས། འགྲོ་མགོན་ལ་གདམས་པ་ཞུས་ཏེ་བསྒོམས་པས་རྟོགས་པ་ཁྱད་པར་ཅན་བརྙེས། གྲུབ་ཐོབ་ཆེན་པོར་གྱུར་ཏེ་མུ་གེ་བྱུང་བའི་ཚེ་ཁྲོ་ཕུའི་མཆོད་ཁང་གི་སྒོ་ལ་ཕྱག་འཁར་གཏུག་གཏུག་མཛད་ནས་རྣལ་འབྱོར་མ་རྣམས་དེ་རིང་རྣལ་འབྱོར་པ་ལ་བསོད་སྙོམས་ཤིག་ཞུའོ་གསུངས་པས། མཆོད་ཁང་གི་སྒོ་བར་ནས་ཕྱིར་ནས་མང་དུ་བྱུང་། ཡུལ་མི་ཐམས་ཅད་ཀྱིས་བླངས་ཀྱང་ཞག་ལྔའི་བར་དུ་ནས་མ་ཟད་པའི་གྲུབ་རྟགས་ཀྱང་བསྟན། དགུང་ལོ་བདུན་ཅུ་བ་མེ་མོ་གླང་ལ་གཤེགས། རྒྱལ་ཚ་དང་། ཀུན་ལྡན་རས་པ་སྐུ་མཆེད་ཀྱི་དཔོན་པོ་ཁྲོ་ཕུ་ལོ་ཙཱ་བ་ཡིན་ཏེ། དེའི་ཡབ་ཇོ་འཕན་དང་། ཡུམ་སྲེག་མོ་གསལ་བྱེད་གཉིས་ཀྱི་སྲས་སུ་སྐུ་བལྟམས། ལོ་དྲུག་པ་ལ་ཀློག་བསླབས། བརྒྱད་པ་ལ་རྒྱལ་ཚ་དང་མཇལ། བཅུ་བའི་སྐབས་སུ་རྒྱལ་ཚ་དང་ཀུན་ལྡན་གྱིས་མཁན་སློབ་མཛད་དེ་དགེ་ཚུལ་སྒྲུབ། མཚན་བྱམས་པ་དཔལ་དུ་བཏགས། བཅུ་དགུ་ལ་བསྙེན་པར་རྫོགས། ཀུན་ལྡན་དང་རྒྱལ་ཚ་གཉིས་ལ་གདམས་ངག་ལུགས་མི་འདྲ་བ་བརྒྱ་དང་སུམ་ཅུ་རྩ་དྲུག བཀའ་བབས་བཅུ་གསུམ་ཡོད་པ་གསན། ཉེར་བཞི་བ་ལ་བལ་བོར་བྱོན། པཎྜི་ཏ་བུ་ངྔྷ་ཤྲཱི་དང་མཇལ། མི་ཏྲ་ཛོ་ཀི་བོད་དུ་སྤྱན་དྲངས། ཁྲོ་ཕུའི་གནས་གཞིའི་ས་བྱིན་གྱིས་བརླབས། དེ་རྟིང་བུངྔྷ་ཤྲཱི་ཡང་སྤྱན་དྲངས། དེ་རྗེས་བེེཌྰུཪྻ་ཚོགས་འདུས་སུ་བྱོན་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སྤྱན་དྲངས། ལྷ་མོ་ཆེ་ཁྲི་བརྒྱད་ཅུ་བ་བཞེངས། སྲས་སེམས་དཔའ་ཆེན་པོ་བྱུང་། འགྲོ་དོན་དང་འཕྲིན་ལས་མཐའ་ཡས་པ་ལ་མངའ་བརྙེས།

ཡང་རྒྱལ་ཚ་དང་ཀུན་ལྡན་གྱི་སློབ་མ་ལྕེ་སྒོམ་དང་། མ་གཅིག་རེ་མ་ཏི། དེ་དག་ལས་རིམ་པར་བརྒྱུད་པ་དག་ལ་ཁྲོ་ཕུ་བཀའ་བརྒྱུད་ཅེས་གྲགས་སོ།།

འོན་ཀྱང་བྱམས་པ་དཔལ་ནས་བྱིངས་དང་མ་འདྲ་བའི་གྲུབ་མཐའ་ཟུར་བ་ཞིག་སྐྱོང་བར་མཛད་འདྲ་སྙམ། དེ་ལྟ་ནའང་ཁྲོ་ལོས་གསུངས་པའི་མན་ངག་འབྲུ་དགུ། སྙིང་གཏམ་བཞི་གསུམ་བཅུ་གཉིས། ཕྱག་རྒྱ་ཆེན་པོ་དོན་དགུ་མ་སོགས་ན་ལྟ་བའི་རྣམ་གཞག་གསུངས་པ་རྣམས་བཀའ་བརྒྱུད་པའི་ཕྱག་ཆེན་ཁོ་ནར་སྣང་ལ། དེར་མ་ཟད་ཁྲོ་ཕུའི་མན་ངག་བརྒྱ་རྩའི་ནང་ཚན་པཎ་ཆེན་ཤཱཀྱ་ཤྲཱིས་ཡུལ་འཁོར་རྣམས་སུ་ཐོར་བུ་གསུངས་པའི་སྐོར་དང་། རྡོ་རྗེ་གདན་པ་ནི་ཥྐ་ལངྒ་དེ་ཝས་གསུངས་པའི་འཆིང་བ་རྣལ་གྲོལ་གྱི་བསྟན་བཅོས་སོགས་ཀྱི་ལྟ་བའི་འགྲོས་ཀྱང་ཕྱག་རྒྱ་བ་དང་མཐུན་པར་འདུག་གོ །

ཁྲོ་ལོའི་རྗེས་སུ་བླ་ཆེན་བསོད་དབང་དང་། སེམས་དཔའ་ཆེན་པོ། དེའི་སློབ་མ་ཡང་རྩེ་བ་རིན་ཆེན་སེང་གེ དེའི་སློབ་མ་བུ་སྟོན་རིན་པོ་ཆེ་རྣམས་བྱོན། བུ་སྟོན་གྱིས་ལུགས་ཟུར་བ་བཟུང་ཚུལ་འོག་ཏུ་འབྱུང་ངོ་། །

ཁྲོ་ཕུར་སྐབས་ཤིག་ནས་གཞུང་ཆེན་པོའི་འཆད་ཉན་དར་བ་འདྲ་ཡང་ཧཱུྃ་གི་ཞབས་ཀྱུ་ནས་ནཱ་དའི་བར་བཞིན་ཟིམ་ནས། ད་ལྟའི་དུས་སུ་འབྲུག་པའི་རབ་བྱུང་གཟུགས་ཁ་ཤས་རེས་སྐབས་སྐབས་སུ་བྱམས་ཆེན་གྱི་དྲུང་དུ་མངོན་རྟོགས་རྒྱན་ཚར་རེ་འདོན་པ་ཙམ་ལྷག་མར་ལུས་སོ།།

དེ་ལྟར་བཀའ་བརྒྱུད་པ་ལ་ནང་གསེས་ཀྱི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་གྱིས་སོ་སོ་བ་མང་ཞིག་བྱུང་བ་དེ་དག་གི་ཁྱད་པར་འབྱེད་ཆོས་ཅི་ཞེ་ན། སྟག་ལུང་ངག་དབང་རྣམ་རྒྱལ་གྱི་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས། མདོར་ན་ཉན་ཐོས་ཀྱི་ངེས་འབྱུང་། ཐེག་ཆེན་གྱི་སེམས་བསྐྱེད། གསང་སྔགས་ཀྱི་དམ་ཚིག་རྣམ་པར་དག་པ་རྣམས་གཞིར་བཞག་པའི་སྟེང་དུ་བཀའ་བརྒྱུད་རིན་པོ་ཆེའི་ཁྱད་ཆོས་མར་རྔོག་གི་རྒྱུད་བཤད། མི་ལའི་སྙིང་རུས་དང་གདམས་ངག སྒམ་པོ་བའི་ངོ་བོའི་གད་དར། ཀརྨ་བའི་རླུང་སེམས་དབྱེར་མེད། ཞང་གི་ལམ་མཆོག་མཐར་ཐུག འབའ་རོམ་པའི་བསྲེ་འཕོ་གསེབ་ལམ། ཕག་གྲུའི་གསང་སྔགས། སྟག་ལུང་པའི་རྣམ་ཐར་སོ་དགུ། འབྲི་གུང་བའི་སྡོམ་གསུམ་གནད་གཅིག གཙང་པ་རྒྱ་རས་ཀྱི་རྟེན་འབྲེལ་དང་རོ་སྙོམས། ལོ་རྒོད་ཀྱི་མོས་གུས་དང་ཞེན་ལོག་རྣམས་ནི་ཆ་མཐུན་ཁྱད་འཕགས་ཞེས་རེ་རེ་ལའང་ཐམས་ཅད་ཚང་བར་ཡོད་མོད་ཀྱི། གང་ལ་རྩལ་དུ་བཏོན་ནས་སློབ་མ་འཁྲིད་ཅིང་སྐྱོང་བར་མཛད་པའི་ཕྱིར་ཁྱད་པར་གྱི་འབྱེད་ཆོས་སུ་བཞག་ཏུ་རུང་ཞིང་། ཡོངས་རྫོགས་ལ་ཡང་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་ཞེས་འཇིག་རྟེན་གསུམ་དུ་སྙན་པར་གྲགས་སོ། ། ཞེས་བཤད་པ་ལྟར་རོ། །

(༤)བཀའ་བརྒྱུད་པའི་ལྟ་སྒོམ་གྱི་རྣམ་གཞག་ཕྱོགས་ཙམ་ཞིག་བཤད་པ།

༄༅། ། བཀའ་བརྒྱུད་པའི་ལྟ་སྒོམ་གྱི་རྣམ་གཞག་ཕྱོགས་ཙམ་ཞིག་བཤད་ན། དྭགས་པོ་བཀའ་བརྒྱུད་ཀྱི་འབྱུང་ཁུངས་མར་པའི་ལྟ་བ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་ཏེ། དེ་ཉིད་ཀྱི་བླ་མའི་གཙོ་བོ་ནཱ་རོ་བ་དང་མེེ་ཏྲི་བ་ཆེན་པོ་ཡིན་ཞིང་། ལྟ་སྒོམ་སྤྱོད་པ་དང་རྒྱུད་ཀྱི་བཤད་པ་གང་གི་སྐབས་སུ་ཡང་དེ་གཉིས་གཙོ་བོར་མཛད་པ་དང་། ཁྱད་པར་དུ་ལྟ་བའི་སྒྲོ་འདོགས་ཆོད་པའི་བླ་མ་མེེ་ཏྲི་བ་ཡིན་པར་མར་བ་རང་གི་གསུང་མགུར་ལས་འབྱུང་སྟེ། ཤར་ཆུ་བ་གངྒཱའི་འགྲམ་དུ་ཕྱིན། ། རྗེ་མེེ་ཏྲི་ཆེན་པོའི་བཀའ་དྲིན་གྱིས། ། གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། ། སེམས་སྟོང་པ་ཉིད་ལ་སྤར་ཟིན་བྱས།། དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་། ། སྐུ་གསུམ་མ་དང་མངོན་དུ་མཇལལ། ། མི་ཁོ་བོས་སྤྲོས་པ་དེ་ནས་བཅད། ། ཅེས་མེེ་ཏྲི་བའི་དྲིན་ལས་སེམས་དོན་དམ་པར་སྐྱེ་བ་མེད་པར་རྟོགས་པས། སེམས་ཀྱི་གཉུག་མའི་ངོ་བོ་ཞེས་པ་བདེན་པས་སྟོང་པའི་སེམས་ཀྱི་ཆོས་ཉིད་ལ་སྤར་ཤིན་བྱས་ཏེ། དེ་ཉིད་རྫོགས་རིམ་གྱི་ལམ་ཟབ་མོ་དང་སྤྲེལ་ནས་བསྒོམས་པས་སྤྱིར་སྐུ་གསུམ་དང་ཁྱད་པར་ཆོས་སྐུའི་མིང་ཅན་འོད་གསལ་མ་བུ་འཕྲོད་པ་བྱུང་བས་སྤྲོས་པ་ཐམས་ཅད་དེ་ལ་བརྟེན་ནས་མཆོད་དོ། ། ཞེས་གསུངས་པའི་ཕྱིར་རོ། །

མངའ་བདག་མེེ་ཏྲི་བ་ནི་དབུ་མ་ཙམ་དུ་མ་ཟད། དཔལ་ལྡན་ཟླ་བའི་ལུགས་གཙོ་བོར་མཛད་པ་ཞིག་སྟེ། དེ་ཉིད་ཀྱི་འཚོ་བའི་དེ་ཁོ་ན་ཉིད་བཅུ་བ་ལས། དེ་བཞིན་ཉིད་ནི་ཤེས་འདོད་པས། ། རྣམ་བཅས་མ་ཡིན་རྣམ་མེད་མིན། ། བླ་མའི་ངག་གིས་མ་རྒྱུན་པའི། ། དབུ་མའང་འབྲིང་པོ་ཙམ་ཡིན་ནོ། ། ཞེས་རྣམ་བཅས་མདོ་སྡེ་བ་དང་། རྣམ་མེད་བྱེ་བྲག་སྨྲ་བ་སྟེ་ཉན་ཐོས་སྡེ་པ་དང་། རྣམ་བཅས་རྣམ་བདེན་པ་དང་། རྣམ་མེད་རྣམ་རྫུན་པ་སྟེ་སེམས་ཙམ་པ་གཉིས་ཀས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་མིན་པ་དང་། དེར་མ་ཟད་བླ་མའི་མན་ངག་གིས་མ་བརྒྱན་པའི་དབུ་མའང་དབུ་མ་འབྲིང་པོ་ཙམ་ཞིག་ཡིན་པར་གསུངས་ཤིང་། བླ་མའི་གདམས་ངག་ནི་དཔལ་ལྡན་ཟླ་བའི་ཞབས་ཀྱི་གདམས་ངག་ཁོ་ན་ཡིན་པར་དེ་ཉིད་ཀྱི་དངོས་སློབ་པཎྜི་ཏ་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་འགྲེལ་བར་བཤད་པའི་ཕྱིར་རོ།།

པཎ་ཆེན་ནཱ་རོ་བ་ཡང་ཟླ་གྲགས་ཀྱི་ལུགས་ཁོ་ན་འཛིན་པ་སྟེ། དེ་ཉིད་ཀྱིས་རྒྱུད་ཕྱི་མའི་འགྲེལ་བར། ཕྱི་མའི་རྒྱུད་ཀྱི་འགྲེལ་བ་འདི། ། སྒྲོན་མ་གསལ་བའི་རྗེས་འབྲངས་ནས། ། ཀླུ་སྒྲུབ་མན་ངག་བཤད་པ་ཡིན། ། ཞེས་དང་། སློབ་དཔོན་ཀླུ་སྒྲུབ་འཕགས་པ་ལྷ། ། ཀླུ་ཡི་བྱང་ཆུབ་ཤཱཀྱའི་བཤེས། ། ཟླ་བ་གྲགས་པ་ལ་སོགས་པའི།། མན་ངག་རིམ་པ་ལ་བརྟེན་ནས།། ཞེས་སོགས་གསུངས་པའི་ཕྱིར་དང་། ལྟ་བའི་བཤད་པ་ཡང་དེ་ཁོ་ན་ལྟར་སྣང་བའི་ཕྱིར་རོ། ། རྗེ་བཙུན་མི་ལའི་མགུར་རྣམས་སུ་ཡང་ལྟ་བ་ཕལ་ཆེར་ཐལ་འགྱུར་བ་དང་མཐུན་པར་གསུངས་ཏེ། ཁྱེད་བློ་དམན་རྣམས་ཀྱི་བསམ་ངོ་དང་། ། བསྟུན་ནས་ཀུན་མཁྱེན་སངས་རྒྱས་ཀྱིས། ། ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། ། དོན་དམ་བདེན་པའི་དབང་དུ་ནི། ། བགེགས་པས་སངས་རྒྱས་ཉིད་ཀྱང་མེད། ། སྒོམ་པ་བོ་མེད་བསྒོམ་བྱ་མེད། བགྲོད་བྱ་ས་དང་ལམ་རྟགས་མེད། ། འབྲས་བུ་སྐུ་དང་ཡེ་ཤེས་མེད། ། དེ་ཕྱིར་མྱ་ངན་འདས་པ་མེད། ། མིང་དང་ཚིག་གིས་བཏགས་པ་ཙམ།། ཁམས་གསུམ་བརྟན་དང་གཡོ་བར་བཅས། ། གདོད་ནས་མ་གྲུབ་སྐྱེ་བ་མེད། ། གཞི་མེད་ལྷན་ཅིག་སྐྱེས་པའང་མེད། ། ལས་དང་ལས་ཀྱི་རྣམ་སྨིན་མེད། ། དེ་ཕྱིར་འཁོར་བའི་མིང་ཡང་མེད། ། མཐར་ཐུག་དོན་ལ་དེ་ལྟར་གདའ། ། ཞེས་གཟུགས་ནས་རྣམ་མཁྱེན་གྱི་ཆོས་ཐམས་ཅད་དོན་དམ་པར་མེད་པའི་ཚུལ་དང་། ཨེ་མ་སེམས་ཅན་མེད་གྱུར་ན། ། དུས་གསུམ་སངས་རྒྱས་ཅི་ལས་བྱུང་། ། རྒྱུ་མེད་འབྲས་བུ་མི་སྲིད་པས། ། ཀུན་རྫོབ་བདེན་པའི་དབང་དུ་ནི། ། འཁོར་བ་དང་ནི་མྱ་ངན་འདས། ། ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། ། ཞེས་བདེན་པར་མ་གྲུབ་ཀྱང་ཐ་སྙད་དུ་འཁོར་འདས་བྱ་བྱེད་རྒྱུ་འབྲས་ཐམས་ཅད་ཡོད་པ་དང་། དེ་ལྟར་རྟོགས་པའི་མཁས་པ་ཡིས། ། རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་།། སེམས་ཅན་མ་མཐོང་སངས་རྒྱས་མཐོང་། ། ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། ། ཞེས་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་གཟིགས་པའི་གཟིགས་ངོར་རྣམ་ཤེས་འཁྲུལ་བ་ལ་སྣང་བ་དེ་མ་མཐོང་། ཡེ་ཤེས་མ་འཁྲུལ་བ་ལ་སྣང་བ་དེ་མཐོང་། ཡེ་ཤེས་ཀྱིས་ཆོས་ཉིད་གཟིགས་ངོར་ཆོས་ཅན་སེམས་ཅན་མེད། སངས་རྒྱས་ཏེ་ཆོས་སྐུའི་མིང་ཅན་གྱི་ཆོས་ཉིད་ཡོད་ཅེས་ལྟ་བ་འཇོག་མཚམས་དབུ་མ་ཐལ་འགྱུར་བ་དང་ཤིན་ཏུ་མཐུན་པར་གསུངས་སོ། ། འོན་ཀྱང་མར་བ་ལ་མཁས་གྲུབ་ཀྱི་བླ་མ་བརྒྱ་རྩ་བརྒྱད་ཡོད་ཅིང་། དེ་དག་གི་གདམས་པ་མཐའ་ཡས་པ་མངའ་བས་ན། སློབ་མ་འགའ་ཞིག་གི་རྒྱུད་ཚོད་ལ་གཟིགས་ནས་སེམས་ཙམ་དང་མཐུན་པའི་གདམས་པ་ཕོག་པའང་མཆིས་ལ། མི་ལའི་གསུང་མགུར་འགའ་ཞིག་ཏུའང་། རྣལ་འབྱོར་བཞིའི་ངོ་སྤྲོད་མཛད་ཅིང་དེ་དག་ལ་ཡང་དབུ་སེམས་ཀྱི་ལྟ་བའི་བཤད་པ་ཅི་རིགས་པར་སྣང་ངོ་། ། དེས་ན་མར་མི་སོགས་ཚད་ལྡན་གྱི་དམ་པ་གོང་མ་རྣམས་སློབ་མ་བཀྲི་བ་ལ་མཁས་པའི་སློབ་དཔོན་ཡིན་པས། ཞུ་བ་བོའི་བློ་ཚོད་ལ་གཟིགས་ནས་ལྟ་སྒོམ་སྤྱོད་པ་གང་མཚམས་རེ་གསུངས་པ་ལས་ཤེས་ཚད་མཐའ་དག་ལྷུག་པར་འཆད་པའི་དེང་སང་གི་འཆད་པ་བོ་རྣམས་དང་མི་འདྲ་བས་ལྟ་བ་གང་དག་གསུངས་པ་ཐམས་ཅད་མཐའ་གཅིག་ཏུ་དབུ་མའི་ལྟ་བ་ཡིན་པའི་ངེས་པ་མི་འདུག་གོ །

ཕྱག་རྒྱ་ཆེན་པོའི་མིང་འདོགས་ནི། རྗེ་བཙུན་གྱི་མགུར་དུའང་། ཕྱག་རྒྱ་ཆེན་པོ་ལྟ་བའི་རྫོང་། ། ཞེས་སོགས་ཕྱག་ཆེན་གྱི་སྒྲ་སྒྲོག་ཙམ་འབྱུང་ནའང་། གྲགས་ཆེ་བར་མཛད་པ་བོ་ནི་དྭགས་པོ་ལྷ་རྗེ་ཡིན་ཏེ། དེ་ཉིད་ཀྱི་གསུང་ལས་ལྟ་བའི་ངོ་སྤྲོད་ལ་ཕར་ཕྱིན་གྱི་ཐེག་པའི་ལུགས་དང་སྔགས་ཀྱི་ལུགས་གཉིས་འབྱུང་ཞིང་། གཉིས་ཀ་ལའང་ཕྱག་རྒྱ་ཆེན་པོའི་གདམས་ངག་གི་མིང་འདོགས་པར་མཛད་ཅིང་། ཕར་ཕྱིན་ཐེག་པའི་ལུགས་ལ་སྟོང་ཉིད་ལ་ཕྱག་རྒྱ་ཆེན་པོར་གསུངས་པ་ཡོད་ཚུལ་མདོ་ལུང་མང་དུ་དྲངས་ནས་བསྒྲུབས་པའི་བསྟན་བཅོས་ཀྱང་མཛད་དོ། ། དཀར་པོ་ཆིག་ཐུབ་ཅེས་པའི་ཐ་སྙད་ཞང་ཚལ་པ་ཡན་ལ་དེ་འདྲའི་ཐ་སྙད་གྲགས་མི་ཆེ་ཞིང་། ཞང་གིས་དཀར་པོ་ཆིག་ཐུབ་ལ་གཙོ་བོར་བྱས་པའི་བསྟན་བཅོས་མཛད་ནས་དེ་ཕྱིན་ཆད་ལ་གྲགས་ཆེ་བར་གྱུར་ཏོ། །

དེ་ལྟ་ན་མར་བ། མི་ལ། སྒམ་པོ་བ་རྣམས་དང་། རེ་དག་གི་སློབ་མ། ཕག་གྲུ། འབྲི་གུང་སྐྱུ་ར། གླིང་རས་པ་། དུས་གསུམ་མཁྱེན་པ། སྟག་ལུང་པ་སོགས་ལྟ་བའི་བཞེད་པ་མཐུན་ཅིང་། སྣང་ཕྱོགས་རྟེན་འབྲེལ་ལ་གཙིགས་སུ་མཛད་པ་དང་། སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་མི་འདོར་བའི་ལུགས་སུ་སྣང་ངོ་། ། འོན་ཀྱང་དེ་དག་གི་གསུང་འབུམ་རྣམས་སུ་སློབ་མ་མཁས་དུ་མའི་ཟིན་བྲིས་ཉག་ཉོག་མང་པོ་བཅུག་པ་ལ་ཡིད་བརྟན་མི་སྣང་ངོ་། ། ཞེས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསུངས་སོ། །

འོ་ན་རྗེ་བཙུན་མི་ལས་སྒམ་པོ་བར་གསུངས་པའི་མགུར་དུ། རང་སེམས་སྟོང་པར་རྟོགས་ཙ་ན། ། གཅིག་དང་དུ་མར་མ་སྤྲེལ་ཅིག ། ཆད་པའི་སྟོང་པར་འགྲོ་ཉེན་ཡོད། ། བུ་སྤྲོས་པ་མེད་པའི་ངང་ལ་ཞོག། ཅེས་པ་ཅི་ལྟར་དྲང་ཞེ་ན། སེམས་རང་བཞིན་མེད་པར་གཏན་ལ་ཕབ་པར་ངེས་པ་འདྲོངས་ཏེ་དེའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་དུས་སུ་གཅིག་ཏུ་བྲལ་གྱིས་དཔྱོད་པ་མི་བྱེད་པའི་དོན་ཡིན་ཏེ། རང་སེམས་སྟོང་པར་རྟོགས་ཙ་ན། ། ཞེས་མཚམས་འཛིན་མཛད་འདུག་པས་སོ། །

བཀའ་བརྒྱུད་གོང་མ་དེ་དག་གི་ཕྱག་ཆེན་ལ། མདོ་སྔགས་ཀྱི་དབྱེ་བས་གཉིས་བཞེད་པའི་སྔ་མ་ནི་སེམས་ཀྱི་ངོ་བོའི་སྟེང་དུ་རྩེ་གཅིག་ཏུ་འཇོག་པའི་མི་རྟོག་པ་བསྒོམས་ཏེ་གནས་པ་བསྒྲུབས། དེ་ལྟར་བསྒྲུབས་པའི་དམིགས་པ་ལ་གནས་པའི་སེམས་གསལ་གསལ་རིག་རིག་པོ་དེ་ལུས་ཀྱི་ཕྱི་ན་འདུག་གམ་ནང་ན་འདུག་པ་སོགས་ཀྱི་སེམས་འཚོལ་རྒྱབ་པས་སེམས་ཀྱི་ངོ་བོ་གཅིག་ཀྱང་མ་བརྙེད་པའི་བདེན་མེད་དུ་ངེས་པའི་ཚེ། བདེན་མེད་དེས་ཁྱད་པར་དུ་བྱས་པའི་སེམས་ཀྱི་ངོ་བོའི་སྟེང་དུ་རྩེ་གཅིག་ཏུ་འཇོག་པ་སྟོང་ཉིད་མ་ཡིན་དགག་གི་ཚུལ་དུ་བསྒོམ་པ་ཡིན་ཞེས་བཞེད་དོ། །

སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་ཆེན་གྱི་འོད་གསལ་ལ་བཞེད་ཅིང་། དེ་ནི་གྲུབ་པ་སྡེ་བདུན་དང་། སྙིང་པོ་སྐོར་གསུམ་དུ་གྲགས་པའི་བརྗོད་བྱའི་གཙོ་བོ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་གི་སྙིང་པོའི་སྙིང་པོའི་སྙིང་པོ་ཉིད་དོ། ། དེ་སྒོམ་པ་ལ་ཐོག་མར་གཉུག་སེམས་མངོན་དུ་བྱེད་དགོས་ཤིང་། དེ་ལ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དགོས་པས། གཉུག་སེམས་ཀྱི་ངོ་བོ་གཏན་ལ་ཕབ་སྟེ་དེའི་སྟེང་དུ་རྩེ་གཅིག་ཏུ་བཞག་པས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་། དེའི་སྟོབས་ཀྱིས་ལྟེ་གསང་གི་གཏུམ་མོ་འབར་བ་ལ་བརྟེན་ནས་ཞུ་བ་དེས་དྲངས་པའི་དགའ་བཞི་སྐྱེས་ཏེ་གཉུག་སེམས་བདེ་བ་ཆེན་པོའི་ངོ་བོར་སྐྱེ། དེ་ཡུལ་སྟོང་པ་ཉིད་དང་དབྱེར་མེད་དུ་གྱུར་པའི་བདེ་སྟོང་གི་ཡེ་ཤེས་ལ་རྩེ་གཅིག་ཏུ་བཞག་པས་རྣལ་འབྱོར་བཞི་རིམ་གྱིས་བགྲོད་དེ་མཆོག་འགྲུབ་པར་འགྱུར་ལ། དེ་ལྟ་བུའི་བདེ་བ་དང་སྟོང་པ་ཐབས་ཤེས་ཟུང་དུ་འབྲེལ་བ་ལ་ཕྱག་ཆེན་པོ་བསྒོམ་པ་དཀར་པོ་ཆིག་ཐུབ་ཅེས་པའི་ཐ་སྙད་མཛད་དོ། །

ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པའི་གང་ཟག་ལ་དབང་པ་རྣོ་རྟུལ་གཉིས་ལས། རླུང་དབུ་མར་སྡུད་པའི་ལམ་བསྒོམ་མི་ནུས་པའི་དབང་རྟུལ་གྱིས་རེ་ཞིག་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་ཕྱག་ཆེན་སྒོམ་པར་བྱེད་པ་ཡིན་ལ། དབང་རྣོན་ལའང་གཉིས་ཏེ། ཚེ་སྔོན་མའམ་ཚེ་སྟོད་ཡན་ལ་ལམ་སྔ་མ་སྔ་མ་ལ་སྤྱངས་ནས་རླུང་དབུ་མར་འཇུག་པ་བྱང་བ་ཞིག་ཡིན་ན། དང་པོ་ཉིད་ནས་སེམས་ཀྱི་ངོ་བོའི་སྟེང་དུ་རྩེ་གཅིག་ཏུ་བཞག་སྟེ་བསྒོམས་པ་ཉིད་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པས་གཉུག་སེམས་མངོན་སུམ་དུ་ཉམས་སུ་མྱོང་བར་འགྱུར་ལ། འདི་ལ་གང་ཟག་ཅིག་ཆར་བའི་ཐ་སྙད་མཛད་དེ། ཀཱ་དཔེ་ལས། གང་ཟག་སྦྱངས་པའི་འཕྲོ་ཅན་ལ། ཅིག་ཆར་བ་ནི་བསྟན་པར་བྱ། ། ཞེས་དང་། རིན་ཆེན་ཐེམ་སྐས་ལས། ཅིག་ཆར་བ་ཡི་གང་ཟག་དེ།། ཚོགས་བསགས་བསགས་པའི་གང་ཟག་ཡིན། ། རྒྱུད་སྦྱངས་སྦྱངས་པའི་གང་ཟག་ཡིན། ། བློ་བཏུལ་བཏུལ་བའི་གང་ཟག་ཡིན། ། ཉམས་སྐྱེས་སྐྱེས་པའི་གང་ཟག་ཡིན། ། གང་ཟག་མཆོག་ཏུ་གྱུར་པ་ཡིན། ། ཞེས་སོ།། འདི་ནི་རྗེ་བླ་མས་ཀྱང་བཞེད་དེ། རླུང་དབུ་མར་འཇུག་པ་ལ་བྱང་བ་ཞིག་གིས་དམིགས་པ་ཅི་ལ་གཏད་ཀྱང་རླུང་དབུ་མར་འཇུག་པ་ཞིག་སྣང་ངོ་། ། ཞེས་གསུངས་པས་སོ། །

ཚེ་སྔ་མའམ་ཚེ་སྟོད་ཡན་ཆད་ལ་ལམ་སྔ་མ་སྔ་མ་ལ་མ་སྦྱངས་པ་ཞིག་ཡིན་ན། ལམ་ཐུན་མོང་བ་དང་། དབང་དང་། བསྐྱེད་རྫོགས་སོགས་སྔོན་དུ་འགྲོ་དགོས་ཤིང་། དེ་ལྟ་བུ་ལ་གང་ཟག་རིམ་གྱིས་པའི་ཐ་སྙད་མཛད་དེ། ཀཱ་དཔེ་ལས། གང་ཟག་དང་པོའི་ལས་ཅན་ལ། ། རིམ་གྱིས་པ་ནི་བསྟན་པར་བྱ། ། ཞེས་སོ། །

ཕྱིས་ཀྱི་བཀའ་བརྒྱུད་པ་རྣམས་ཀྱིས་སེམས་ཀྱི་གཞི་རྩ་བཅད་ནས་སྒོམ་པའི་ཚུལ་ལ་མི་འདྲ་བ་མང་དུ་འདོད་དེ། ཁ་ཅིག་ནི་མཉམ་བཞག་གི་ངང་ནས་རང་གི་སེམས་ཕྱི་དང་ནང་དང་སྐྱེ་བ་དང་གནས་པ་དང་འགག་པ་གང་དུ་གྲུབ་དཔྱད་པ་ན། གང་དུ་ཡང་མ་གྲུབ་པར་མཐོང་བའི་ཚེ། སེམས་ཀྱི་གཞི་རྩ་ཆོད་པ་དང་། སེམས་ངོ་འཕྲོད་པ་དང་། ཕྱག་ཆེན་གྱི་དོན་ཐོབ་པ་ཡིན་ཏེ། དོ་ཧ་ལས། སེམས་དང་སྣང་བ་ཐམས་ཅད་ནི། ། བཙལ་ན་མི་རྙེད་འཚོལ་མཁན་གང་ནའང་མེད། ། མེད་པ་དུས་གསུམ་མ་སྐྱེས་མ་འགགས་པས། ། དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། ། རང་བཞིན་བདེ་མ་ཆེན་པོའི་གནས་ལུགས་ཡིན། ། དེ་ཕྱིར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུར། ། ཞེས་པའི་དོན་དུ་འདོད། ཡང་འགའ་ཞིག་ནི་སེམས་བཙལ་བས་རང་གི་ལུས་འདིའི་སྤྱི་བོ་ནས་རྐང་མཐིལ་བར་གྱི་ཆ་ཤས་གང་དུ་ཡང་མ་གྲུབ་པ་དང་། ཁ་དོག་དབྱིབས་སོགས་གཟུགས་ཅན་དང་གང་དུ་ཡང་མ་གྲུབ་པར་མཐོང་བ་དེ་སེམས་ཀྱི་ཆོས་ཉིད་མཐོང་བ་སོགས་ཡིན་ཏེ། ཞང་རིན་པོ་ཆེས། ཀུན་གྱི་ས་བོན་རང་སེམས་གནས་ལུགས་ནི།། རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་དང་ནི། ། ཡེ་ནས་ཁྱད་མེད་ཡེ་ཤེས་ཆོས་སྐུར་སྣང་། ། བེམ་པོ་མ་ཡིན་རང་གི་ངང་གིས་གསལ།། དངོས་པོར་མ་གྲུབ་ཁ་དོག་ཚད་ཀྱིས་སྟོང་། ། ཞེས་གསུངས་པས་སོ་སྙམ་དུ་དགོངས། ཡང་ལ་ལ་ནི། སྔར་འདས་ཀྱི་ཤེས་པའི་རྗེས་མི་གཅོད། མི་འོངས་པའི་ཤེས་པའི་སྔུན་མི་བསུ། དེ་ལྟར་གྱི་ཤེས་པ་སོ་མ་མ་བཅོས་པ་དེའི་ངང་དུ་ལྷན་ནེ་བཞག་པས་སེམས་ཀྱི་ངོ་བོ་རྗེན་ཆེར་གྱིས་མངོན་སུམ་དུ་མཐོང་ལ། དེའི་ཚེ་སེམས་ཀྱི་རྩ་བ་ཆོད་ཅིང་སེམས་ངོ་འཕྲོད་པ་ཡིན་ཏེ། ས་ར་ཧས། སོ་མ་མ་བཅོས་ལྷུག་པར་ཅིང་སེམས་ངོ་འཕྲོད་པ་ཡིན་ཏེ། ས་ར་ཧས། སོ་མ་མ་བཅོས་ལྷུག་པར་བཞག ། ཅེས་སོགས་དང་། གྲུབ་ཆེན་གླིང་གིས། མ་བཅོས་སོ་མར་བཞག་ན་རྟོགས་པ་འཆར། ། ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། ། དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོངས་ལ། ། རྟག་ཏུ་མཉམ་པར་ཞོག་ཅིག་རྣལ་འབྱོར་བ། ། ཞེས་གསུངས་པ་ལྟར་རོ་གསུངས། གཞན་དག་ནི། སེམས་ལ་གཟུགས་སྒྲ་སོགས་ཡུལ་གང་དང་གང་གི་རྣམ་པར་ཤར་བ་དང་། དགེ་མི་སོགས་བཟང་ངན་གྱི་རྣམ་རྟོག་ཅི་ཤར་ཡང་། དགག་སྒྲུབ་ཅུང་ཟད་ཀྱང་མི་བྱེད་པར་དེ་ཁའི་ངོ་བོ་ལ་ཅེར་གྱིས་བལྟས་པས་རང་ཡལ་དུ་འགྲོ། དེ་རྗེས་གང་དུའང་ངོས་བཟུང་མེད་པའི་སྟོང་སང་ཧད་དེ་བ་དེ་ལ་འཇོག་ཅིང་། དེ་ལྟར་མཐོང་བ་ཆོ་ས་ཉིད་རྟོགས་པ་དང་། སེམས་ངོ་འཕྲོད་པ་ཡིན་ཏེ། གངྒཱ་མ་ལས། བློ་འདས་བྱར་མེད་དོན་དེ་རྟོགས་འདོད་ན། ། རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག ། རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག ། སྣང་བ་དགག་སྒྲུབ་མི་བྱ་རང་སོར་ཞོག ། སྤང་ལེན་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། ། ཞེས་འབྱུང་ལྟར་རོ་ཞེས་བཞེད། ཡང་མང་པོ་ཞིག་ནི། རྣམ་རྟོག་གི་རིས་ཅི་སྐྱེས་ཀྱང་རང་ཡལ་དུ་མི་གཏོང་བར་ཐོག་བརྫིས་བྱས། དེ་ཁའི་སྟེང་དུ་ཇེ་རྒྱས་སུ་བཏང་བས་རང་གྲོལ་དུ་འགྲོ་བས་ཤར་གྲོལ་དུས་མཉམ་པ་སྟེ། རྣམ་རྟོག་ཅི་ཙམ་མང་བ་ཙམ་གྱིས་ཆོས་སྐུ་གྲངས་མང་བ་ཡིན་ཏེ། བླ་མ་ཞང་གིས། དེ་ལྟར་བཞག་པའི་རང་ཉིད་ནས། ། རྣམ་རྟོག་ཐོལ་གྱིས་བྱུང་གྱུར་ན། ། དེ་ཉིད་འོད་གསལ་ཆོས་སྐུ་ལས། ། གཞན་ཞིག་སྙམ་དུ་མ་སེམས་ཤིག ། དེ་ཕྱིར་རྣམ་རྟོག་འཕྲོ་བ་དེ། ། སྟོང་ཉིད་ལས་ནི་སྟོང་ཉིད་འཕྲོ། ། ཆོས་སྐུ་ལས་ནི་ཆོས་སྐུ་འཕྲོ། ། ཟུང་འཇུག་ལས་ནི་ཟུང་འཇུག་འཕྲོ། ། ཞེས་པའི་དོན་དུ་འདོམས་སོ། ། འདི་དག་ནི་ཕྱག་ཆེན་ཡང་གསལ་སྒྲོན་མེ་ལས་གསུངས་པ་སྒྲ་སོར་བཞག་ཏུ་བྲིས་པ་ཡིན་ལ། དེ་དག་གིས་མཚོན་པའི་ཕྱིས་ཀྱི་བཀའ་བརྒྱུད་པའི་སེམས་འཚོལ་གྱི་མན་ངག་ཡི་གེར་བྲིས་པ་ཕལ་ཆེ་བར་ཤིན་ཏུ་ཕྲ་བའི་གཉུག་སེམས་ཀྱི་ལབ་གླེང་མེད་པར། སེམས་རགས་པ་ང་འགྲོ་ང་འདུག་སྙམ་པ་སོགས་ངང་ངམ་ཤུགས་ཀྱིས་འཆར་བ་དེ་བྱུང་གནས་འགྲོ་གསུམ་གྱིས་བཙལ་ཚུལ་འབའ་ཞིག་བཤད་འདུག་པ་ནི་དུས་ཀྱི་དབང་གིས་གདུལ་བྱའི་བློ་ཚོད་དང་བསྟུན་ནས་ད་ལྟའི་སེམས་ཀྱི་གནས་ལུགས་གཉུག་མའི་གཤིས་དེ་ཁ་གཏན་ལ་ཕབ་ནས་གོམས་པ་ན། ཤིན་ཏུ་ཕྲ་བའི་གཉུག་སེམས་ཀྱི་སྟེང་དུ་ཁ་སྤོ་བ་ལས་སླ་བར་དགོངས་སམ་སྙམ་མོ། ། འོན་ཀྱང་ཡི་གེ་འགའ་ཞིག་ན་སེམས་ཀུན་རྫོབ་པའི་གནས་ལུགས་ཙམ་ལས་དོན་དམ་གྱི་གནས་ལུགས་གཏན་འབེབས་པའི་རིགས་པ་རྣམས་ནི་ཆེད་དུ་དོར་བྱར་བྱས་འདུག་པ་ནི་གཞུང་ལུགས་ལ་མ་སྦྱངས་པས་ལན་པའོ། ། དེའི་ཕྱིར་བདག་གི་བླ་མ་ཐམས་ཅད་མཁྱེན་པས། ལེགས་པར་ཤེས་ན་གཅིག་ཏུ་བྲལ་གྱི་གཏན་ཚིགས་ཁོ་ན་བསྒོམས་ཀྱང་བསྒོམ་རྒྱུས་ཕོངས་པ་མི་འདུག་པས་རང་སེམས་ཆོས་སྐུའི་རང་ཞལ་ལྟ་བར་རློམ་པ་རྣམས་ཀྱིས་ཀྱང་རིགས་པ་འདི་ཙམ་རེ་བསླབས་ནས་ལུས་གནད་བསྲིངས་ན་ལེགས་པར་མངོན་ནོ་ཞེས་གསུངས་སོ། ། ད་དུང་བཤད་པར་བྱ་བ་ཆེས་མང་ཡང་ཡི་གེ་མང་དུ་དོགས་པས་མ་བྲིས་སོ། །

བཀའ་བརྒྱུད་གོང་མ་འགའ་ཞིག་གིས། ཕྱག་ཆེན་གྱི་ལམ་ལ་རྣལ་འབྱོར་བཞིའི་རྣམ་གཞག་མཛད་དེ། སེམས་ལ་རྩེ་གཅིག་ཏུ་དམིགས་པས་རྩེ་གཅིག་དང་། སེམས་སྤྲོས་བྲལ་དུ་རྟོགས་པས་སྤྲོས་བྲལ་དང་། སྣང་སེམས་རོ་གཅིག་ཏུ་རྟོགས་པས་རོ་གཅིག་དང་། མཚན་བཅས་ཀྱིས་སྒོམ་དུ་མེད་པས་སྒོམ་མེད་དེ་བཞི་ཡིན་ལ། ས་མཚམས་རྗེ་རྒོད་ཚང་བས་ནི་དང་པོ་མོས་སྤྱོད། གཉིས་པ་མཐོང་ལམ། གསུམ་པ་ས་གཉིས་པ་ནས་བདུན་པའི་བར། བཞི་བ་དག་ས་སོགས་ཀྱི་ངོ་བོར་བཞེད། ཞང་རིན་པོ་ཆེ་ནི། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། ། རྨོངས་པས་ས་ལམ་རྩི་བ་འཁྲུལ། ། འོན་ཀྱང་རྨོངས་པ་དགའ་བའི་ཕྱིར། ། མཚན་ཉིད་ཐེག་པའི་ས་ལམ་རྣམས། ། འདིར་ཡང་ངོ་བོ་བརྩི་བར་བྱ། ། གསུང་ཞིང་རྩི་ཚུལ་རྗེ་རྒོད་ཚང་བ་དང་འདྲ་བར་བཞེད་དོ། །

བཀའ་བརྒྱུད་གོང་མ་རྣམས་ཀྱིས་དངོས་གཞི་ཕྱག་ཆེན་གྱི་ཉམས་ལེན་གཞིར་བཞག་ལ། ལས་དང་པོ་བས་དེ་རྒྱུད་ལ་སྐྱེ་བ་ལ་མེད་མི་རུང་གི་ཡན་ལག་མང་པོ་ཞིག་དགོས་པར་གཟིགས་ནས་འཁྲིད་ལུགས་ཀྱི་རྣམ་གྲངས་མང་པོ་ཞིག་མཛད་འདུག་སྟེ། རྗེ་སྒམ་པོ་བ་ནི། ལྷག་ཅིག་སྐྱེས་སྦྱོར་དང་། འབྲི་གུང་འཇིག་རྟེན་མགོན་པོས་ནི་ལྔ་ལྡན་དང་། གཙང་པ་རྒྱ་རས་པ་སོགས་ཀྱིས་ཁྲིད་ཆེན་བརྒྱད། རོ་སྙོམས་སྐོར་དྲུག་རི་ཆོས་རྣམས་འདོམས་པའི་སྒོ་ནས་སློབ་མ་འཁྲིད་པར་མཛད་དོ། །

དེ་དག་ལས་ལྷན་ཅིག་སྐྱེས་སྦྱོར་གྱི་སྒྲ་དོན་ནི། འགྲོ་མགོན་གྱིས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། ། དང་པོ་ལྷན་ཅིག་སྐྱེས་པ་དེ། ། གདམས་པས་གཅིག་ཏུ་སྦྱོར་བའི་ཕྱིར། ། ལྷན་ཅིག་སྐྱེས་སྦྱོར་ཞེས་སུ་བཤད། ། ཅེས་གསུངས་ཤིང་། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། ། རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས།། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། ། སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པའོ། ། ཞེས་པའི་དོན་མོས་གུས་དང་ཞེན་ལོག་གཙོ་བོར་བྱས་པའི་ངོས་ནས་སྔོན་འགྲོ་སྦྱོར་བ་བཞི་ལྡན། དངོས་གཞི་ངོ་སྤྲོད་རྣམ་གཉིས། རྗེས་ཉམས་མྱོང་སྣང་ཐོག་ཏུ་སྐྱོང་བ་གསུམ་གྱིས་འཆད་པའི་སྔོན་འགྲོ་ནི་སྤྱི་དང་མཚུངས་ཤིང་། དངོས་གཞི་གཉིས་ནི་ཞི་ལྷག་གཉིས་ལ་ངོ་སྤྲོད་པའོ། །

ལྔ་ལྡན་ནི། འཇིག་རྟེན་མགོན་པོའི་ཞལ་ནས། ཕྱག་རྒྱ་ཆེན་པོ་སེང་གེ་འདྲ་སྟེ། ལྔ་ལྡན་མེད་ན་མིག་མེད་ཡིན། ཞེས་གསུངས་པ་ལྟར། ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པ་ལྔ་ལྡན་མེད་མི་རུང་ཡིན་པས་བཀའ་བརྒྱུད་ཕྱོགས་ལ་གདམས་པ་འདི་འཕྲིན་ལས་ཤིན་ཏུ་ཆེ་ཞིང་། འཇིག་རྟེན་མགོན་པོས་རྩ་བ་མགུར་དུ་བཞེས་པ་ནི། བྱང་ཆུབ་སེམས་ཀྱི་རྟ་ཕོ་ལ། ། གཞན་ཕན་གྱི་དཀྱུས་ཐོག་མ་ཅན། ། ཁྲོམ་ལྷ་མི་འོར་ཆེ་མི་འབྱུང་བས། ། སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། ། རང་ལུས་ལྷ་སྐུའི་རྒྱལ་པོ་ལ།། འགྱུར་མེད་ཀྱི་གཏན་ས་མ་ཟིན་ན། ། མཁའ་འགྲོའི་འཁོར་འབངས་མི་འདུ་བས། ། ལུས་ཡི་དམ་ལྷ་ལ་ནན་ཏན་བསྐྱེད། ། བླ་མ་བཞིའི་གངས་རི་ལ། ། མོས་གུས་ཀྱི་ཉི་མ་མ་ཤར་ན། ། བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། ། སེམས་མོས་གུས་འདི་ལ་ནན་ཏན་མཛོད། ། སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ།། རྣམ་རྟོག་གི་སྤྲིན་ཚོགས་མ་དྭངས་ན། ། མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས།། སེམས་མི་རྟོག་འདི་ལ་ནན་ཏན་མཛོད། ། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། ། སྨོན་ལམ་གྱིས་བྱི་དོར་མ་བྱས་ན། ། དགོས་འདོད་ཀྱི་འཕྲིན་ལས་མི་འབྱུང་བས། ། རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། ། ཅེས་པ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམ་པ། རང་ལུས་ལྷར་བསྒོམ་པ། བླ་མ་ལ་མོས་གུས་བསྒོམ་པ། མི་རྟོག་པའི་ལྟ་བ་བསྒོམ་པ། བསྔོ་སྨོན་གྱི་རྒྱས་འདེབས་པ་དང་ལྔའོ། །

ཁྲིད་ཆེན་བརྒྱད་ནི། བླ་མ་སྐུ་གསུམ་གྱི་ཁྲིད། བྱམས་སྙིང་རྗེའི་ཁྲིད། རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད། ལྔ་ལྡན་བདུས་རྩི་ཐིགས་པའི་ཁྲིད། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ནཱ་རོ་ཆོས་དྲུག་གི་ཁྲིད། ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད། གསང་སྤྱོད་ལྡོག་སྒོམ་གྱི་ཁྲིད་རྣམས་སོ། །

སྤྱན་སྔ་ཆོས་དྲུག་ན་རྒྱུ་འབྲས་རྟེན་འབྲེལ་དང་། ལྔ་ལྡན་བདུད་རྩི་ཐིགས་པ་མི་བགྲངས་པར། དེའི་ཚབ་ཏུ་དག་སྣང་ཞིང་སྦྱོང་གི་ཁྲིད་ཅེས་འདུག དེ་ལྟ་ན་བདུན་ལས་མ་བྱུང་བས་བྱམས་སྙིང་རྗེ་སོ་སོར་བྱེད་པ་ཡིན་ནམ་བརྟག་གོ༈། གསང་སྤྱོད་ལྡོག་སྒོམ་ནི། གཙོ་བོར་གཏུམ་མོ་ལ་སོགས་པའི་ལམ་གྱི་བོགས་འབྱིན་པའི་སྤྱོད་པ་ཉིད་ཡིན་ལ། གཞན་རྣམས་ནི་ཤེས་སླའོ། །

རོ་སྙོམས་སྐོར་དྲུག་ནི། རྣམ་རྟོག་ལམ་ཁྱེར། ཉོན་མོངས་ལམ་ཁྱེར། ན་ཚ་ལམ་ཁྱེར། ལྷ་འདྲེ་ལམ་ཁྱེར། སྡུག་བསྔལ་ལམ་ཁྱེར། འཆི་བ་ལམ་ཁྱེར་རོ། ། དེ་ལས་དང་པོ་ལྔ་ཕྱག་རྒྱ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱི་ལམ་ཁྱེར་ཡིན་ལ། འཆི་བ་ལམ་ཁྱེར་ཞེས་པ་ཆོས་དྲུག་གི་བར་དོའི་གདམས་པ་ལས་འཕྲོས་པའོ། །

རི་ཆོས་ནི་ཟབ་ཆོས་རྒྱན་བཞི་སྐོར་གསུམ་ཞལ་གདམས་ཀྱིས་བརྒྱན་པ་ཞེས་བཤད་པས། རྒྱན་བཞི་ནི། རི་ཆོས་ཡོན་ཏན་ཀུན་འབྱུང་། གསང་བ་དབང་གི་གྲུ་བོ་ཆེ། རྡོ་རྗེ་ལུས་ཀྱི་སྦས་བཤད། བར་དོའི་ཁྲིད་དང་བཞིའོ། །

དང་པོ་ཡོན་ཏན་ཀུན་འབྱུང་ནི། བརྗོད་བྱའི་དངོས་གཞི་སྐྱེས་སྦྱོར་དང་ཆོས་དྲུག་གི་རྒྱབ་ཆོས་ཡིན་ཞིང་། གང་དུ་བསྒོམ་པའི་གནས་ཀྱི་མཚན་ཉིད་དང་རིམ་གཉིས་ཀྱི་སྔོན་འགྲོ་སྡོམ་པ་གསུམ་གྱི་རྣམ་གཞག་རྣམས་སོ། །

དབང་གྲུ་ནི། བདེ་མཆོག་ནག་པོ་བ་གཙོ་བོར་སྟོན་པའི་དཀྱིལ་ཆོག་དང་། གཞན་ཡང་སྐྱེས་སྦྱོར་དང་ཆོས་དྲུག་ལ་མཁོ་བའི་དམིགས་སྐོར་མང་དུ་ཡོད། སྦས་བཤད་ཀྱིས་གཞི་དངོས་པོའི་གནས་ཚུལ་གཏན་ལ་འབེབས། །

བར་དོའི་ཁྲིད་ནི། རྗེ་བཙུན་གྱིས་ཚེ་རིང་མ་ལ་བར་དོར་དྲུག་ཏུ་ཕྱེ་ནས་གསུངས་པའི་འགྲེལ་བའོ། །

སྐོར་གསུམ་ཞལ་གདམས་རྒྱན་ལ། དམར་ཁྲིད་གེགས་སེལ་གྱི་རྒྱན། མགུར་འབུམ་དཀར་ཆག་གི་རྒྱན། སིལ་བུའི་སྡེ་ཚན་ཕྲན་ཚེགས་ཀྱི་རྒྱན་གསུམ་ལས། ༈ དང་པོ་ནི། གོང་གི་གདམས་པ་དེ་རྣམས་ཀྱི་གེགས་སེལ་དང་༑༈ གཉིས་པའི་བརྗོད་བྱའི་གཙོ་བོ་ཆོས་དྲུག་དང་སྐྱེས་སྦྱོར།༈ ཕྱི་མ་ནི་གསུང་སྒྲོས་ཐོར་བུ་རྣམས་སོ། །

(༥)ཅུང་ཟད་དཔྱད་པ།

༄༅། ། ཅུང་ཟད་དཔྱད་པ་ནི། མཉམ་མེད་དྭགས་པོ་རིན་པོ་ཆེས་ཕར་ཕྱིན་ཐེག་པའི་ལུགས་ལ་སྟོང་ཉིད་ལ་ཕྱག་རྒྱ་ཆེན་པོར་གསུངས་པ་ཡོད་ཚུལ་མདོ་ལུང་མང་པོ་དྲངས་ནས་བསྒྲུབས་པའི་བསྟན་བཅོས་མཛད་པ་ལས། འགའ་ཞིག་གིས། མདོ་ཚིག་དེ་འདྲ་བཀའ་འགྱུར་ན་མི་སྣང་ཞེས་ཟེར་མོད། རྒྱ་ནག་ཏུ་འགྱུར་བའི་བཀའ་འགྱུར་ཁྲོད་ན་མདོ་དེ་དག་སྣང་ལ། ཚིག་རིས་ཇི་ལྟ་བ་བཞིན་མིན་ཀྱང་། དོན་གཅིག་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་སོགས་བོད་དུ་འགྱུར་བའི་མདོ་གཞན་འགའ་ཞིག་ནའང་སྣང་ངོ་། ། ཞེས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསུངས་སོ། །

འཇམ་དབྱངས་ས་པཎ་གྱིས་སྡོམ་གསུམ་རབ་དབྱེར། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། ། དབང་ལས་སྐྱེས་པའི་ཡེ་ཤེས་ལགས། ། ཞེས་འབྱུང་བ་ལ་བརྟེན་ནས་འགའ་ཞིག་གིས་ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད་ཟེར་བ་མི་འཐད་པར་སེམས་ཏེ། ཕ་རོལ་ཏུ་ཕྱིན་པའི་གདུལ་བྱ་རབ་འབྲིང་ཐ་གསུམ་ཀས་ཀྱང་སེམས་རྟེན་ཞི་ལྷག་ལ་གནས་ནས་ཕྱག་རྒྱ་ཆེན་པོ་ཐབས་ཤེས་གཉིས་མེད་དུ་བསྒོམ་པར་པཎ་གྲུབ་མཁས་པ་དུ་མས་བཤད་པའི་ཕྱིར་ཏེ། ཡེ་ཤེས་གྲགས་པའི་བཀའ་མ་ལུས་པ་བསྡུས་པའི་རབ་དབྱེ་ལས། ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པའི་དབང་པོ་རབ་ཞིག་གནས་དང་ལྷག་མཐོང་བསྒོམས་པས་སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ནས་ཕྱག་རྒྱ་ཆེན་པོ་ལས་བྱུང་བ་ཡང་དག་པར་རྟོགས་པའི་ཕྱིར་མི་ལྡོག་པའི་རྟགས་ཉིད་དང་། ཞེས་དང་། ཡང་དེ་ཉིད་ལས། འདི་རྣམས་ཀྱང་དང་པོའི་ཞི་གནས་དང་ལྷག་མཐོང་བསྒོམས་པ་ནི་ཕྱག་རྒྱ་ཆེན་པོའི་གཉིས་སུ་མེད་པའི་སྦྱོར་བ་བསྒོམ་པ་ལ་འཇུག་པའི་ཕྱིར་ཡིན་ནོ། ། ཞེས་གསུངས་པའི་ཕྱིར་རོ། ། དེར་མ་ཟད་སྟོང་པ་ཉིད་ལ་ཕྱག་རྒྱ་ཆེན་པོའི་ཐ་སྙད་འཇུག་པ་ནི། ཏིང་འཛིན་རྒྱལ་པོ་ལས། ཆོས་རྣམས་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། ། ཞེས་སོགས་ཀྱིས་ཀྱང་བསྟན་པའི་ཕྱིར་རོ། །

འོ་ན་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཀ་ཕྱག་ཆེན་དུ་འགྱུར་རོ་ཟེར་ན། མི་འདྲ་སྟེ། གསུམ་ནི་ཡུལ་ཕྱོགས་རེ་བལ་རྒྱས་འདེབས་པས་ཆེན་པོའི་སྒྲ་མི་ཐོབ། ཆོས་ཐམས་ཅད་བདག་མེད་པས་ཤེས་བྱ་ཐམས་ཅད་ལ་རྒྱས་འདེབས་པས་ཆེན་པོའི་དོན་ཚང་བའི་ཕྱིར་རོ། །

འཇམ་མགོན་ས་པཎ་གྱི་སྡོམ་གསུམ་རབ་དབྱེར་དགག་པ་མཛད་ཡུལ་མང་ཡང་གཙོ་བོ་ནི། ཞང་ཚལ་པའི་ཕྱག་ཆེན་དཀར་པོ་ཆིག་ཐུབ་ཏུ་བཞེད་པ་དང་། འབྲི་གུང་བའི་དགོངས་གཅིག་གི་བཞེད་ཚུལ་གཉིས་ཡིན་པར་སྣང་ལ། ས་པཎ་གྱི་གསུང་ལ་རྗེས་ཟློས་ཀྱི་ཚུལ་གྱིས་རང་གཞན་མང་པོས་ཕྱོགས་དེ་ལ་ཁ་མང་དུ་ཟེར་མོད། ཐམས་ཅད་ཀྱིས་ཞང་ཚལ་པའི་དཀར་པོ་ཆིག་ཐུབ་ནི་ཅི་ཡང་ཡིད་ལ་མི་བྱེད་པའི་དོན་ཅན་དུ་ཐག་བཅད་ནས་དགག་པ་བྱས་པར་སྣང་ངོ་། ། འོན་ཀྱང་ཞང་ཚལ་པའི་གསུང་རྣམས་ལ་བློ་གཟུ་བོས་ཞིབ་ཏུ་དཔྱད་ན་ཅི་ཡང་ཡིད་ལ་མི་བྱེད་པའི་ཕྱོགས་ནི་མིན་པར་གསལ་བས་སྡོམ་གསུམ་གྱི་དགག་པ་རྣམས་ཐུབ་ཆོད་ཀྱི་གསུང་དུ་མངོན་ནོ། །

ཀུན་མཁྱེན་འཇམ་དབྱངས་བཞད་པའི་སློབ་མ་རྟོག་གེ་བ་བློ་བཟང་རིན་ཆེན་བྱ་བ་དང་པོ་དགེ་ལུགས་པ་དང་། ཕྱིས་སུ་སྨིན་གྲོལ་གླིང་དུ་སྒྲ་སློབ་པར་ཕྱིན་ནས་རྙིང་མར་གནས་འགྱུར་བ་མངོན་པའི་ང་རྒྱལ་གྱིས་བྱུང་རྒྱལ་སྨྲ་བ་དེས་བརྩམས་པའི་ལམ་རིམ་གྱི་འབྲེལ་བསྒྲིགས་བྱས་པ་ན་འདི་སྐད་ཅེས། ནོར་བཟང་བའི་བཀའ་དགེ་དགོངས་གཅིག་སྒྲུབ་ཏུ་སྡོམ་གསུམ་ལ་ཟུར་ཟ་མཛད་དེ་སེམས་འཚོལ་རྒྱབ་པས་བདེན་མེད་ངེས་པ་སྟོང་ཉིད་མ་ཡིན་དགག་གི་བསྒོམ་ཚུལ་སོགས་གསུངས་པ་ནི། ཐབས་མཁས་ཀྱི་ཁྱད་པར་དགོས་དབང་གིས་མིན་ན། སྟོང་ཉིད་མ་ཡིན་དགག་གི་བསྒོམ་ཚུལ་སེམས་ཙམ་དང་མཐུན་པའི་ལྟ་བ་ཡིན་པ་དང་། དེ་ཉིད་ཆོས་རྗེ་ཉེར་གཉིས་པ་དང་། དཔལ་ཆོས་གྲགས་གཉིས་ཀྱི་དགོངས་པ་ཡིན་དུ་ཆུག་ཀྱང་། སེམས་བསྐྱེད་དཀར་པོ་ཆིག་ཐུབ་ལ་དགོས་མི་དགོས་ཀྱི་ཉེས་པ་སོ་ན་གནས་ཤིང་། ལམ་ཐུན་མོང་བ་རྣ་བས་ཐོས་པ་མེད་ཅིང་། བསྐྱེད་རིམ་སོགས་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་ཀྱི་རིམ་པ་དང་། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སོགས་ཀྱི་གཏམ་ཙམ་ཡང་མེད་པ། སེམས་གནས་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་པའི་དཀར་པོ་ཆིག་ཐུབ་དང་། རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་སྡོམ་ཆེན་པོ་གཉིས་དགོངས་པ་གཅིག་ཏུ་སྒྲུབ་པ་ནི་ཧ་ཧ་དང་ཧི་ཧིའི་ཡུལ་ཡིན་ནོ་ཞེས་བྲིས་སོ། །

ནོར་བཟང་བའི་ཕྱག་ཆེན་གསལ་སྒྲོན་དུ། བཀའ་བརྒྱུད་གོང་མ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དཀར་པོ་ཆིག་ཐུབ་ཅེས་གསུངས་པ་ཡང་གཉུག་སེམས་བདེ་བ་ཆེན་པོའི་ངོ་བོར་སྐྱེས་པས་གནས་ལུགས་བསྒོམ་པ་གཅིག་པུས་མཐར་ཐུག་གི་འབྲས་བུ་ཐོབ་པར་འགྱུར་བ་ལ་དགོངས་པ་ཡིན་ལ། ཞེས་དང་། དེས་ན་བཀའ་བརྒྱུད་གོང་མས་ཕྱག་རྒྱ་ཆེན་པོ་བསྒོམ་པ་དཀར་པོ་ཆིག་ཐུབ་ཏུ་གསུངས་པ་ལ། སྡོམ་གསུམ་རབ་དབྱེ་ལས། ཁྱེད་ཀྱི་དཀར་པོ་ཆིག་ཐུབ་ལ་སེམས་བསྐྱེད་པ་དགོས་མི་དགོས། ཞེས་བརྟགས་པ་བྱས་ནས་འགོག་པ་ནི། འཚང་རྒྱ་བ་ལ་ཚོགས་གཉིས་རྫོགས་པ་གཅིག་པུས་ཆོག་ཅེས་སྨྲ་བ་ལ། དང་པོར་མ་ལ་སྐྱེས་དགོས་སམ་མི་དགོས་ཞེས་བརྟགས་པ་བྱས་ནས་འགོག་པ་དང་འདྲའོ། ། ཞེས་གསལ་བར་གསུངས་པ་བཞིན་དུ། སེམས་བསྐྱེད་དཀར་པོ་ཆིག་ཐུབ་ལ་དགོས་མིན་གྱི་ཉེས་པ་སོ་ན་གནས་པའོ། ། ཞེས་བྲིས་པ་ནི་མངོན་སུམ་ལ་སྙོམ་འདིང་བའོ། །

བཀའ་དགེ་དགོངས་པ་གཅིག་ཏུ་སྒྲུབ་པ་ལ་ཁྲེལ་བགད་བྱས་འདུག་ནའང་། ནོར་བཟང་བའི་ཕྱག་ཆེན་གསལ་སྒྲོན་དུ་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཚུལ། ས་ར་ཧའི་དགོངས་པ་གཉུག་སེམས་བསྒོམ་ཚུལ་ཡིན་པར་སྒྲུབ་པ་ཙམ་ལས། བཀའ་དགེ་དགོངས་པ་གཅིག་ཏུ་སྒྲུབ་པའི་གཏམ་མགོ་མཇུག་བར་གསུམ་གང་ནའང་མི་སྣང་བས། ཕྱིས་སུ་པར་བརྐོ་མཁན་གྱིས་དཔེ་ཆའི་ཁ་བྱང་ལ། བཀའ་དགེ་དགོངས་པ་གཅིག་ཏུ་སྒྲུབ་པའི་ཕྱག་རྒྱ་ཆེན་པོ་གསལ་བའི་སྒྲོན་མེ་ཞེས་བྲིས་པ་ལ་བརྟེན་ནས་དེ་སྐད་དུ་གྲགས་པ་གདོན་མི་ཟའོ། ། གལ་ཏེ་བཀའ་དགེ་དགོངས་པ་གཅིག་ཏུ་སྒྲུབ་པ་ཡིན་དུ་ཆུག་ཀྱང་། ནོར་བཟང་བའི་སྒྲུབ་ཚུལ་དེ་དང་། རྗེ་བླ་མའི་བཞེད་པ་གཉིས་མི་མཐུན་པ་ཅུང་ཟད་ཀྱང་མེད་པ་གཟུ་བོས་བརྟགས་ན་ཤེས་པར་སྣང་བས་ཕྱོགས་ལྷུང་གིས་མྱོས་པའི་གཏམ་གང་བྱུང་སྨྲ་བ་ཉིད་ཁྲེལ་བགད་ཀྱི་གནས་ཡིན་ནོ། །

མེེ་ཏྲི་བ་དབུ་མའི་ལྟ་བ་འཛིན་པར་གོང་དུ་བརྗོད་ཟིན་པ་ལྟར་ཡིན་པ་ལ། བློ་རིན་གྱིས། མེེ་ཏྲི་བའི་ལྟ་བ་ཤཱནྟི་པའི་རྣམ་རྫུན་གྱི་ལྟ་བ་རྣལ་འབྱོར་བཞིའི་སྒོ་ནས་ཉམས་སུ་ལེན་པར་བཤད་པ་དེ་ཡིན་སྣང་ལ། ཞེས་སེམས་ཙམ་རྣམ་རྫུན་གྱི་ལྟ་བ་འཛིན་པར་སྨྲ་བ་ནི་ཅལ་ཅོལ་གྱི་གཏམ་མོ། ། དེའི་ཕྱིར་བདག་གི་བླ་མ་ཐམས་ཅད་མཁྱེན་པས། སྔོན་དང་ཕྱིས་ཀྱི་རྟོག་གེ་བ་ཁ་ཅིག་མེེ་ཏྲི་བ་སེམས་ཙམ་པ་ཡིན་ཏེ། ཤྰནྟའི་པའི་སློབ་མ་ཡིན་པའི་ཕྱིར། ཞེས་ཟེར་བ་ནི། འཕོངས་ཕྱིས་པའི་རྡོ་དང་མཚུངས་པས་དོར་བར་བྱ་བ་ཁོ་ནའོ། ། ཞེས་གསུངས་སོ། ། ཡང་ཁོ་ན་རེ། འདི་དག་གི་ལྟ་བ་ཡང་། རྩེ་གཅིག་སྤྲོས་བྲལ། རོ་གཅིག་སྒོམ་མེད་དེ་རྣལ་འབྱོར་བཞིའི་རིམ་པ་ཤཱནྟི་པའི་ལྟ་བ་བསྒོམ་ཚུལ་ལྟར་གཏན་ལ་འབེབས་པས་ན་སེམས་ཙམ་གྱི་ལྟ་བ་ཡིན་འདྲའོ།། ཞེས་ཟེར་བ་ནི། བཀའ་བརྒྱུད་གོང་མ་རྣམས་ཀྱི་གསུང་ལ་འདྲིས་ཆ་མེད་པར་རྣལ་འབྱོར་བཞིའི་རིམ་པ་ཡིན་ཕྱིན་སེམས་ཙམ་ལས་མ་འདས་སོ་སྙམ་ནས་བྱུང་རྒྱལ་དུ་ཁ་ཚོན་བཅད་པ་སྟེ། བདག་གི་བླ་མ་ཐམས་ཅད་མཁྱེན་པས། རྣལ་འབྱོར་བཞིའི་ཐ་སྙད་སློབ་དཔོན་ཤཱནྟི་པས་སེམས་ཙམ་དུ་བཤད་མོད། བཀའ་བརྒྱུད་པའི་རྣལ་འབྱོར་བཞི་ལ་སེམས་ཙམ་པའི་ལུགས་ཀྱི་ངེས་པ་མི་སྣང་ངོ་། ། ཞེས་གསུངས་ཏེ། གོང་དུ་བརྗོད་ཟིན་པ་ལྟར་རོ། ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ལྷན་ཅིག་སྐྱེས་སྦྱོར་གྭའུ་མ། ། ལྔ་ལྡན་རོ་སྙོམས་ཡི་གེ་བཞི། ། ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། ། དབུ་མའི་ལྟ་ཁྲིད་ལ་སོགས་པ། ། སོ་སོར་མིང་འདོགས་མང་ན་ཡང་། ། ངེས་དོན་ལུང་རིགས་ལ་མཁས་ཤིང་། ། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། ། དཔྱད་ན་དགོངས་པ་གཅིག་ཏུ་འབབ། ། ཅེས་གསུངས་པ་ལ། བློ་རིན་གྱིས། ཟུར་ཟ་བར་འདོད་ནས་ཞི་གཅོད་ལྔ་ལྡན་རོ་སྙོམས་སྐོར་དྲུག་སོགས་ལྟ་བ་རྐྱང་བ་མིན་ཀྱང་བཤད་པ་ཟོར་ཡང་བར་མཛད་ཟེར་བ་དང་། ཡང་པཎ་ཆེན་གྱིས། དངོས་གཞི་ཕྱག་རྒྱ་ཆེན་པོ་ལ། ། བཞེད་ཚུལ་མང་དུ་འདུག་ན་ཡང་། ། མདོ་སྔགས་དབྱེ་བས་གཉིས་སུ་ཡོད། ། ཕྱི་མ་རྡོ་རྗེ་ལུས་ཉིད་ལ། ། གནད་དུ་བསྣུན་སོགས་ཐབས་མཁས་ལས། ། བྱུང་བའི་བདེ་ཆེན་འོད་གསལ་ཏེ། ། ས་ར་ཧ་དང་ཀླུ་སྒྲུབ་ཞབས། ། ནཱ་རོ་མེེ་ཏྲིའི་ཕྱག་ཆེན་ཏེ། ། གྲུབ་རྙིང་བསྐོར་ནས་བསྟན་པ་ཡི། ། བླ་མེད་རྒྱུད་སྡེའི་ཡང་སྙིང་ཡིན། ། ཞེས་གསུངས་པ་བླུན་པོ་ཁ་དྲང་བའི་ཕྱིར་མིན་པོ་ཡེ་ཤེས་ཞབས་ཀྱི་འཇམ་དཔལ་ཞལ་ལུང་དང་མཐུན་ཅིང་དཔྱད་གཞི་འགངས་ཆེ། དཔྱེད་བྱེད་ཀྱི་རྒྱུ་མཚན་མང་ཞེས་སོགས་འཆལ་གཏམ་མང་དུ་སྨྲས་འདུག་སྟེ་ཆགས་སྡང་གི་གཏམ་དུ་ཟད་དོ། །

དྲི་བ་ལྷག་བསམ་རབ་དཀར་དུ་གྲགས་པ་ནི་པཎ་ཆེན་བྱམས་པ་གླིང་བ་སོགས་ཀྱིས་རྗེ་བདག་ཉིད་ཆེན་པོའི་གསུང་མིན་པར་བཤད་ཅིང་། བར་སྐབས་ཤིག་ན། དེ་ལ་སྐྱག་གཏད་མི་འདུག་ཅེས་སོགས་ཕལ་སྐད་འགའ་ཞིག་ཀྱང་སྣང་ཞིང་། ཚིག་གི་སྦྱོར་བའང་རྗེའི་གསུང་གཞན་གྱི་བབ་དང་མི་འདྲ་བ་དང་། སྦྱར་བྱང་ན་མིང་གཞན་འཇམ་དབྱངས་བླ་མས་རྗེས་བཟུང་ཞེས་བྱ་བས་ཞེས་སུ་ལའང་མ་གྲགས་པའི་མཚན་བྲིས་པ་དང་། རྗེའི་སློབ་མ་དང་ཡང་སློབ་རྣམས་ཀྱིས་རྗེ་ཐམས་ཅད་མཁྱེན་པའི་གསུང་འབུམ་གྱི་དཀར་ཆག་བཀོད་པ་རྣམས་སུ་མ་ཐེབས་འདུག་པས། ཐེ་ཚོམ་གྱི་གཞིར་སྣང་མོད། རང་གཞན་ཕལ་ཆེར་གྱིས་རྗེའི་གསུང་ཡིན་པར་བྱེད་ཅིང་། དྲི་བ་རྣམས་བཀའ་བརྒྱུད་ཀྱི་སྒོམ་ཆེན་རྣམས་སུན་འབྱིན་བྱེད་དུ་གོ་ནས། འབྲུག་པ་པད་དཀར་སོགས་ཀྱིས་ལན་གྱི་ཡི་གེ་བརྩམས་པ་དང་། ས་སྐྱའི་ཤཱཀ་མཆོག་པས་ཀྱང་བཀའ་བརྒྱུད་པའི་མགོན་སྐྱབས་དཔུང་གཉེན་བྱས་པའི་ལུགས་ཀྱི་ཚིག་དོན་གཙོ་བོར་བྱས་པའི་ལན་གྱི་ཡི་གེ་ཞིག་བྲིས་འདུག་ལ། རང་ཕྱོགས་ནས་སྒོམ་ཆེན་ངག་དབང་བ་དང་། ཁྱད་པར་དུ་པཎ་ཆེན་ཐམས་ཅད་མཁྱེན་པས་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་མཛད་ནས་རྗེའི་གསུང་ཡིན་གཞིར་བཞག་མཛད་འདུག་པས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བར་སྣང་ངོ་། ། དེང་སང་གི་དུས་སུ་དགོན་བག་བུག་གི་བླ་ཆུང་ཡན་ཆད་ཀྱིས་གནོད་བྱེད་ཀྱི་རིགས་པ་གསར་བ་སྣ་གཅིག་ཙམ་སྤྲོ་རྒྱུ་མེད་ཀྱང་། སྡོམ་གསུམ་གྱི་ལུང་ཐར་ཐོས་བྲིས་ནས་བཀའ་བརྒྱུད་པ་དང་། འབྲི་གུང་དཔལ་འཛིན་གྱི་དགག་ཡིག་གི་ཚིགས་བཅད་རེ་གཉིས་དྲངས་ནས་རྙིང་མ་བ་འགོག་པའི་ཡི་གེ་བྲིས་པ་མང་དུ་སྣང་སྟེ་རང་ཉིད་ངལ་བ་དང་། ཤོག་སྣག་གྲོན་པ་ཙམ་སྙིང་པོར་ཟད་དོ། །

དེས་ན་བདག་བདེ་ལེགས་སུ་འདོད་པ་རྣམས་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པས། འཕགས་པའི་སྐྱེ་བོ་རྣམས་ཀྱི་མཛད་པ་རྣམ་ཐར་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་ལས་འདས་ཤིང་། ཆོས་དང་སྐྱེས་བུ་དམ་པ་ལ་བརྟེན་པའི་སྡིག་པ་ཤིན་ཏུ་མི་བཟད་པས། ཕྱོགས་འཛིན་གྱི་སྡང་ཞུགས་དོར་ནས་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དུ་གསོལ། ཞེས་ཆོས་ཀྱི་རྒྱལ་མཚན་གསོལ་བ་འདེབས་སོ། ། ཞེས་ཐུགས་བརྩེ་བས་འདོམས་པར་མཛད་པ་ཉིད་སྙིང་བ་བཅང་བར་འོས་སོ། །

མེེ་ཏྲི་ཕྱག་ཆེན་དཀར་པོ་ཆིག་ཐུབ་དང་། ནཱ་རོ་ཏ་པའི་ཟབ་ཆོས་བཟང་པོ་དྲུག ། བཀའ་གདམས་སེམས་སྦྱོང་གདམས་པའི་བདུད་རྩི་ཡིས།། གཅིག་ཏུ་དྲིལ་བའི་མྱང་གྲོལ་བཅུད་ལེན་སྨན། ། རིམ་གྱིས་ཅིག་ཆར་གང་འཚམས་སྣོད་ལྡན་ལ། ། ལྷ་རྗེ་སྒམ་པོ་བ་ཡིས་བྱིན་པ་ལས། ། བཀའ་བརྒྱུད་འཆི་མེད་གྲུབ་པའི་དྲང་སྲོང་གིས། ། གངས་དང་རི་སུལ་ཡུལ་ལྗོངས་ཀུན་གང་སྟེ། ། རས་དཀར་འདབ་གཤོག་ཅན་རྣམས་འཕུར་ལྡིང་གིས། ། མཁའ་དབྱིངས་བྱ་རྒོད་ཕུང་པོར་འཁྲུལ་བྱེད་ཅིང་།། ངུར་སྨིག་འཛིན་པ་འདུས་པའི་ཁྱུ་འཁྲིགས་པས། ། ས་ཀུན་ལི་ཁྲིའི་རྡུལ་གྱིས་སྦགས་པ་བཞིན། ། ངོ་མཚར་ཕུང་པོ་དེ་ལ་ལྷའི་དབང་པོས། ། མིག་སྟོང་སྤྲུལ་ནས་བལྟ་བར་མ་ཟད་ཀྱི། ། རབ་འབྱམས་ཞིང་གི་རྒྱལ་བ་རྒྱ་མཚོ་ཡང་། ། ཆོས་ཀྱི་དབྱིངས་ནས་གཟིགས་མོར་བཞེངས་སམ་སྙམ། ། སྔོན་གྱི་བྱུང་བ་དེ་ལྟ་བུ། ། མཐོང་གྲོལ་སྐལ་བས་དམན་རྣམས་ལ།། ཐོས་པས་རྣ་བ་དོན་ལྡན་དུ། ། སྒྲུབ་པའི་གཏམ་འགའ་འདིར་གླེངས་སོ། །

གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས། བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་ཚུལ་བཤད་ཟིན་ཏོ།། །།

《ཐུའུ་བཀྭན་གྲུབ་མཐའ》ལས་བཏུས།

སྡེ་ཚན་འདིའི་ནང་དུ་བར་སྐབས་སུ་ཤོག་ངོས་སམ་བརྙན་རིས་མི་འདུག།