Category:གདན་རབས།

ཡོང་ཁུངས་Wikipedia

༄༅། །ནང་ཆེན་སྐྱོ་བྲག་ཁང་ནེ་དགོན་མདོ་སྔགས་ཉིན་བྱེད་གླིང་ཡན་ལག་དང་བཅས་པའི་ལོ་རྒྱུས་སྙིང་པོར་དྲིལ་བ་ཨུཏྤལ་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་ཤཱཀྱ་མུ་ནི་ཡེ། བདེ་ཆེན་ལྷན་ཅིག་སྐྱེས་དགའི་རང་བཞིན་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་། །དབང་བཅུ་བརྙེས་པ་རྒྱལ་བའི་མྱུ་གུ་རིགས་གསུམ་མགོན་སོགས་སྲིད་ཞིའི་གཉེན། །གཅིག་འདུས་མཉམ་མེད་མར་མི་དྭགས་དང་འབའ་རོམ་བཀའ་བརྒྱུད་གསེར་རིའི་ཕྲེང་།།ཁྱད་པར་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་སྲས་དང་བཅས་ལ་གུས་ཕྱག་འཚལ།།གངས་ལྗོངས་མདོ་སྟོད་ས་ཡི་ཐིག་ལེར་ཐུབ་པའི་བསྟན།།སྤོང་ཀློག་ལས་ཀྱི་འཁོར་ལོའི་འགྲོས་ལྡན་ཆོས་ཀྱི་གྲྭ།།སྐྱོ་བྲག་གནས་ཀྱི་ཕང་པར་འཁྱུད་པ་ཁང་ནེ་དགོན།།སྔོན་རབས་རྣལ་མའི་ལོ་རྒྱུས་སྙིང་པོར་བསྡུས་ཏེ་འགོད། ། ༈ དེ་ཡང་རྒྱལ་བས་མདོ་སྡེ་དུ་མ་ནས་ལུང་གིས་བསྔགས་ཤིང་དོན་བརྒྱུད་བསྟན་པའི་ཤིང་རྟར་གྱུར་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧མཉམ་མེད་སྒམ་པོ་པའི་ཐུགས་སྲས་བརྒྱུད་འཛིན་ཆེ་བཞིའི་ཡ་གྱལ་༧དཔལ་རྒྱལ་བ་འབའ་རོམ་པ་ཆེན་པོོ་དར་མ་དབང་ཕྱུག་ཅེས་སུ་གྲགས་པ་བརྒྱུད་པར་བཅས་པའི་རྣམ་དཀར་ཕྲིན་ལས་ཀྱི་རིང་སྲོལ་དྲི་མེད་འཛིན་པའི་ཆོས་སྡེ་༧ནང་ཆེན་སྐྱོ་བྲག་ཁང་ནེ་དགོན་ཡན་ལག་དང་བཅས་པའི་ལོ་རྒྱུས་རགས་ཙམ་འགོད་པ་ལ།

 དགོན་གཞིས་གང་ལ་ཆགས་པའི་གནས་ཀྱི་ཆེ་བ་མདོར་བསྟན་པ།

གང་གིིས་ཕྱག་བཏབ་པའི་སྤྲུལ་བརྒྱུད་ན་རིམ་གྱི་མཛད་བསྡུས་ཆེ་ལོང་དུ་སྨོས་པ། སྔར་དགོན་གྱི་རྒྱ་ཁྱོན་དང་ད་ཡོད་རིག་དངོས་ཕྱོགས་ཙམ་གླེང་བ། ཡང་དར་བསྟན་གསོ་བྱེད་སྟངས་སྐོར་བཤད་པ་སྟེ་བཞི་ལས། ༈ དོན་དང་པོ་ནི། རྗེ་འགྲོ་བའི་མགོན་པོ་འབའ་རོམ་པ་ཆེན་པོའི་བརྒྱུད་འཛིན་ཐུགས་ཀྱི་སྲས་མཆོག་ཕྲིན་ལས་འགྲན་ཟླ་དང་བྲལ་བ་༧ཏི་ཤྲི་ཤེས་རབ་སེང་གེ་ལ་བླ་མ་དང་ཡི་དམ་གྱིས་ལུང་བསྟན་པ་བཞིན་གནས་འདིར་ཕེབས་ནས་སྒོ་དབྱེ་བའི་རྟེན་འབྲེལ་མངོན་དུ་མཛད་སྐབས། ཉམས་གཟིགས་དག་སྣང་ཡེ་ཤེས་མཁའ་འགྲོའི་གླུ་འདི་ལྟར་གསན་པ་སྟེ། དཔལ་ཤཱཀ་ཐུབ་ཀྱི་ཐུགས་རྗེས་བྱིན་བརླབས་ཤིང་། །མགོན་སྤྱན་རས་གཟིགས་ཀྱིས་ཐུགས་རྗེ་སྤྲོས། །རྗེ་པད་འབྱུང་ཆེན་པོས་ཞབས་ཀྱིས་བཅགས། །སེམས་སྐྱོ་བའི་བྲག་རི་དཀར་པོ་འདི། །གནས་སེང་གེ་གནམ་མཆོོང་མཚན་གསོལ་ནས། །ཡུལ་སྤྱི་འབྱམས་ཟུང་འབྲེལ་གནས་མཆོག་འདི། །བྲག་དཀར་གསལ་དར་དཀར་ཡོལ་བྲིས་འདྲ། །ཞེས་དང་། གནས་ས་སྤྱོད་དག་པ་མཁའ་སྤྱོད་གནས། །སྐུ་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཕ་རྩ་གསུམ་འཇའ་བཞིན་འཁྲིགས་པའི་ལྗོངས། །མ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས། །མགོན་ཆོས་སྐྱོང་ཁྲོམ་ལྟར་འཚོགས་པའི་གུར། །བྲན་སྡེ་བརྒྱད་རྡུལ་བཞིན་འཚུབས་པའི་མཁར། །མི་ལས་དག་ངོ་མཚར་སྐྱེ་བའི་གནས། །བུ་དད་ལྡན་ཉམས་རྟོགས་འཁྲུངས་པའི་ཡུལ། །དཔལ་ཕུན་ཚོགས་ལྔ་ལྡན་རྒྱལ་བའི་ཞིང་། །ཞེས་དང་། ཤར་རི་བོ་ཏ་ལའི་ཕོ་བྲང་དང་། །ལྷོ་དཔལ་གྱི་རི་དང་ཙཱ་རི་ཏྲ། །ནུབ་གངས་དཀར་ཏི་སེའི་གནས་མཆོག་དང་། །བྱང་ལ་ཕྱི་ཆུ་དབར་དགོན་གནས་དང་། །དོན་ཁྱད་པར་མེད་པ་ངོ་བོ་གཅིག །ཅེས་སོགས་གསུངས་པ་ལྟར་ངོ་མཚར་བའི་དག་སྣང་གི་གཟིགས་པ་འབྱམས་སུ་ཀླས་ཤིང་། གནས་འདིར་ཕྱག་མཆོད་རྐང་བསྐོར་གྱིས་འབྲེལ་ཚད་ངན་འགྲོའི་དུཿཁ་ཁེགས་པ་དང་། སྒྲུབ་པ་པོ་རྣམས་གྲུབ་གཉིས་དབང་དུ་འབྱོར་བའི་བསྟི་གནས་སུ་བྱིན་གྱིས་བརླབས་ཏེ། མ་འོངས་པའི་དུས་ན་བསྟན་དང་བསྟན་འཛིན་དར་རྒྱས་སུ་འབྱུང་བའི་ལུང་བསྟན་སོགས་མཛད་དོ། །དུས་ཕྱིས་ཡོངས་དགེ་མི་འགྱུར་རྡོ་རྗེ། མཁས་གྲུབ་ཀརྨ་ཆགས་མེེད། རིག་འཛིན་ཆོས་རྒྱལ་རྡོ་རྗེ། གཏེར་ཆེན་འབར་བའི་རྡོ་རྗེ་སོགས་ཚད་མའི་སྐྱེས་བུ་དུ་མས་གནས་འདིའི་ཕྱི་ནང་གསང་བའི་ཆེ་བ་དང་རང་བྱོན་གྱི་བཀོད་པ་ཕྲ་ཞིབ་གསུངས་པ་ཐམས་ཅད་དོན་ལ་གནས་ཤིང་རྟོགས་པར་འདོད་ན་སྐྱོ་བྲག་གནས་ཀྱི་དཀར་ཆག་ལས་ཤེས་པར་བྱའོ། །དོན་བསྡུ་ན་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་གནས་ཀྱིས་བསིལ་ལྡན་ཁ་བའི་ལྗོངས་འདི་གདུལ་བྱར་དགོངས་ཏེ་རྗེས་ཆགས་སྤྲུལ་པའི་རྣམ་རོལ་ཅི་ཡང་བསྟན་པའི་སྐབས། སྒྲུབ་གནས་མཛད་དེ་གུ་རུ་དྲག་པོ་རིགས་ལྔ་དང་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་ཁམས་ཕྱོགས་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་ཤིང་ཐ་ཚིག་བསྒྲགས་པའི་ཀེའུ་ཚང་གནས་མཆོག་ཁམས་ཀྱི་སེང་ཧ་རྫོང་ཞེས་སུ་གྲགས་པ། མཉམ་མེད་འབའ་རོམ་པ་དང་འགྲོ་མགོན་ཏི་ཤྲི་རས་ཆེན་ཡབ་སྲས་ནས་བཟུང་རླངས་རས་གྲགས་པ་རྒྱལ་མཚན་བར་གྱི་གྲུབ་བརྙེས་སྤྱི་དང་། ཁྱད་པར་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ནས་ཆོས་རྗེ་འཕུར་ཤེས་བཅུ་གསུམ་གྲགས་པ་ཡུལ་དུས་ཆོས་བརྒྱུད་གཅིག་ལ་བྱོན་པས་མཚོན་འཇིགས་མེད་བརྟུལ་ཞུགས་གྲུབ་པའི་རིག་འཛིན་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེའི་ས་མཆོག་བགྲོད་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གདན་ས། ངོ་མཚར་རང་བྱོན་གྱི་བཀོད་པ་བརྗོད་པར་མི་ལོང་བ་ལྟ་བུས་ཁེངས་ཤིང་། ཉམས་རྟོགས་ཡོན་ཏན་གྱི་རྩལ་ཁ་རང་ཤུགས་ཀྱིས་རྫོགས་པས་མཁས་བཙུན་གྲུབ་པའི་ཁྱུ་ཚོགས་སྤྲིན་བཞིན་དུ་འདུ་བའི་སྤོ། ལྷོ་ཟླ་དལ་འབབ་ཀྱི་ཀླུང་འགྲམ། ཆོས་འབྱོར་དབེན་པའི་ཡོན་ཏན་མ་ཚང་བ་མེད་པ། ས་སྤྱོད་སྐུ་ཡི་འཁོར་ལོ། ཡོངས་སུ་གྲགས་པའི་མཚན་གནས་རི་བོ་གར་མཛད་དམ། ཁམས་ཀྱི་སེང་ཧ་རྫོང་ངམ། སྐྱོ་བྲག་གནས་རྒན་མ་ཞེས་འབོད་པ་དེ་ནི་རྩ་བའི་དགོན་གཞིས་གང་ལ་ཆགས་པའི་གནས་ཀྱི་ཆེ་བ་འདོར་བསྟན་པའོ། །

 ༈ དོན་གཉིས་པ་ལ་སྔར་བྱུང་དང་།  ད་ལྟ་བ་གཉིས་ལས།  དང་པོ་ལ་བསྟན་བདག་གཙོ་བོ་༧སྐྱབས་རྗེ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་སྔར་བྱོན་སྐུ་ཕྲེང་བདུན་གྱི་མཛད་བསྡུས་རིམ་བཞིན་འབྲི་བ་ལ། 
         ༈  སྐུ་ཕྲེང་དང་པོ་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་ནི། 
 སྤྲུལ་གཞི་འཕགས་པ་སྤྱན་རས་གཟིགས་དང་།  ཕ་གཅིག་དམ་པ་སངས་རྒྱས་ཀྱི་རྣམ་འཕྲུལ་རྩོད་མེད་དུ་མཆོག་གཟིགས་སྐྱེས་ཆེན་དུ་མས་ཡང་ཡང་བསྔགས་ཤིང་།  ཁྱད་པར་དུ་འགྲོ་མགོན་ཏི་ཤྲི་རས་པའི་རྡོ་རྗེའི་ལུང་བྱང་ལས།  ཀརྨ་ཆོས་དང་ཕུན་ཚོགས་མིང་། །ཞེས་འབྱུང་བའི་མཚན་སྔ་ཕྱི་གཉིས་ཆར་ཐོག་ཏུ་ཁེལ་བ་སྟེ།  གཏེར་ཆེན་རཏྣ་གླིང་པའི་ཡང་གསང་གནད་ལྡེ་ལས།  འདི་ནས་བྱང་ཤར་ཁམས་ཕྱོགས་སྒོམ་སྡེ་ཞེས། །སོགས་ནས།  བསྟན་འཛིན་བཟང་པོ་ཞེས་བྱར་སྤྲུལ་བསྒྱུར་རོལ། །ཞེས་དང་།  སྐྱེས་བུ་དེ་བྱོན་བསྟན་འཛིན་ཕུན་ཚོགས་འབྱུང་། །སྒྲུབ་པ་ཡུན་དུ་འཛུགས་པས་བསྟན་དོན་འགྲུབ། །ཅེས་རྗེ་བསྟན་འཛིན་བཟང་པོ་དང་དུས་མཉམ་དུ་འབྱུང་བར་གསུངས་པ་ལྟར་རླངས་རས་གྲགས་པ་རྒྱལ་མཚན་གྱི་དབོན་རིགས་སུ་དུས་རབས་བཅུ་བཞི་པའི་དཀྱིལ་སྨད་དེ་རབ་བྱུང་བརྒྱད་པའི་ལྕགས་སྦྲུལ་སྤྱི་ལོ་༡༤༦༡ལོར་འཁྲུངས། མཚན་ཀརྨ་ཆོས་སྐྱོང་དུ་འབོད།  ཆུང་ངུ་ནས་དམ་པའི་རང་རྟགས་ཤུགས་འབྱུང་དུ་མངའ།  ཁུ་བོ་སྐྱོ་བྲག་བསྟན་འཛིན་བཟང་པོ་ལས་འབའ་རོམ་རང་ལུགས་ཀྱི་ཆོས་སྐོར་མཐའ་དག་རྫོགས་པར་གསན་ཅིང་ཉམས་བཞེས་མཛད་པས་རྟོགས་པའི་རྩལ་འབྱོངས། རྒྱལ་མཆོག་ཀརྨ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས་སྨིན་གྲོལ་མང་དུ་མནོས་ཤིང་ས་ཐོབ་ཀྱི་སེམས་དཔར་བསྔགས།  རབ་བསྙེན་མཛད་པས་མཚན་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་སུ་གསོལ།  སྐྱོ་བྲག་སོགས་དབེན་ཁྲོད་ངེས་མེད་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་གྲུབ་པའི་གོ་འཕང་བརྙེས་པས་དུས་གསུམ་ཐོགས་མེད་དུ་མཁྱེན་པ་དང་།  བྲག་རྡོ་ལ་ཕྱག་ཞབས་ཀྱི་རྗེས་མང་དུ་བྱོན་པ།  རྩ་གསུམ་གྱི་ལྷ་ཞལ་གྲངས་མེད་གཟིགས་པ།  སྐལ་ལྡན་རྣམས་ཀྱི་སྣང་ངོར་རྫུ་འཕྲུལ་སྣ་ཚོགས་སྟོན་པ་སོགས་དབང་པོའི་མངོན་སུམ་དུ་གྱུར་པས་སྐྱེ་བོ་ཀུན་ལ་རླངས་རྟོགས་རྒོད་མ་ཞེས་ཡོངས་སུ་གྲགས།  གཏེར་ཆེན་རཏྣ་གླིང་པས་རང་གཏེར་ཐུགས་ཆེན་གསང་བ་འདུས་པའི་ཆོས་བདག་ཏུ་མངའ་གསོལ།  ཐུགས་བསྐྱེད་དུས་་སུ་སད་པའི་རྟེན་འབྱུང་གིས་མཛད་ཕྲིན་གྱི་སྒོ་འཕར་བྱེ།  སྐུ་ཚེའི་སྟོད་དུ་གནས་མཆོག་སྐྱོ་ཉིན་ཕུག་ཏུ་བཞུགས་པས་འཁོར་སློབ་བརྒྱ་ཕྲག་དུ་མ་འདུས་པ་ལ་སྨིན་གྲོལ་གདམས་པའི་བདུད་རྩི་བར་་མེད་དུ་བསྩལ་ནས་སྒྲུབ་པ་ལ་བསྐུལ་བས་རྟོགས་ལྡན་རྣལ་འབྱོར་པའི་ཚང་རྡོལ།  ཚེས་བཅུའི་དུས་མཆོད་སོགས་གཡོན་ཕྱོགས་ཀྱི་ཕུག་ཆེན་ནང་དུ་འཚོགས་པས་ཕུག་དགོན་ངེས་དོན་ཆོས་གླིང་ཞེས་པ་དེ་བྱུང་།  དེ་ནས་དགུང་གྲངས་ཞེ་ལྔར་སོན་པ་རབ་བྱུང་བརྒྱད་པའི་ཤིང་གླང་སྤྱི་ལོ་༡༥༠༥ལོར་༧སྐྱོ་བྲག་གནས་རྒན་མའི་ཤར་ངོས་སུ་གདན་ས་མདོ་སྔགས་ཉིན་བྱེད་གླིང་རྟེན་དང་བརྟེན་པར་བཅས་པ་ཕྱག་བཏབ་སྟེ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བུམ་ཁང་རྒྱུན་འཛུགས་དང་།  ཁྱད་པར་མཉམ་མེད་འབའ་རོམ་དོན་བརྒྱུད་ཀྱི་བཀའ་སྲོལ་ལ་ཐུགས་དམ་གྱི་མཐིལ་བགྱིས་ཤིང་ཕྱག་རྫོགས་ཟུང་འབྲེལ་གྱི་སྒོ་ནས་བསྟན་འགྲོའི་དོན་ཆེར་མཛད།  སྐུ་ཚེའི་སྨད་ཙམ་ལ་གནས་མཆོག་ཁྲ་ཡག་སྟག་རྩེའི་མདུན་ཞོལ་ན་རཏྣའི་ཕུར་པ་གཙོར་གྱུར་པའི་སྒྲུབ་སྡེ་དཔལ་ཆེན་བདུད་འདུལ་གླིང་བཏབ་པས་དུས་ཕྱིས་ཀྱི་བར་སྒྲུབ་པ་པོ་ཟམ་མ་ཆད་པར་བསྟི་བའི་གནས་སུ་གྱུར་ཏོ།  །གོང་སྨོས་གཡས་གཡོན་དབུས་ཀྱི་སྒོམ་གྲྭས་མཚོན་པའི་སློབ་ཚོགས་ཡུན་དུ་བསྐྱངས་པས་རྣམ་གྲོལ་གྱི་དཔལ་བརྙེས་པའི་བརྒྱུད་འཛིན་དུ་མ་བྱོན་པ་རྣམས་ཀྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པའང་ཕྱོགས་མཚོན་ཙམ་མོ། །དེ་ལྟར་འབྲེལ་ཚད་དོན་ལྡན་གྱི་མཛད་ཕྲིན་རེ་ཞིག་མཐར་སོན་ནས་བགྲང་བྱ་དོན་དྲུག་ཏུ་ཕེབས་པ་རབ་བྱུང་དགུ་པའི་མེ་སྤྲེལ་སྤྱི་ལོ་༡༥༣༦ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་ཏོ།  །འདས་རྗེས་ཀྱི་རྣམ་ཐར་དང་སློབ་བརྒྱུད་ཀྱི་བྱུང་བ་སོགས་ནི་རིག་གསར་གྱིས་སྐྱེན་པས་དེ་ཙམ་ལས་རྔོ་མ་ཐོགས་སོ། །
    ༈  རྗེ་དེ་ཡི་སྐུ་ཕྲེང་གཉིས་པ་ནི། 
 གདུང་ཁང་ནེ།  རབ་བྱུང་དགུ་པའི་མེ་བྱ་སྤྱི་ལོ་༡༥༣༧ལོར་སྐུ་འཁྲུངས།  ཆུང་ངུའིི་དུས་རྗེ་བརྒྱད་པ་ཀརྨ་མི་བསྐྱོད་རྡོ་རྗེ་དང་ཞལ་མཇལ་སྐབས་ཁྱེའུ་འདི་རླངས་རྟོགས་རྒོད་མའི་སྐྱེ་བ་ཡིན་གསུངས་ནས་ངོས་འཛིན་གནང་།  ཕྱིས་རྗེ་ཉིད་ཀྱི་སྤྱན་སྔར་རབ་ཏུ་བྱུང་བའི་མཚན་ཀརྨ་ཡེ་ཤེས་བཟང་པོར་གསོལ།  རྒྱལ་དབང་མཆོག་གིས་གསོལ་ལྷུང་གནང་ནས་ཁྱེད་ཀྱིས་འདུལ་བསྟན་སྙིང་ནོར་དུ་འཆང་དགོས་ཞེས་པའི་བཀའ་བསླབ་དང་།  གདམས་ཁྲིད་མང་དུ་བསྩལ་བ་བཞིན་སྐུ་ཕྲེང་རིམ་བྱོན་ཐམས་ཅད་བསླབ་ཁྲིམས་ལ་གཅེས་སྤྲས་མཛད་པ་ཁོ་ན་བྱོན་པ་ཡིན། སྐྱོ་བྲག་དོན་དམ་སྙིང་པོ་སོགས་མཁས་གྲུབ་གྱི་བླ་མ་རྣམས་ལས་མདོ་སྔགས་སྤྱི་དང་།  ཁྱད་པར་རང་ལུགས་སྙན་བརྒྱུད་ཀྱི་སྨིན་གྲོལ་མ་ལུས་པ་ནོད་དེ་སྒྲུབ་གནས་སྐྱོ་ཁོ་ཉིན་ཕུག་དང་།  གདན་ས་དེ་ཉིད་དུ་སྒྲུབ་པ་ལ་འབད་པས་བྱ་བ་ལས་ཀྱི་འཁོར་ལོའི་སྤྲོས་པ་ཆེར་མེད་ཀྱང་བསླབ་གྲོལ་གྱི་མཛོད་འཛིན་པའི་སྐྱེས་ཆེན་དུ་བཞུགས།  བཤད་སྒྲུབ་ཀྱི་བྱ་བས་དོན་གཉིས་ཀྱི་མཛད་པ་མཐར་སོན་ཏེ་རབ་བྱུང་བཅུ་པའི་ཤིང་སྟག་སྤྱི་ལོ་༡༦༡༤དགུང་གྲངས་དོན་བརྒྱད་ཐོག་སྐུ་ཡི་བཀོད་པ་བསྡུ་བར་མཛད་དོ།།  དེ་ཕྱིན་དགོན་པའི་བསྡུས་མིང་ཡང་བླ་མ་འདི་ཉིད་ཀྱི་གདུང་རིགས་དང་མཐུན་པར་སྐྱོ་བྲག་ཁང་ནེ་དགོན་ཞེས་སྐྱེ་བོ་རྣམས་ཀྱི་ངག་རྒྱུན་དུ་གྲགས་སོ།།  

༈ སྐུ་ཕྲེང་གསུམ་པ་ནི། གདུང་ལྷ་བཟོ། རབ་བྱུང་བཅུ་དྲུག་པའི་མེ་འབྲུག་སྤྱི་ལོ་༡༦༡༥ལོར་འཁྲུངས། སྐུ་ན་ཆུང་ངུ་ནས་ཡབ་ལས་ཡི་གེ་འབྲི་ཀློག་དང་བཟོ་གནས་བསླབས་པས་མཐར་ཕྱིན་ཏེ་མཚན་ཡང་ལྷ་བཟོ་གང་བ་ཞེས་འབོད་ཅིང་། གསང་འདུས་ཀྱི་ལྷ་འཁོར་ཉིན་རྫོགས་སུ་བྲིས་པ་ད་ལྟའང་མཇལ་རྒྱུ་ཡོད་པ་སོགས་ཕྱག་བཟོའི་རྟེན་བཞེངས་མང་། སྐྱོ་བྲག་ཀརྨ་ཚེ་བརྟན་སོགས་མཁས་གྲུབ་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ཏེ་གདམས་ངག་གི་ཕུ་ཐག་བཅད། རབ་ཏུ་བྱུང་བའི་མཚན་བཟོད་པ་ཆོས་འབྱོར་རྒྱ་མཚོ་ཞེས་སུ་གསོལ། སྒྲུབ་པ་གཙོ་བོར་མཛད་པས་གྲུབ་པའི་རྟགས་ཚད་མངོན་དུ་གྱུར་ཏེ་སྐྱོ་འགག་ཏུ་ཆིབས་རྗེས་ངོ་མཚར་ཅན་དང་། རྗེ་ཉིད་ཀྱི་ཞབས་རྗེས། ཕྱག་མཛུབ་ཀྱིས་སྲ་མཁྲེགས་བྲག་གི་ངོས་ལ་བྲིས་པའི་སྒྲོལ་མ་དཀར་སྔོན་དང་། མ་གཅིག་གིི་སྐུ་བརྙན་རྣམས་དེང་གི་དུས་སུའང་མཇལ་རྒྱུ་ཡོད་པ་སོགས་རྨད་དུ་བྱུང་བའི་རྣམ་ཐར་གྱིས་གོང་མའི་གདན་སར་ཆོས་ཀྱི་ཕྲིན་ལས་ཡུན་རིང་སྤེལ། མཐར་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྤྱི་ལོ་༡༦༨༢ལོར་དགུང་གྲངས་རེ་བརྒྱད་ཐོག་སློབ་ཚོགས་རྣམས་སྒྲུབ་པ་ལ་ནན་བསྐུལ་འདའ་ཁའི་ཞལ་གདམས་བཅས་གཤེགས་སོ། །

  ༈  སྐུ་ཕྲེང་བཞི་པ་ནི།

གདུང་ལ་སྒོ། རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ་༡༦༨༣ལོར་འཁྲུངས། སྐུ་ནར་སོན་རིམ་བཞིན་མེ་མདའ་ཕྱི་ནང་བསྒྱུར་བ་དང་། རྡོ་རིལ་སྦར་འཆང་མཛད་པའི་ཕྱག་རྗེས་སོགས་རྩོལ་མེད་ཀྱི་གྲུབ་རྟགས་མངའ། གོང་མའི་ཡང་སྲིད་དུ་གདན་སའི་ཁྲིར་ཕེབས་ནས་རབ་ཏུ་བྱུང་བའི་མཚན་༧པདྨ་རྡོ་རྗེ་ཞེས་གསོལ། གསར་རྙིང་གི་མཁས་གྲུབ་བཤེས་གཉེན་དག་ལས་ཕྱག་རྫོགས་གཙོར་གྱུར་པའི་ཆོས་བཀའ་མང་དུ་གསན། ཁྱད་པར་སྐྱོ་བྲག་དུང་དཀར་རིན་པོ་ཆེ་སོགས་ལས་རང་ལུགས་ཀྱི་དབང་ལུང་གདམས་སྐོར་ལ་ཐོས་སྒོམ་སྟབས་གཅིག་ཏུ་མཛད་པས་རྟོགས་པའི་རྩལ་རྫོགས། ནང་དུ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས་ཀྱང་སྐབས་རེས་འགར་ཕྱི་ཚུལ་དུ་་མདའ་གཞུ་དང་། སྔགས་ཆས་སོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་རྟེན་ནས། ཟླ་རྒྱལ་རྡོ་རྗེ་དབང་གྲགས་དང་། དབའ་སེར་དགེ་བསྙེན་སོགས་བྲན་དུ་བཀོལ་ནས་སེར་བསང་དང་དམ་བསྒྲགས་མཛད། ཆབ་སྟི་འགག་ཏུ་བྲག་དམར་གྱི་ངོས་སུ་རྫུ་འཕྲུལ་གྱིས་ཤིང་ཕུར་བཏབ་པ་ད་ལྟའང་མཇལ་རྒྱུ་ཡོད། རཏྣའི་རྟ་མགྲིན་ཡང་གསང་གི་སྒོ་ནས་རྟ་ཆུ་ལན་གསུམ་བསྐོལ་བས་གྲུབ་རྟགས་ཚད་དུ་ཕྱིན། ཟད་པར་དང་ཟིལ་གནོན་གྱི་ཏིང་ངེ་འཛིན་འབྱོངས་པས་སོག་དམག་གིས་བསྟན་ལ་འཚེ་བ་རྩོམ་སྐབས། རྗེ་ཉིད་དབྱར་དུས་ཀྱི་ཟླ་ཆུ་ལ་མི་འབྱིང་པས་ཆིབས་གོང་ནས་ཐག་ཐོགས་མེད་པར་གཤེགས་བཞུད་མཛད་པ་སོགས་ཀྱིས་ཕ་རོལ་པོ་དག་སྤ་བཀོང་ཞིང་གུས་པས་བཏུད། བཤགས་པ་ཞུ་རྟེན་རོལ་ཆས་དང་རྟེན་གསུམ་མང་དུ་ཕུལ་ནས་སྔགས་འཆང་པདྨ་རྡོ་རྗེ་ཞེས་གྲགས་པའི་སྙན་པ་བསྒྲགས། རྟ་མགྲིན་ཡང་གསང་ཁྲོས་པ་དངོས་བྱོན་དུ་དམ་པ་རྣམས་ཀྱིས་བསྔགས་བརྗོད་མཛད། ཕྱི་ཚུལ་དུ་བཞིན་རས་དང་ན་བཟའང་སྨུག་ཤས་ཆེ་བས་ལ་སྒོ་བླ་ནག་མ་ཞེས་སུ་འབོད་པ་དེས་རི་དམར་སྤུན་གསུམ་དཀོར་སྲུང་དུ་བསྐོས། རོག་ཏི་རྒྱལ་པོ་དམ་འདོགས་གནང་ནས། ང་སྒྲོལ་བ་དོན་ཡོད། འཚེང་བ་གསུམ་ལྡན་ཡིན་པས་ཚེ་མཐར་ཕྱིན་པར་འོང་ངོ་གསུངས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་དགུང་གྲངས་བརྒྱད་ཅུ་རྩ་ལྔར་སོན་པ་རབ་བྱུང་བཅུ་གསུམ་པའི་མེ་ཕག་སྤྱི་ལོ་༡༧༦༧ལ་ངོ་མཚར་བའི་ལྟས་དཔག་མེད་བཅས་ཞི་དབྱིངས་སུ་གཤེགས། ༈ སྐུ་ཕྲེང་ལྔ་པ་ནི། གདུང་ཧོར། རབ་བྱུང་བཅུ་གསུམ་པའི་ས་བྱི་སྤྱི་ལོ་༡༧༦༨ལོར་འཁྲུངས། བཙས་མ་ཐག་བླ་མ་ལ་སྐྱབས་སུ་མཆིའོ་སོགས་བཟླས་པས། མཚན་བླ་མ་སྐྱབས་ཞེས་བཏགས། ཕྱིས་གོང་མའི་ཡང་སྲིད་དུ་ལུང་འཛིན་གནང་སྟེ་གདན་སར་ཕེབས། རབ་ཏུ་བྱུང་བའི་མཚན་བྱང་ཆུབ་རྡོ་རྗེར་གསོལ། མདོ་སྔགས་ཀྱི་བཤེས་གཉེན་མང་པོའི་ཞབས་རྡུལ་ལ་རེག་པས་མཁྱེན་རྟོགས་ཕུལ་དུ་ཕྱིན། ལྟ་སྤྱོད་ཕུན་སུམ་ཚོགས་པས་བསླབ་པའི་དྲི་བསུང་འཐུལ་ཞིང་། སྒྲུབ་པ་འབའ་ཞིག་ལྷུར་བཞེས་གནང་སྟེ་སློབ་འབངས་རྣམས་བྱང་གྲོལ་ལ་སྦྱོར་བའི་མཛད་པས་སྐུ་ཚེ་མཐར་བསྐྱལ་ནས་རབ་བྱུང་བཅུ་བཞི་པའི་ཆུ་སྟག་སྤྱི་ལོ་༡༨༤༢དགུང་གྲངས་བདུན་ཅུ་རྩ་ལྔ་ལ་ཞི་བར་གཤེགས་སོ། །

  ༈  སྐུ་ཕྲེང་དྲུག་པ་ནི།

གདུང་སྒེ་རུ། རབ་བྱུང་བཅུ་བཞི་པའི་ཆུ་ཡོས་སྤྱི་ལོ་༡༨༤༣ལ་གཏེར་ཆེན་སྒེ་རུ་ཆོས་རྒྱལ་རྡོ་རྗེའི་སྲས་སུ་འཁྲུངས། ཆུང་ངུ་ནས་དམ་པའི་མཚན་རྟགས་མངའ་བས། སི་ཏུ་པདྨ་ཀུན་བཟང་། དཔའ་བོ་གཙུག་ལག་ཆོས་རྒྱལ། རི་ཆེའི་རྗེ་དྲུང་རྣམས་ཞལ་མཐུན་པར་ཕ་དམ་པ་སངས་རྒྱས་དངོས་བྱོན་ཁང་ནེ་བསྟན་འཛིན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། རབ་ཏུ་བྱུང་བའི་མཚན་ཀརྨ་བདེ་ཆེན་ཆོས་ཀྱི་མགོན་པོར་གསོལ། གཏེར་ཆེན་མཆོག་དང་། རིགས་གསུམ་སེམས་དཔའི་རྣམ་འཕྲུལ་སྐྱོ་བྲག་གི་གདན་སའི་ཁྲི་འཛིན་གསལ་བསྟན་དུང་གསུམ། གནས་མདོ་བདེ་ཆེན་སྙིང་པོ་སོགས་ལས་བཀའ་གཏེར་གསར་རྙིང་གི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ། ཁྱད་པར་དུ་བསྟན་འགྲོའི་ལེགས་ཚོགས་སྤེལ་བའི་གཡར་དམ་གྱིས་ཡབ་ཆོས་ཛམ་དཀར་ལྷ་ལྔའི་སྒྲུབ་པ་ལོ་མང་མཛད་དེ་རྩ་བསྙེན་དུང་ཕྱུར་ལས་བརྒལ་བ་སྟན་གྱི་དྲོད་མ་ཡལ་བར་གསུངས་པས་དངོས་ཞལ་གཟིགས། སྐུ་རྟེན་གཏེར་དུ་བཞེས། མར་ཁུའི་ཆར་ལན་གསུམ་དུ་བབས་པ་སོགས་དངོས་གྲུབ་ཀྱི་མཚན་མ་བརྙེས་པས་རྩོད་བྲལ་གྱི་རྡོ་རྗེ་འཛིན་པ་ཆེན་པོར་བཞུགས། ཟབ་མོ་གཅོད་ཀྱི་བཀའ་བབ་ཁྱད་པར་ཅན་དུ་གྲགས་ཤིང་། ཐུན་མོང་མིན་པའི་གདམས་སྐོར་དགོངས་ཀློང་ནས་རྡོལ་བས་མཚོན། སྐྱོ་བྲག་ཁང་ནེའི་ལུགས་ཞེས་ངོས་འཛིན་ཆོག་པའི་དབྱངས་རྟ་དང་བཅའ་ཚོགས་དམིགས་གསལ་བའང་དུ་མ་ཡོད། དེར་བརྟེན་སི་ཏུ་པདྨ་དབང་མཆོག་ཞབས་ཀྱིས་ཀྱང་རྗེ་འདི་ཡི་མདུན་ནས་གཅོད་དབང་གསན་ཞུས་མཛད། དབུ་བྱིལ་སྒག་ཡིན་པ་ལ་སི་ཏུ་རིན་པོ་ཆེའི་ཞལ་ནས་བླ་རྒན་རྒྱ་སྒག་སྤྲུལ་སྐུ་ཞེས་ཀུ་རེ་གསུངས་པ་རྒྱུན་འཇགས་ཏེ་མི་གཞན་གྱིས་ཀྱང་དེ་ལྟར་གླེང་བས་༧ཁང་ནེ་བླ་མ་ཨ་སྒ་བ་སྒག་ཏུ་གྲགས། སྐྱིད་སྡུག་རོ་སྙོམས་ཤིང་། གང་བྱུང་ལམ་དུ་ཁྱེར་བའི་སྤྱོད་པས་གཞན་སྣང་དབང་དུ་འདུ་བ་སོགས་གྲུབ་པའི་མཛད་པ་བླ་ན་མེད་པས་བསྟན་འགྲོའི་དོན་རེ་ཞིག་གྲུབ་པའི་ཚུལ་གྱིས་རབ་བྱུང་བཅོ་ལྔ་པའི་ལྕགས་བྱ་སྤྱི་ལོ་༡༩༢༡དགུང་གྲངས་དོན་དགུ་ལ་སྐུ་གཤེགས། གདུང་ཞུགས་ལ་ཕུལ་བས་རིང་བསྲེལ་གྱི་གོང་བུར་གྱུར་པ་སོགས་ངོ་མཚར་བའི་འདས་རྗེས་ཀྱི་རྣམ་ཐར་མང་དུ་འདུག་ཀྱང་མདོར་དྲིལ་བ་ཙམ་མོ། །རྗེ་འདི་ཡི་སྐུ་དུས་སུ་གནས་མདོ་ལུགས་དང་ཅུང་འབྲེལ་ཆེ་ཞིང་ཚོགས་སྒྲུབ་དུས་མཆོད་འགའ་ཡང་ཁ་གསབ་མཛད་པའི་རྒྱུ་མཚན་གྱིས་གནས་མདོ་བཀའ་བརྒྱུད་ཀྱི་ཁོངས་སུ་བགྲང་བའི་སྲོལ་ཡང་བྱུང་ངོ་། །

  ༈ སྐུ་ཕྲེང་བདུན་པ་ནི།

གདུང་རིགས་ཡབ་འཁར་པ་ཕུན་ཆོས་དང་། ཡུམ་ཧོར་བཟའ་དགའ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་སྤྱི་ལོ་༡༩༣༢ལོར་སྐུ་འཁྲུངས། བཙས་འཕྲལ་ཀ་ཁ་ཞེས་ཞལ་འདོན་མཛད་པ་དང་། ཡུལ་ལ་བོང་བུ་གཏན་ནས་མེད་ཀྱང་ཡབ་ཚང་དུ་དྲེའུ་ཨོག་དམར་ཅན་སྐྱེས་པ་སོགས་ངོ་མཚར་བའི་མཚན་ལྟས་མང་དུ་བྱུང་། ༧བྱམས་མགོན་ཏཱ་ཡི་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་གོང་མའི་སྐུ་སྐྱེར་ངོས་འཛིན་གནང་བའི་མཚན་༧ཀརྨ་མདོ་སྔགས་བསྟན་པའི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོར་གསོལ། ཆོ་ག་དང་ཆོས་སྤྱོད་རིགས་ཚེགས་ཆེར་མ་དགོས་པར་མཁྱེན། འབའ་རོམ་ལུགས་ཀྱི་ཐབས་གྲོལ་སྙན་བརྒྱུད་བཞུགས་སོ་ཅོག་དང་། བཀའ་རྙིངགི་སྒྲུབ་སྐོར་རྣམས་སྐྱོ་བྲག་སྡུད་མོ་བསྟན་སྙིང་རིན་པོ་ཆེ་དང་། གསལ་དུང་མཆོག་སྤྲུལ་རྣམ་གཉིས་སོགས་ལས་རྫོགས་པར་གསན་ཞུ་མཛད། ཟུར་མང་དགོན་དུ་༧འཇམ་མགོན་སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་གྱི་སྤྱན་སྔར་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཆ་ཚང་ཞུས་ཤིང་། དགེ་ཚུལ་སློང་གི་སྡོམ་པ་བཞེས། རབ་བྱུང་གི་མཚན་༧ཀརྨ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དུ་གསོལ། དེ་ཕྱིན་གནང་བཀག་གི་གནས་ཕྲ་མོ་ཚུན་ལའང་ཕྱག་ལེན་ཚུལ་མཐུན་མཛད་པའི་འདུལ་བ་འཛིན་པ་ཆེན་པོར་བཞུགས། སྐྱོ་བྲག་པད་སྡོང་སྒྲུབ་སྡེར་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་མཐར་ཐོན་དང་། སྐྱོ་ཉིན་སྒྲུབ་ཕུག་སོགས་སུ་རྟག་འགྲུས་ཀྱིས་མཚམས་སྒྲུབ་ལ་གཞོལ་བར་མཛད་པས་ཉམས་རྟོགས་ཁོང་ནས་བརྡོལ། ཁང་དགོན་གྱི་བླ་བྲང་རྒྱ་བསྐྱེད་བཏང་། རྒྱུན་བཙུགས་ཐུགས་ཆེན་བུམ་ཁང་སོགས་སྲ་བརྟན་དུ་མཛད། སྲས་མཁར་གླིང་དུ་ཚོགས་ཆེན་འདུ་ཁང་བཞེངས་རྒྱུའི་འཆར་འགོད་དང་འབྲེལ། མགོན་སྤྲུལ་རིན་པོ་ཆེ་གདན་དྲངས་ཏེ་ས་འདུལ་སྦྱངས་དང་། རྨང་གདིང་འགོ་བཟུང་ཡང་། སྤྱི་ས་ནས་བསྟན་དགོན་ཉམ་ཉེས་ཀྱི་རྒྱུ་རྐྱེན་ཤུགས་ཆེ་རུ་ལྡང་བས་དེ་འཕྲོར་ལུས། འདི་དང་ཉེ་བའི་ལོ་ཤས་གོང་ནས་སྐྱོ་བྲག་དགོན་གྱི་བསྟན་བདག་འདྲེན་མཆོག་གསལ་བསྟན་དུང་གསུམ་རིམ་བཞིན་སྐུ་གཤེགས་པའི་རྐྱེན་གྱིས་སྔར་རྗེ་བསྟན་འཛིན་བཟང་པོ་དང་། བསྟན་འཛིན་ཕུན་ཚོགས་བླ་སློབ་ནས་བཟུང་གདན་རབས་སྤྲུལ་བརྒྱུད་ན་རིམ་བསྟན་རྒྱུན་འཛིན་སྐྱོང་སྤེལ་བ་ལ་དགོངས་སྤྱོད་གཅིག་མཐུན་ཡིན་པའི་ལུགས་སྲོལ་ལྟར། སྐྱོ་བྲག་དགོན་པའི་སྐྱིད་སྡུག་གི་འགན་ཚང་མ་ཁུར་དུ་བབས་པས་དང་ལེན་གྱིས་ཡང་སྲིད་ཁྲིར་བཀོད་དང་བསྐྱེད་བསྲིངས་སོགས་དགོན་པའི་ཕྱི་ནང་གི་བསྒྲུབ་བྱ་གང་ཅིའི་ཐད་ཞབས་ཞུ་ལེགས་འབྱོར་མཛད་བཞིན་པ་ནས་དུས་ཟིང་གློ་བུར་བའི་དབང་ལས། སྐྱོ་དགོན་བསྟན་བདག་རྣམ་གསུམ་གྱི་ཚབ་ཏུ་ཚོགས་འདུར་མ་ཕེབས་ཀ་མེད་ཀྱི་གནས་ཚུལ་བརྒྱུད་ཟི་ལིང་ཁྲིམས་ཁང་དུ་བཙོན་འཇུག་བྱས། དེ་སྐབས་སུ་ཐུགས་སྐྱོ་དུབ་ཀྱི་རྣམ་པ་ཙམ་ཡང་མེད་པར་བློ་སྦྱོང་དང་འབྲེལ་བའི་ཐུགས་དམ་ཉིན་མཚན་གཡེལ་མེད་དུ་གནང་ནས་དགེ་སྦྱོར་གྱི་གྲོགས་སུ་ཁྱེར། ཉིན་ཞིག་ཨ་ཤག་ཀརྨ་བཀྲ་ཤིས་སོགས་ཞབས་འཁོར་བཙོན་པ་རྣམས་ལ། སྤྱིར་གྱིས་འདུས་བྱས་ཐམས་ཅད་མི་རྟག་པའི་ཆོས་ཉིད་ལས་མ་འདས་ཤིང་། ཡང་སྒོས་སེམས་ཅན་སོ་སོས་བསགས་པའི་བཟང་ངན་ལས་ཀྱི་རྣམ་སྨིན་མཐུ་བཙན་པའི་ཕྱིར་ན། ང་རང་ཚོ་ཡང་སེམས་སྡུག་བྱས་ན་ཕན་པ་མེད་པས་ཚང་མས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བ་ལས་ལྷག་པ་མེད། དོན་དམ་པར་འཁྲུལ་སྣང་འདི་རང་གྲོལ་དུ་འདུག་པ་བླ་མའི་དྲིན་གྱིས་རྟོགས་པའི་སྐལ་ལྡན་རྣམས་ལ་སྐྱེ་འཆི་འདིའང་རྨི་ལམ་དང་མཚུངས་ཞེས་སོགས་དང་། ད་ནི་བདག་ཀྱང་ཡུན་རིང་མི་སྡོད་པར་བཙོན་ཁང་འདིར་ཤ་རུས་ཞིག་པ་འདྲ་ཡང་། སྐྱོ་བྲག་གསལ་བསྟན་དུང་གསུམ་གྱི་སྐུ་ཚབ་གོ་ཆོད་པ་ཞིག་བྱུང་སོང་བས་བློ་བདེ་བ་ཡིན། ཁྱེད་རྣམས་ཀྱང་སེམས་ཁྲལ་མ་བྱེད་དང་སླར་འཕྲད་འཛོམས་ཡོང་ངེས་པས་ཡིད་བདེ་བར་གྱིས་སོགས་གསུངས་ནས། རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་སྤྱི་ལོ་༡༩༦༨དགུང་གྲངས་སོ་བདུན་གྱི་སྐེག་ཤར་ལ་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །

 ༈ གཉིས་པ་ད་ལྟ་བཞུགས་པའི་སྐུ་ཕྲེང་བརྒྱད་པ་མཆོག་ནི།

སྐྱོ་བྲག་ཆབ་བསྟི་ཞིང་སྐྱོང་དཀར་པོའི་ཞོལ། རྒྱ་དབུས་བར་གྱི་འགྲུལ་བཞུད་ཚོགས་སའི་མདོ། སྐྱོ་ནག་ཆོས་རྗེའི་སྒྲུབ་གནས་དང་ཁད་ཉེ་བའི་སར་ཡབ་རྒྱལ་མཚན་གྲགས་པ་དང་། ཡུལ་ཧོར་བཟའ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་སྤྱི་ལོ་༡༩༧༠ལོར་འཁྲུངས། སྐུ་ན་ཆུང་ངུ་ནས་བྱམས་དང་སྙིང་རྗེ་ཆེ་བ་སོགས་དམ་པའི་རང་རྟགས་ཤུགས་འབྱུང་དུ་མངའ་བས་ཡུལ་མི་རྒྱུས་ཡོད་ཀུན་གྱིས་གཙུག་ཏུ་བཀུར། ལོ་ངོ་བརྒྱད་ནས་སྐྱོ་བྲག་ཡུལ་ཚོའི་སློབ་གྲྭར་ཞུགས། ཡི་གེ་འབྲི་ཀློག་ཚེགས་ཆེར་མ་དགོས་པར་མཁྱེན་པས་བློ་རྣོ་བའི་ཚད་དུ་འཇོག དགུང་གྲངས་བཅུ་གཅིག་ཐོག་༧སྐྱོ་བྲག་གསལ་བྱེད་རིན་པོ་ཆེའི་མདུན་སྐྱབས་སྡོམ་ཞུས་མིང་ཀརྨ་ཡོངས་གྲགས་སུ་གནང་ནས་ཐུགས་བརྩེས་རྗེས་སུ་བཟུང་སྟེ་སྔོན་འགྲོ་ཉམས་སུ་བསྟར་བ་སོགས་ཆོས་ལ་སློབ་གཉེར་གྱི་དབུ་ཟིན། དགུང་གྲངས་བཅུ་གསུམ་ཐོག་༧འཇམ་དབྱངས་བློ་གྲོས་རིན་ཆེན་མདུན་ནས་འབའ་རོམ་ལུགས་ཀྱི་དབང་ལུང་བཞུགས་སོ་འཚལ་ལྷག་མེད་དུ་ཞུས། དགུང་གྲངས་བཅུ་བཞིའི་ཐོག་གངས་ལྗོངས་ཀྱི་མི་ལ་གཉིས་པར་གྲགས་པ་མདོ་སྨད་གྲུབ་བརྙེས་༧ཀརྨ་ནོར་བུའི་སྤྱན་སྔར་ཐེངས་གཉིས་མཇལ་ཏེ་རབ་བྱུང་གི་སྡོམ་པ་དང་། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་སོགས་ཞུས་ནས་སྔོན་དངོས་ཀྱི་ཉམས་བཞེས་མཛད། བགྲང་བྱ་བཅོ་ལྔའི་ཐོག་མཁས་གྲུབ་ཀརྨ་ཚེ་བརྟན་དང་མཇལ་ཏེ་སྔ་ཕྱིར་སྡོམ་གསུམ་དང་བླ་མ་ཡང་ཏིག་སོགས་རྫོགས་ཆེན་གྱི་ཆོས་སྐོར་མང་དུ་ཞུས། དགུང་ལོ་ཉེར་བཞི་ཐོག་འོག་མིན་མཚུར་ཕུའི་གདན་སར་༧རྒྱལ་མཆོག་བཅུ་བདུན་པ་ཆེན་པོ་ཁྲིར་ཕེབས་མངའ་གསོལ་གྱི་མཛད་སྒོ་དང་བསྟུན་༧བྱམས་མགོན་ཏཱ་ཡི་སི་ཏུ་བཅུ་གཉིས་པ་འཆི་མེད་པདྨ་དོན་ཡོད་གྲུབ་པའི་སྤྱན་སྔར་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་ཏེ་རྒྱུན་མཁོའི་ཡོ་བྱད་འབྲལ་སྤོང་བགྱིས་པ་སོགས་བསླབ་པའི་གནས་ལ་གཅེས་སྤྲས་ཀྱི་ཀུན་སྤྱོད་ལྷུར་བླངས། སྤྱིར་དགུང་ལོ་བཅོ་ལྔ་ལ་སོན་སྐབས་༧ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་༧སྐྱོ་བྲག་ཁང་ནེ་བསྟན་འཛིན་ཕུན་ཚོགས་ཀྱི་སྐུ་སྐྱེར་ལུང་འཛིིན་ཚུལ་མཐུན་གནང་བའི་མཚན་༧ཀརྨ་ཀུན་ཁྱབ་དམ་ཆོས་བསྟན་འཛིན་དཔལ་བཟང་པོར་གསོལ། དགུང་ལོ་བཅུ་གཅིག་ནས་ཉེར་ལྔའི་བར་རྩེ་གཅིག་ཏུ་ཐོས་བསམ་སྒོམ་གསུམ་ལྷུར་བཞེས་མཛད་ཅིང་དམ་པའི་ཡོན་ཏན་ཚད་དུ་སོན་པ་ན་གཟོད་དགོན་གཞི་སྐྱོང་བའི་འགན་ཁུར་གནང་། དགུང་གྲངས་སུམ་ཅུར་སོན་པ་སྤྱི་ལོ༢༠༠༠/༡༠/༣༠ཉིན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད་རྡོ་རྗེའི་ཁྲི་ལ་མངའ་གསོལ། འོན་ཀྱང་རྟག་པར་བཤད་སྒྲུབ་ལས་ཀྱི་འཁོར་ལོ་སྤེལ་བའི་མཛད་པ་ལྷུར་བཞེས་ཁོ་ན་མ་གཏོགས་ཅང་མེད་བཏང་སྙོམས་སུ་བཞུགས་པའི་སྐབས་མི་སྲིད་ཅེས་ཉེ་གནས་ཀྱི་ངག་རྒྱུན་ལས་བྱུང་བ་དོན་ལ་གནས་ཏེ་བགྲང་བྱ་ནར་སོན་རིམ་བཞིན་གཙུག་ལག་ཟུང་ལ་མཁྱེན་རྒྱ་དང་མྱོང་རྟོགས་གཞན་མཚུངས་བྲལ་བའི་མཁས་བཙུན་བཟང་གསུམ་གྱི་མཛད་རྗེས་རྨ་མེད་མངའ་བ་འདིས་མཚོན་ནོ། །སྤྱིར་འཁོར་ལོའི་མགོན་པོ་༧སྐྱབས་རྗེ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེས་གཙོ་མཛད་པའི་མཁས་གྲུབ་གོང་སྨོས་རྣམས་དང་། ཟུར་མཁན་ཆེན་འཆི་མེད་རབ་བརྟན། རྗེ་བཙུན་ཡེ་ཤེས་རབ་རྒྱས། མཁས་དབང་ཁྲོ་རུ་ཚེ་རྣམ་སོགས་འབྲི་སྟག་ཀར་འབྲུག་གནས་ཟུར་སོགས་ཀྱི་མཁན་སྤྲུལ་བླ་སློབ་རྣམས་དང་། གཞན་ཡང་གོང་ས་སྐྱབས་མགོན་ཆེན་པོ། ཀཾ་ཚང་གི་རྒྱལ་བ་ཡབ་སྲས། མདོ་སྨད་བླ་རུང་གི་ཆོས་གྲྭ་དང་། ཡ་ཆེན་སྒོམ་གྲྭ་ཆེན་མོ་སོགས་སུ་བཞུགས་པའི་ས་དགེ་བཀའ་རྙིང་གི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་བགྲེས་གཞོན་བཅུ་ཕྲག་དགུ་ལྷག་ཙམ་གྱི་ཞབས་པད་སྔ་ཕྱིར་བསྙེན་ཏེ་མདོ་སྔགས་རིག་གནས་དང་བཅས་པ་སློབ་གཉེར་ལ་རྟག་འགྲུས་དང་། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། མཛོད་ཆེན་རྣམ་ལྔས་གཙོས་གངས་ལྗོངས་མཁས་གྲུབ་རྣམས་ཀྱི་གསུང་རབ་ལས་སྨིན་གྲོལ་རྒྱབ་བརྟེན་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་གསན་བཞེས་གནང་གསུམ་ལ་ཧུར་བརྩོན་མཛད། དཔལ་དྭགས་ལྷ་སྒམ་པོ་སོགས་སྒྲུབ་གནས་ཁྱད་འཕགས་རྣམས་སུ་ངེས་འབྱུང་དང་དང་བྱང་སེམས་ཀྱིས་རྒྱུད་བསྐུལ་ནས་བཀའ་བརྒྱུད་རིན་པོ་ཆེའི་མནོག་ཆོས་ཐབས་གྲོལ་གྱི་གནད་ལ་རྡོ་རུས་འཕྲོད་པའི་ཉམས་བཞེས་ལྷུར་ལེན་མཛད་པས་བསྟན་འཛིན་གྱི་སྐྱེས་བུ་མཚན་དང་དོན་མཐུན་དུ་གྱུར། དེར་བརྟེན་སྒམ་པོའི་གདན་ས་དང་། ལྷོ་བྲག་སྲས་མཁར་དགུ་ཐོག འོག་མིན་མཚུར་ཕུའི་སྒར་གོང་འོག གནས་ནང་དགོན། བྱང་འབའ་རོམ་གདན་ས་མཐིལ། ངོམ་གནས་མདོ། སྐྱོ་བྲག་དགོན་སོགས་དབུས་གཙང་ཁམས་གསུམ་དུ་ཡོད་པའི་བཀའ་བརྒྱུད་ཀྱི་གདན་ས་ཁག་གིས་གཙོས་བཤད་སྒྲུབ་ཀྱི་སྡེ་བཅུ་ཕྲག་བརྒྱད་ལྷག་ཙམ་ལ་སོ་སོ་ནས་ཆེད་གཉེར་གདན་ཞུ་བཞིན་ཕེབས་ཏེ་ཇོ་སེར་བརྒྱ་ཕྲག་བཅུ་གསུམ་ཡས་མན་ལ་དགེ་ཚུལ་སློང་གི་སྡོམ་རྒྱུན་སྤེལ། དེ་དག་གི་སྐབས་བསྟུན་ཉེར་མཁོའི་དབང་ལུང་། གདམས་ཁྲིད། གཞུང་དང་། ལམ་རིམ་གྱི་བཀའ་ཆོས་སོགས་མང་དུ་གནང་ནས་འབྲེལ་ཚད་ཐོས་བསམ་སྒོམ་གསུམ་ལ་སྦྱོར་བའི་མཛད་པ་བསྐྱངས། ཁྱད་པར་གདན་ས་ཁང་ནེ་དགོན་དུ་རིན་པོ་ཆེ་མཆོག་གིས་དབྱར་ཆོས་དང་དགུན་བཅའ་ཆད་མེད་རྒྱུན་སྐྱོང་ཐོག་ལྟོས་བཅས་གདུལ་བྱ་ཐམས་ཅད་ཉམས་ལེན་གྱི་སྲང་དུ་བཙུད། གོང་སྨོས་དགོན་གནས་གར་བྱོན་གང་བཞུགས་ཀུན་ཏུ་ཆོས་དད་དམངས་ཚོགས་སྤྱི་དང་བྱེ་བྲག་ལ་དུས་རབས་དང་བསྟུན་པའི་བསླབ་བྱ་སློབ་སྟོན་རྒྱ་ཆེ་རྒྱུན་རིང་དུ་བསྩལ་བར་བརྟེན་ཞལ་མཇལ་གསུང་ཐོས་ཀྱི་སྐྱེ་བོ་ཁྲི་ཕྲག་དུ་མ་དགེ་སྒྲུབ་སྡིག་སྤོང་ལ་བསྐུལ། ཁྱད་པར་རྗེ་ཉིད་ནས་རྗེས་འཇུག་སློབ་ཚོགས་རྣམས་ལ་ཆེད་དུ་གདམས་པའི་གསུང་ཆོས་རིགས་ཆེ་ཕྲ་དུ་མ་དང་། བསྟོད་ཚོགས། གདན་ས་ཁག་གི་ཆོས་འབྱུང་། ཐབས་གྲོལ་སྔོན་དངོས་ཀྱི་ཁྲིད་ཡིག གཅོད་དང་བློ་སྦྱོང་གི་ཟིན་བྲིས་སོགས་དགོས་དབང་དང་འབྲེལ་བའི་ལྗགས་རྩོམ་མང་དུ་བགྱིས་པས་མཚོན་དམ་པའི་ཚུལ་དགུ་མངའ་བའི་མཛད་པས་ལུང་རྟོགས་ཀྱི་བསྟན་པ་སྤེལ་བའི་གཡར་དམ་ལ་ཐུགས་གཞོལ་བའི་ཕྲིན་ལས་འགྲན་པའི་ཟླ་དང་བྲལ་བ་འདིིའོ། །བྱ་བ་ལས་ཀྱི་འཁོར་ལོ་ལ་མཚོན་ན་༧ཕྱག་མཛོད་རྒན་བླ་མ་བསྟན་འཛིན་ཡོངས་གྲགས་ལགས་གཙོར་མཛད་པའི་ཉེ་གནས་ལས་གཉེར་རྣམ་པ་དང་། རྒྱ་རིགས་ཀྱི་དགེ་བསྙེན་ཀརྨ་ཀུན་དགའ་དང་གུ་རུ་ཆོས་སྒྲོན་བཟའ་ཟླ་སོགས་བསྟན་པའི་སྦྱིན་བདག་སྟེ་དཔོན་འཁོར་ཚང་མས་རྡོག་རྩ་ཆིག་དྲིལ་མཛད་པར་བརྟེན། སྐྱོ་བྲག་གདན་ས་མཐིལ་དུ་མར་ལུགས་རྒྱུད་གྲྭའི་གཙུག་ལག་ཁང་གསང་ཆེན་བཞད་པ་རྡོ་རྗེའི་ཕོ་བྲང་རྟེན་བརྟེན་པ་གྲྭ་ཚང་བཅས་བསྐྱར་བསྐྲུན་གནང་། ཁྱད་པར་དུ་རིན་པོ་ཆེ་ཉིད་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་༧སྐྱོ་བྲག་ཁང་ནེ་དགོན་ཉམས་གསོ་དང་འབྲེལ་དད་དམ་གཙང་ཞིང་ཤེས་འཇོན་ལྷག་བསམ་གསུམ་ལྡན་གྱི་རྡོ་རྗེའི་མཆེད་སློབ་ཡོངས་ཀྱིས་སྒོ་གསུམ་རྡུལ་དུ་བརླགས་པའི་སྲི་ཞུ་ལྷུར་བགྱིས་ཤིང་། རྒྱ་བོད་འབྲེལ་ཡོད་སྦྱིན་བདག་སོ་སོས་ཚོགས་བསགས་ཟུང་དུ་འབྲེལ་བའི་མཐུ་ལས། ཡིག་གྲྭ་དང་། བཤད་གྲྭ། སྒོམ་གྲྭ། དགེན་བསྙེན་གྱི་གླིང་སྟེ་གྲྭ་གསུམ་དང་སྡེ་གཅིག་ཆ་ཚང་བའི་ཁོར་ཡུག་རྟེན་དང་བརྟེན་པར་བཅས་པ་བསྐྱར་བསྐྲུན་མཛད། དེ་ཡང་བསྟན་རྩ་དགེ་འདུན་གྱི་སྡེ་མདོ་དབུས་ཁམས་གསུམ་ནས་འདུས་པ་ལ་བཞུགས་ཁང་དང་། འཚོ་བ། སྒྲིག་འཛུགས་ཐད་གཅེས་སྐྱོང་གང་ལེགས་ཀྱིས་སངས་རྒྱས་ཀྱི་བསྟན་པའི་དངོས་གཞི་ལུང་དང་རྟོགས་པའི་ཆོས་སྤྱི་དང་། བྱེ་བྲག་འགྲོ་མགོན་བཀའ་བརྒྱུད་པའི་རིང་ལུགས་རྩལ་དུ་འདོན་པའི་ཆོས་གྲྭ་༧དཔལ་བཀའ་བརྒྱུད་བཤད་སྒྲུབ་གླིང་ཞེས་མཚན་དང་དོན་མཐུན་གཞིར་བཞེངས་སུ་གནང་། ཟླ་རྒྱུད་བསྟན་རྒྱས་གླིང་དང་། དེང་ཐོག་རྟག་བརྟན་ཀུན་གསལ་གླིང་། བཙུན་དགོན་པདྨ་བསམ་གཏན་གླིང་སོགས་བསྐྱར་གསོ་དང་གསར་བསྐྲུན་མཛད། ཞར་བྱུང་རིས་སུ་མ་ཆད་པའི་སྤོང་ཀློག་གི་སྡེ་རྣམས་སུ་དངོས་རྫས་མང་ཉུང་ལ་མ་ལྟོས་པའི་ཚོགས་བསགས་དང་བསྙེན་བཀུར་གྱི་འབྲེལ་འཇོག་མ་མཛད་པ་མེད་པ་ལྟ་བུར་སྣང་། རྒྱལ་ཕྱི་ནང་གི་དད་ལྡན་མི་རིགས་ཁྲི་ཕྲག་དུ་མ་སྐྱབས་འགྲོ་དང་རྒྱུ་འབྲས་ཀྱི་གནས་ལ་བཀོད་དེ་ཚོགས་གསོག་གི་དངོས་རྫས་གཞར་ཡང་ཆུད་མི་འཛའ་བའི་དགོངས་སྤྱོད་མཐའ་འཁྱོལ་དུ་མཛད། གཞན་ཡང་མགོན་མེད་ཀྱིི་རྒས་འཁོག དྭ་ཕྲུག དབུལ་ཕོངས། ནད་པ་སོགས་ཡུལ་མི་སྤྱི་སྒེར་རྣམས་ལ་དངོས་རྫས་ཀྱི་བགོ་བཤའ་དང་སྐྱོབ་གསོ། རི་རྒྱ་ཀླུང་རྒྱ་བསྡམས་པ་སོགས་དགེ་བཅུའི་སྲོལ་རྒྱུན་སྤེལ་བས་ས་སྟེང་གི་སྐྱེ་འགྲོ་དཔག་ཏུ་མེད་པ་ལ་མཐུན་སྒྲིལ་དང་བདེ་འཇགས་ཀྱི་རྒྱུན་བཙུགས་པ་སོགས་རྒྱལ་སྲས་ཀྱི་སྤྱོད་པ་ཕྱག་ལེན་དུ་བསྟར། ཁྱད་པར་དགུང་གྲངས་ཞེ་བཞིིའི་ལོ་མཇུག་ནས་བཟུང་སྐབས་ཕལ་ཆེ་བ་རྣམས་སུ་འོག་མིན་སྐུ་གསུམ་གླིང་སོགས་དབེན་ཁྲོད་ངེས་མེད་དུ་སྒྲུབ་པ་སྙིང་པོར་བགྱིད་པའི་གཡར་དམ་་ལྷོད་མེད་ངང་འཚོ་གཞེས་སུ་བཞུགས་བཞིན་པའང་དགོས་དབང་དང་བསྟུན་མདོར་བསྡུས་ཙམ་བརྗོད་པའོ། ། གཞན་ཡང་ལྔ་རིག་ཤེས་བྱའི་གནས་ལ་མཁྱེན་རབ་ཀྱི་རྩལ་ཁ་རྒྱས་པས་འཆད་རྩོད་རྩོམ་གསུམ་གྱིས་ལུང་གི་བསྟན་པ་གཙོ་བོར་འཛིན་པའི་བཤེས་གཉེན་དྲན་དབང་རྣམས་དང་། རྩེ་གཅིག་སྒྲུབ་ལ་གཞོལ་བས་ལམ་ལ་དྲོད་ཐོབ་ཀྱི་སྒོམ་ཆེན་གཙོ་བོར་རྟོགས་པའི་བསྟན་འཛིན་རྣམས་དང་། བཤད་སྒྲུབ་ཀྱི་སྡེ་ལ་ཕྱི་ནང་ཀུན་ཏུ་བསྙེན་བཀུར་གྱིས་སྲི་ཞུ་དང་རྟེན་བཞེངས་ལྷུར་མཛད་པས་གཙོ་བོར་བྱ་བ་ལས་ཀྱི་འཁོར་ལོ་འཛིན་པའི་བླ་མ་སློབ་དཔོན་རྣམས་དང་། བྱས་རྗེས་བླ་ལྷག་ཏུ་ཆེ་བས་ཁོར་ཡུག་གི་ལྕགས་རི་ལྟ་བུའི་ལས་འཛིན་རྒན་གཞོན་རྣམས་དང་། དོན་བརྒྱུད་སྙིང་པོའི་བསྟན་འཛིན་མཆོག་སྤྲུལ་ཚུལ་ཁྲིམས་བདུད་འདུལ་དང་། བླ་མ་བསྟན་འཛིན་འགྲོ་འདུལ་སོགས་སྤོང་ཀློག་ལས་ཏེ་འཁོར་ལོ་གསུམ་གྱི་བྱ་བས་བསྟན་འགྲོའི་ལེགས་ཚོགས་སྤྱི་དང་། ཁྱད་པར་རང་དགོན་གྱི་ཕྱི་ནང་གསང་གསུམ་འཛིན་སྐྱོང་སྤེལ་བ་ལ་དགོངས་སྤྱོད་ཆིག་དྲིལ་གྱིས་མཛད་ཕྲིན་ཡར་ཟླའི་འགྲོས་ལ་སྙེགས་པའིི་མཁན་སྤྲུལ་བླ་སློབ་ལས་གཉེར་སོ་སོ་གཞིས་དགོོན་རྩ་བའི་གདན་ས་དང་། ཡན་ལག་བཤད་སྒྲུབ་ཀྱི་སྡེ་ཆེ་ཕྲ། རྒྱལ་ཕྱི་ནང་སོགས་ཉེ་རིང་གང་སར་བཞུགས་བཞིན་པ་སྟེ་ས་བོན་ཙམ་མོ། ། དེ་དག་གི་ཚུལ་རྒྱས་པ་ནི་ཡང་དར་བསྟན་དགོན་བསྐྱར་གསོ་བགྱིས་ཚུལ་གྱི་བྱུང་བ་བརྗོད་པ་ཀུན་གསལ་ནོར་བུའི་མེ་ལོང་དུ་བཀོད་པ་ལྟར་རོ། །དེས་རྩ་བའི་དོན་ཚན་གཉིས་པའི་བརྗོད་བྱ་མདོར་བསྡུས་སྨོས་ཟིན་ཏོ། །

           ༈  དོན་གསུམ་པ་ལ་གཉིས་ལས།

དང་པོ་༡༩༥༨ལོ་ཡན་གྱི་དུས་རབས་རྙིང་པའི་སྐབས་དགོན་པའི་རྒྱ་ཁྱོན་ནི། ཚོགས་ཆེན་འདུ་ཁང་། རྡོར་སེམས་ལྷ་ཁང་། ཐུགས་གསང་བུམ་ཁང་། ཛམ་དཀར་གཡང་ཁང་། མགོན་པོ་ཁང་། འཆམ་ཁང་འཆམ་ར་དང་བཅས་པ། གཉེར་མཛོད་དང་། རུང་ཁང་སོགས་དགོན་གཞུང་གི་བཀོད་པ་དང་། ཕྱག་ཆེན་དང་ཆོས་དྲུག་གི་སྒྲུབ་སྡེ། རི་ཁྲོད་སྒོམ་གྲྭ། གཞུང་གྲྭ་ཁག་སོ་སོར་སྤྱི་སྤྱོད་ཁང་དང་། གཟིམས་ཤག་སྤོང་ཁང་སོགས་ཡུལ་དུས་དང་འཚམས་པའི་ཕྱི་ནང་ཆ་མཐུན་པ་ཡོད་དོ། །དེ་འབྲེལ་རྒྱུན་འཚོགས་སྒྲུབ་མཆོད་དང་བླ་གྲྭའི་འཚོ་བའི་ཐེབ་རྩར། ཕྱུགས་བྲང་ཚོ་གསུམ་དང་། ནས་ཞིང་མུའུ་༡༤༠ལྷག་ཡོད། རྩྭ་སའང་དབྱར་དགུན་སྟོན་དཔྱིད་དེ་དུས་བཞིར་ཕྱུགས་བྲང་སོ་སོ་སྐྱས་སྤོ་སྐབས་སྡོད་གནས་དང་། གཞི་ས་བཅས་ལ་བསྡོམས་མུའུ་གྲངས་༥༠༠༠ལས་བརྒལ་བ་ཡོད། སྤྱིར་དགོན་པའི་དགུན་སའི་ཁོར་ཡུག་འབྲེལ་ཡོད་སྡེ་དགོན་སྲིད་གསུམ་ནས་གྲོས་ཆོད་བྱས་དོན་ལྟར། ཤར་རྒྱམ་རྒྱལ་མགར་ཕུག་སྣ་ཡན། ལྷོ་སྐྱོ་འགག་དང་གཡས་གཡོན་གྱི་རི་ངོས་མན། ནུབ་སྒྲུབ་ཕུག་མཚོ་དང་གནས་རྒན་མའི་རི་སྣ་ཕྱིན། བྱང་ཟླ་ཆུའི་བཅད་མཚམས་ཚུན་ཡིན། གཞན་ཡང་རང་བྱུང་གི་སྐྱེད་ཚལ་དང་རི་བྲག་ལྷོ་ཟླའི་བཀོད་པ་མཛེས་ཤིང་ལྷུན་ཆགས་པ་སོགས་ནི་གནས་ཀྱི་ཆེ་བརྗོད་ལས་ཤེས་པར་ནུས་སོ། །

༈ གཉིས་པ་གྲགས་ཅན་གྱི་རིག་དངོས་གནའ་རྫས་ད་ལྟ་ལྷག་ཡོད་ནི།

སྐུ་ཕྲེང་བཞི་པའི་དུས་སུ་སོག་པོའི་བློན་དམག་གིས་ཕུལ་བའི་ཆ་ལང་བཀྲ་ཤིས་འོད་འབར་དང་། རྒྱ་གར་ཤར་ནུབ་ཀྱི་ལི་སྐུ་སྟོན་པ་དང་ཉེ་སྲས། གསེར་བྲིས་མདོ་བརྒྱད་སྟོང་པ། རཏ་གླིང་གཏེར་བྱོན་གནམ་ལྕགས་ཀྱི་ཕུར་བུ་བདུད་དཔུང་ཟིལ་གནོན། སྐུ་ཕྲེང་དང་པོའི་ཐུགས་དམ་གྱི་རྟེན་རཏྣའི་ཕུར་ཐང་། སྨན་བླའི་ཞིང་ཐང་། བྱ་སྒྲོ་མ་ཞེས་པའི་རྡོ་དྲིལ། ཡང་སྟག་ལུང་སངས་རྒྱས་དབོན་གྱི་ཕྱག་དྲིལ་དུ་གྲགས་པ་དངུལ་མགོ་རྩེ་དགུ་ཅན། སྐུ་ཕྲེང་དྲུག་པའི་ཐུགས་དམ་གྱི་རྟེན་ཛམ་དཀར་འབྲུག་ཞོན་གྱི་སྐུ་གཏེར་མ། གྲུབ་མཆོག་དབང་དགའ་རིན་པོ་ཆེའི་ཕྱག་ཆས་རྡོ་དྲིལ། སྐུ་ཕྲེང་བཞི་པའི་གཏེར་བྱོན་རྡོ་ནག་གི་ཀ་པ་ལ་ངོ་མཚར་ཅན་སོགས་བཞུགས།

  ༈  དོན་བཞི་པ་ལའང་ནང་གསེས་ཀྱི་དབྱེ་སྒོ་ཁ་ཤས་ཡོད་པ་ལས།

དང་པོ་དགོན་གཞིས་སླར་གསོ་བྱེད་སྟངས་ནི། ༡༩༥༨ལོའི་དུས་ཟིང་ལ་རྟེན་དགོན་སྡེ་ཚང་མ་ཉམ་ཉེས་བྱུང་ཚུལ་གཅིག་མཐུན་ལ། ༡༩༨༧ལོ་སླར་གསོའི་ཆོག་མཆན་ཐོབ་པ་ནས་བཟུང་། བླ་རྒན་བགྲེས་པ་རྣམས་ནས་ཐུགས་ཁུར་ཆེར་བཞེས་ཐོག་གཞོན་སྐྱེས་གྲྭ་བཙུན་རྣམས་ཀྱིས་གཞོག་འདེགས་བགྱིས་ཏེ་དགོན་གཞིས་ཉམས་གསོའི་རྨང་བཏིངས། དེ་ནས་༡༩༩༥ལོར་བསྟན་བདག་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་སྔར་གྱི་བརྟགས་ལུང་བཞིན་རི་ཁྲོད་ནས་གདན་སར་ཞབས་དཀྱིལ་བཀོད་པ་ནས་ད་ལྟའི་བར་བླ་སློབ་སྦྱིན་བདག་ལས་འཛིན་ཐུན་མོང་གིས་རྡོག་རྩ་ཆིག་སྒྲིལ་མཛད་མཐུས་བསྟན་གཞི་གཙུག་ལག་ཁང་དང་། བསྟན་རྩ་དགེ་འདུན་གྱི་སྡེ། སྐུ་གསུང་ཐུགས་རྟེན་དང་བཅས་པ་བསྐྱར་བསྐྲུན་མཛད་ཚུལ་ས་བོན་ཙམ་གོང་སྨོས་ལྟར་ལ། ལོ་རྒྱུས་བསྡུ་བསྒྲིག་བྱ་བའི་དགོས་གལ་དང་བསྟུན་མིག་སྔར་གྲུབ་ཟིན་སྐོར་ངོ་སྤྲོད་མདོར་བསྡུས་འབྲི་ན། བཤད་གྲྭའི་གཙུག་ལག་ཁང་རྨེས་གྲུ་བཞི་མ་༤༠༠༠ལྷག་ཅན་དང་། སྒོམ་གྲྭའི་འདུ་ཁང་རྨེས་གྲུ་བཞི་མ་༡༦༠༠ཅན། ཡིག་གྲྭའི་གཙུག་ལག་ཁང་རྨེས་༣༠༠ཅན། དགེ་བསྙེན་གྱི་སྡེ་ལ་འདུ་ཁང་ཀ་བ་བརྒྱད་ཅན། དེ་དག་སོ་སོའི་ནང་རྟེན་གསུམ་གྱི་བཀོད་པས་མཛེས་པ། གཞན་ཡང་སློབ་གྲྭ་དང་བཤད་གྲྭའི་འཛིན་གྲྭ་སོ་སོ་ཚོགས་ཁང་་། གྲྭ་གསུམ་སོ་སོར་དཔེ་མཛོད་ཁང་དང་། སྨན་ཁང་། ཚོང་ཁང་། ཇ་མཛོད་ཁང་། ཐུན་མོང་དུ་གཞུང་དོན་ཁང་བཅས་ལ་ཀ་བ་གཉིས་ནས་བརྒྱད་ཀྱི་བར་ཅན། ལོ་གསུམ་ཕྱོགས་གསུམ་ཅན་གྱི་སྒྲུབ་སྡེ་༡རྡོ་རྗེ་ཁྱུང་རྫོང་། ༢རྣམ་གྲོལ་བྱང་ཆུབ་ཆོས་གླིང་། ༣ཐེག་ཆེན་སྨིན་གྲོལ་གླིང་། ༤འཕགས་མཆོག་འགྲོ་འདུལ་གླིང་། ༥ བཅས་ཕྱི་ནང་ཆ་འཛོམས། ཡང་དབེན་འོག་མིན་སྐུ་གསུམ་གླིང་གོང་འོག་གི་བཀོད་པ། གཞན་ཡང་བླ་བྲང་ཁག་དང་མགོན་ཁང་། དགོན་པའི་ཁོར་ཡུག་གི་མཚམས་ཁང་དང་། འདག་སྦྱར་ཁང་། རང་ཤོང་གི་སྤྱིལ་བུ། གྲྭ་ཤག་བཅས་ནང་བཞུགས་ཀྱི་གྲངས་མཐུན་སྤྱི་སྒེར་ཡོངས་བསྡོམས་སྒོ་ཟུག་བརྒྱ་ཕྲག་བཅུ་ཡས་མས་ཙམ་ཡོད།

  ༈  གཉིས་པ་གཙོ་ཆེ་བའི་རྒྱུན་འཛུགས་དུས་མཆོད་སྐོར་ནི།

ཧོར་ཟླ་དང་པོའི་ནང་ལོ་གསར་ལ་གནས་ཆོག་ཉིན་གཅིག བདེ་ཆེན་ཞིང་སྒྲུབ་ཉིན་བདུན། རྗེ་བཙུན་མར་མི་ཡབ་སྲས་ཀྱི་འདས་མཆོད་ཉིན་གཉིས། གསུམ་པའི་ནང་འཇམ་དབྱངས་སྒྲུབ་ཆེན་ཉིན་བདུན། བཞི་པའི་ནང་ཆོས་རྗེ་འབའ་རོམ་པའི་འདས་མཆོད་ཉིན་གཅིག ལྔ་པའི་དམར་ཕྱོགས་ནས་གསོ་དགག་དབྱར་གསུམ་གྱི་ཕྱག་ལེན་དང་འབྲེལ་དྲུག་པའི་ཉ་ལ་མཉམ་མེད་སྒམ་པོ་པའི་སྐུ་མཆོད་སྐབས་འགྲོ་མགོན་དྭགས་བརྒྱུད་པའི་དགོངས་པ་གཙོར་འདོན་གྱི་བགྲོ་གླེང་དབྱར་ཆོས། དབྱར་གནས་ཁས་བླངས་དངོས་ལ་ཟླ་བ་ཕྱེད་གཉིས། དྲུག་པའི་ནང་ཛམ་དཀར་གཡང་སྒྲུབ་ཉིན་གསུམ། བདུན་པའིི་ནང་རྡོར་སེམས་ཚོགས་སྒྲུབ་ཉིན་བདུན། བརྒྱད་པའི་ནང་༧རྒྱལ་དབང་མི་བསྐྱོད་རྡོ་རྗེའི་སྐུ་མཆོད་དང་འབྲེལ་རྗེ་ཉིད་ཀྱི་གཞུང་ཆེན་བགྲོ་གླེང་། དགུ་པའི་ནང་ཐར་ཆེན་ཉིན་བདུན། དགུ་ཆུང་ལ་ཕུར་པའི་དབལ་མདོས་ཉིན་ལྔ། དགུ་ཆེན་ལ་མགོན་པོ་ཕྱག་བཞི་པའི་གཏོར་ཟློག་ཉིན་ལྔ། ཁྱད་པར་སྒོམ་གྲྭ་བ་རྣམས་ཟླ་བ་བྱུང་ངོ་ཅོག་ལ་ཡི་དམ་བདེ་དགྱེས་གསང་གསུམ་གཙོས་གསར་མའི་རྒྱུད་སྡེ་ཁག་དང་། བཀའ་བརྒྱུད་མགུར་མཚོ། སྡོམ་པ་གསུམ་གྱི་གསོ་སྦྱོང་། སྲུང་མའི་གསོལ་བསྐང་རྒྱས་འབྲིང་བསྡུས་པ་སོགས་སྒྲུབ་སྡེའི་འགྲོས་ལྟར་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཚད་ལྡན་ཚུལ་མཐུན་མཛད་བཞིན་པ་འདིའོ། །

  ༈  གསུམ་པ་དགེ་རྩའི་རང་བཞིན་ལྡན་པའི་སྤྱི་ཕན་བྱ་བ་བསྒྲུབས་ཚུལ་ནི།

༢༠༠༡ལོ་ནས་བཟུང་ཉམ་ཐག་གི་ནད་པ་གསོ་བའི་རྒྱ་བོད་ཟུང་འབྲེལ་གྱི་ཀུན་ཕན་སྨན་ཁང་ཕྱི་ནང་ཆ་མཚུངས། བུ་རྒྱུད་དང་བྲལ་བའི་རྒས་འཁོག་ལ་བྱམས་སྐྱོང་ཐོག་ཟས་གོས་སྡོད་ཁང་གི་རོགས་སྐྱོར། ཡུལ་དམངས་སྤྱི་དང་བྱེ་བྲག་ས་འགུལ་གྱི་གནོད་རྐྱེན་ཐེབ་པ་གཙོས་དབུལ་ཕོངས་ཀྱི་དུད་ཁྱིམ་སོ་སོར་གྱོན་གོས་དང་། བཟའ་བཅའི་བགོ་བཤའ་སྔ་ཕྱིར་མི་དམངས་སྒོར་མོ་ཁྲི་བརྒྱ་ཕྲག་ལྷག་གི་འགྲོ་གྲོན་གཏོང་གནང་དང་། གནས་བསྐོར་བའི་འགྲུལ་ལམ་གསར་བཟོ། གཞུང་ལམ་དང་ཟམ་པ་ཉམས་གསོ། དགོན་པའི་རྒྱབ་རི་སྐྱོ་བྲག་གནས་རྒན་མས་མཚོན་པའི་ཁོར་ཡུག་གང་སར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། རབ་བྱུང་གི་སྐྱེད་ཚལ་ལ་གནོད་འགོག་དང་ལོ་རེ་བཞིན་ཟི་ལིང་སོགས་ནས་ཆེད་དུ་ཉོ་བཙལ་སྒོས་ནགས་ཤིང་གསར་བསྐྲུན་ཐོག་དེ་དག་སྲུང་སྐྱོང་ཚོགས་ཆུང་ཆེད་བཙུགས་བྱས་ཏེ་འཆར་ལྡན་གྱི་ལག་ལེན་དགོན་པ་རང་གིས་བྱ་བ་བཅས་སོ། །

 ༈  བཞི་པ་དགོན་པའི་སློབ་གསོའི་སྐོར་ནི།

འབྲེལ་ཡོད་གཞོན་སྐྱེས་རྣམས་ལ་ལུགས་གཉིས་མཐུན་གྱི་བསླབ་བྱ་ནན་ཏན་བྱས་རྗེས་ལྡོག་མེད་ཀྱི་མོས་པ་ཡོད་མཁན་དག་ཆོས་སྒོར་བཅུགས་ཏེ་དགོན་འདིར་སྒྲིག་ལ་ཞུགས་པ་ནས་བཟུང་། ཐུགས་མཐུན་པ། ཁྲིམས་གཙང་བ། སྤོང་ཀློག་ཆོས་སྤྱོད་ལ་བརྩོན་པ་ནི་སྒྲིག་གཞིའི་སྤྱི་སྡོམ་ཡིན། དེ་ལ་དགོན་པའི་ཁོར་ཡུག་འདི་གྲྭ་གསུམ་དང་སྡེ་གཅིག་ཏུ་ཕྱེ་བའི་ནང་ཚན།

              ༈  དང་པོ་ཡིག་གྲྭ་ནི།

ཐོག་མར་བུ་ཕྲུག་སློབ་ལོ་ལོན་པ་རྣམས་ཕ་མ་དང་ཁྱིམ་བདག་སོ་སོ་རང་མོས་ཀྱིས་སྒྲིག་ཞུགས་བྱེད་མཁན་ཡོད་རིགས་ལ་སྡོད་ཁང་། གོས་གདན། བཟའ་བཏུང་། སློབ་དེབ། སྨྱུག་ཤོག་ཚུན་མེད་དུ་མི་རུང་བའི་འཚོ་མཁོའི་ཡོ་བྱད་ཆ་ཚང་བའི་ཁར། གཙོ་བོར་སློབ་སྟོན་གནང་མཁན་དགེ་རྒན་ནི་གྲྭ་ཚང་གི་ཁྲོད་ནས་ལྟ་སྤྱོད་གཙང་ཞིང་། རིག་གནས་ཀྱི་གཞི་ལེགས་པ་དག་ལོ་གསུམ་དང་གཅིག་བར་རེས་བསྐོར་བ་དང་། དམིགས་བསལ་ཤེས་འཇོན་ཅན་རྣམས་ལོ་གྲངས་མ་ངེས་པར་སློབ་གཙོ་གནང་རྒྱུའི་ཐོག་དབྱངས་གསལ་འབྲི་ཀློག་ནས་བཟུང་བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་དག་གསུམ་བར་དང་། སྲུང་གསོལ་དང་ཆོ་ག་ཆོས་སྤྱོད་རིགས་བློར་འཛིན་དང་། བཅའ་འདོན་འབུད་དཀྲོལ་སོགས་ཞོར་སྦྱོང་བྱ་བ་བཅས་འཛིན་གྲྭའི་བབ་བསྟུན་སྦྱང་བྱའི་གོ་རིམ་ཙམ་ལས་སྒྲིག་འཛུགས་ཀྱི་འགྲོས་ཕལ་ཆེར་བཤད་གྲྭ་དང་མཐུན་ནོ། །

       ༈  གཉིས་པ་བཤད་གྲྭ་ནི།

ཡིག་གྲྭ་ནས་སློབ་མཐར་ཕྱིན་རིམ་གྱིས་རྟེན་རབ་བྱུང་ཡིན་པ་སོགས་ལུགས་མཐུན་གྱིས་བཤད་གྲྭར་སྒྲིག་ལ་ཞུགས་འཕྲལ་དགེ་ཚུལ་ཀཱ་རི་ཀ་ནས་བཟུང་རྒྱུད་རྒྱལ་དགྱེས་པ་རྡོ་རྗེའི་བར་མདོ་སྔགས་རིག་གནས་དང་བཅས་པ་འཛིན་གྲྭའི་གོ་རིམ་མ་འཁྲུགས་པར་ལོ་གྲངས་བཅུ་གསུམ་ཡུན་སློབ་སྦྱོང་ཆ་ཚང་རེ་འགྲོ་ཐུབ་ངེས་དང་། དམིགས་བསལ་ཉིན་རེར་སྔ་དགོང་ཆུ་ཚོད་རེའི་ཁོངས་སུ་ཐུན་མོང་གི་སྔོན་འགྲོ་བཞི་ལ་བློ་སྦྱོང་བ་ནས་བཟུང་། ཐུན་མིན་གྱི་སྔོན་འགྲོ་བཞི་སྦྱོར་དང་། བྱང་ཆུབ་སེམས་སྦྱོང་། དངོས་གཞི་ཞི་ལྷག་གི་ཏིང་ངེ་འཛིན་སྒོམ་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བའི་རྒྱུན་གྱི་ཉམས་ལེན་ལ་བརྩོན་པ་སྟེ། བཀའ་བརྒྱུད་བཤད་སྒྲུབ་གླིང་ཞེས་མཚན་དང་དོན་མཐུན་པར་གནས་སོ། །དེ་གའི་རྒྱུ་མཚན་ཧྲིལ་དྲིལ་ན། སྐྱབས་རྗེ་༧ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་དཔོན་འཁོར་ཚང་མའི་བསམ་སྦྱོར་ཆིག་སྒྲིལ་གྱི་ནུས་ཤུགས་ལ་བརྟེན་ནས་རབ་བྱུང་བཅུ་བདུན་པའི་ཆུ་རྟ་སྤྱི་ལོ་༢༠༠༢/༩/༩ཉིན་ངོ་མཚར་བའི་མཚན་ལྟས་ཕུན་སུམ་ཚོགས་པ་དང་བཅས་བཤད་གྲྭ་ཐོག་མའི་དབུ་བཙུགས། གོང་སྨོས་ལྟར་ཆོས་གྲྭ་འདིའི་གླིང་ཁོར་ཡུག་དང་། བཤད་གྲྭའི་ཕྱི་ནང་གི་མཐུན་རྐྱེན་གང་ཐད་ནས་ངལ་བརྒྱ་ལྷུར་བཞེས་ཏེ་ཐུབ་བསྟན་རིས་སུ་མ་ཆད་པའི་སློབ་གཉེར་བ་སྤྱི་དང་། བྱེ་བྲག་འགྲོ་མགོན་བཀའ་བརྒྱུད་པའི་རིང་ལུགས་རྩལ་དུ་་འདོན་པ་ལ་སྒོ་ཀུན་ནས་སྲི་ཞུའི་ལྷག་བསམ་གྱིས་སྔར་བྱོན་མཁས་གྲུབ་ཀྱི་སྐྱེས་ཆེན་རྒྱུ་སྐར་གྱི་ཕུང་པོ་ལྟ་བུའི་དབུས་སུ། མདོ་རྒྱུད་ཟབ་མོའི་དགོངས་འགྲེལ་གཞུང་ཆེན་མན་ངག་དང་བཅས་པའི་བཀའ་བབ་འགྲན་ཟླ་དང་བྲལ་བས་མཁྱེན་རབ་ཀྱི་དཀྱིལ་འཁོར་ཉ་རྒྱས་ཟླ་བའི་ངང་ཚུལ་འཛིན་པ་སྤྱན་རས་གཟིགས་དངོས་༧རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་། གངས་ཅན་གྱི་ཐམས་ཅད་མཁྱེན་པ་ཁྲོ་ཕུའི་བུ་སྟོན་རིན་ཆེན་གྲུབ་དང། འཇམ་དཔལ་སྨྲ་བའི་སེང་གེ་འབྲུག་ཀུན་མཁྱེན་པདྨ་དཀར་པོ་གཙོར་གྱུར་པའི་པཎ་གྲུབ་གོང་མ་རྣམས་ཀྱི་དགོངས་པ་དྲི་མ་མེད་པ་ཉིད་ལུང་དང་རིགས་པ་མན་ངག་སྟེ་ཚད་མ་གསུམ་གྱི་ལམ་ནས་རང་ལུགས་གཙང་མ་འབུར་འདོན་དང་འབྲེལ། གངས་ལྗོངས་བསྟན་པའི་ཤིང་རྟ་ཆེན་པོ་དག་གི་བཞེད་གཞུང་ལ་དང་ཞིང་དད་པས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་མཐར་ཐུག་དགོངས་པའི་བབ་གཅིག་མཐུན་དུ་ཤེས་པར་བྱ་བ་ནི་སློབ་གླིང་འདིའི་ཞེ་ཕུགས་གཏོད་ས་ཞིག་ཡིན། ཆོས་གྲྭ་འདིར་མཐུན་རྐྱེན་གྱི་གཙོ་བོ་སློབ་སྟོན་གནང་མཁན་གྱི་དགེ་བའི་བཤེས་གཉེན་ནི། སྐྱབས་རྗེ་བླ་མ་རིིན་པོ་ཆེ་མཆོག་གིས་གཙོར་་མཛད། མདོ་སྨད་གསེར་ལྗོངས་བླ་རུང་ཆོས་གྲྭའི་མཁན་ཆེན་༧ཚུལ་ཁྲིམས་བློ་གྲོས་དང་། མཁན་ཆེན་བླ་མ་འཆི་མེད་རིག་འཛིན། དེང་དུས་ཀྱི་སྨྲ་བའི་སེང་གེ་༧མཁན་ཆེན་བཀྲ་ཤིས་བསྟན་པ་རབ་རྒྱས། འབྲས་བློ་གླིང་གི་དགེ་བཤེས་ལྷ་རམ་པ་༧རྒན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་བླ་སློབ་སོགས་ཀྱིས་སྔ་ཕྱིར་ཆོས་འཁོར་བར་མེད་དུ་བསྐོར་བ་སྟེ་མཁན་སློབ་ཚང་མས་འཆད་རྩོད་རྩོམ་པའི་གནས་ལ་རྟག་འགྲུས་མཛད་པའི་རྒྱུ་མཐུན་ལས་མདོ་སྔགས་རིག་གནས་སྤྱིི་དང་བྱེ་བྲག་གི་འཛིན་གྲྭ་རྐང་ཚུགས་ཡོད་པར་བརྟེན། མདོ་དབུས་ཁམས་གསུམ་ནས་ཕེབས་བཞུགས་ཀྱི་སློབ་གཉེར་བ་རྣམས་ལ་སྡོད་ཁང་དང་འཚོ་བའི་ཆ་རྐྱེན་གང་ལེགས་ཀྱི་སྲི་ཞུ་སྒྲུབ་པའི་སྒོ་ནས། ནར་མར་གསོ་སྐྱོང་ལ་ནུས་ཤུགས་མཉམ་འདོན་བྱས་པའི་གོ་རིམ་ཁྲོད་སྔ་ཕྱིར་ཚར་ལོང་བྱུང་དང་འབྱུང་བཞིན་པའི་མཁས་བཙུན་བཟང་ལྡན་གྱི་དགེ་བའི་བཤེས་གཉེན་བསྟན་འཛིན་གྱི་སྐྱེས་བུ་སྤུས་ཇེ་ལེགས་དང་གྲངས་ཇེ་མང་ལ་འགྲོ་བཞིན་ཡོད།

   ༈ གསུམ་པ་སྒྲུབ་གྲྭའམ་སྒོམ་གྲྭ་ནི།

སྐྱབས་རྗེ་བླ་མ་རིན་པོ་ཆེ་གང་གིས་སྨིན་གྲོལ་སྙན་བརྒྱུད་ཀྱི་བདུད་རྩི་རྟག་པར་བགོ་སྐལ་དུ་སྩོལ་གནང་མཛད་ཅིང་། སྒྲུབ་དཔོན་བླ་མ་སྤྱི་དང་བྱེ་བྲག བབ་འོས་ལྡན་པའི་མཁན་སྤྲུལ་བླ་སློབ་སོ་སོ་ནས་ཀྱང་སྒྲུབ་བསྟན་སྙིང་ནོར་དུ་བཟུང་བའི་བཀའ་སྲོལ་དམ་པ་གོང་མའི་གསུང་གསང་ལ་གཙིགས་སུ་འཛིན་པའི་སྨར་ཁྲིད་རྒྱུན་འཁྱོངས་བགྱིད་པའི་རྟེན་འབྱུང་ལས། སྒྲུབ་ཕྱོགས་ལ་མོས་པ་ཡོད་རིགས་ཀྱི་རབ་བྱུང་བ་ཐུན་མོང་དང་། ཁྱད་པར་བཤད་གྲྭ་ནས་སློབ་མཐར་ཕྱིན་རིམ་བཞིན་སྒྲིག་འཛུགས་རྒྱུན་ལྡན་གྱི་གོ་རིིམ་བརྒྱུད། ཐབས་ལམ་ནཱ་རོའིི་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཙོར་གྱུར་པའི་རང་ལུགས་རིམ་གཉིས་ཀྱི་ཉམས་ལེན་ལོ་གསུམ་ཕྱོགས་གསུམ་དུ་མཛད་ཚུལ་བཅའ་ཡིག་ཟུར་གསལ་ལྟར་ལགས། སྒྲུབ་སྡེ་ལས་གྲོལ་རྗེས་རི་ཁྲོད་དུ་སྨྲ་བཅད་ཐེམ་སྤངས་ཀྱི་སྒོ་ནས་འདག་སྦྱར་ལོ་གསུམ་ནས་གཅིག་བར་ཐབས་གྲོལ་ཟུང་འབྲེལ་གྱི་ཉམས་བཞེས་ལྷུར་ལེན་དང་། ཡང་ལོ་ན་བགྲེས་པ་དང་ཤེས་རིག་བརྟུལ་བ་དག་ནི་ཆོས་སྒོར་ཞུགས་མ་ཐག་ནས་སྔོན་དངོས་ཀྱིི་ཉམས་ཁྲིད་མ་རྫོགས་བར། རབ་ཚེ་མཚམས། འབྲིང་ལོ་གསུམ། ཐ་ནའང་སྔོན་འགྲོ་འབུམ་བཞི་བསགས་མཁན་ཡན་ཆད་ལ་ལོང་བས་ལོང་བའི་ལམ་ཁྲིད་བྱས་པ་ལྟ་བུ་མ་ཡིན་པར། རྒྱལ་བ་རྡོ་རྗེ་འཆང་ནས་བཟུང་དོན་བརྒྱུད་གསེར་གྱི་ཕྲེང་བ་ལྟ་བུ་ཟམ་མ་ཆད་པར་བྱུང་བས་གྲུབ་བརྙེས་བླ་མ་བརྒྱུད་པའི་ཁུངས་བཙུན་ཞིང་། མོས་གུས་དཀར་པོ་ཆིག་ཐུབ་ཀྱི་ལམ་ནས་བྱིན་རླབས་འཕོ་བའི་དབང་བསྐུར་རྩོལ་མེད་དུ་རང་རྒྱུད་ལ་འདྲེན་ནུས་པའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་བརྟེན་གྱི་ལུང་དང་བཅས་པ་གང་ཟག་གཅིག་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བར་སྟོན་ཅིང་ཉམས་སུ་ལེན་པའི་རྒྱུ་རྐྱེན་ལས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལོན་པའི་ཐབས་ཚུལ་ཁོ་ནར་འབད་པས་སྒོམ་གྲྭ་མིང་དོན་མཚུངས་པ་ཞིག་བྱུང་དང་འབྱུང་ངེས་སུ་གནས་སོ། ། དེའང་ཡིག་གྲྭ་དང་བཤད་གྲྭ་བ་རྣམས་ནི་ལོ་རེའི་ཁོངས་སུ་དབྱར་དགོངས་ངལ་གསོ་ཟླ་བ་གཅིག དགུན་དགོངས་ངལ་གསོ་ཟླ་གཅིག སློབ་ཁྲིད་ཟླ་བཅུ་ཡིན། སྒྲུབ་གྲྭ་དང་སྒོམ་གྲྭ་བ་རྣམས་ནི་སོ་སོའི་རྩ་བའི་ཉམས་ལེན་བསྙེན་སྒྲུབ་ཀྱི་རིམ་པ་མཐར་མ་སོན་བར་དགོངས་གནང་ངལ་གསོ་དམིགས་བསལ་བ་ཅི་ཡང་མེད་དོ།།

  ༈  བཞི་པ་སྡེ་གཅིག་ནི།  

ཁྱིམ་གཞིས་དང་བུ་ནོར་གྱིས་དབུལ་ཞིང་བགྲང་བྱ་མཐོ་བས་སྐྱོབ་གསོའི་ཡུལ་དུ་གྱུར་པ་རྣམས་གཞིར་བྱས་པའི་ཕོ་མོ་དང་རྒན་གཞོན་ལ་མ་ལྟོས་པར་བློ་ཕུགས་མཆོག་གསུམ་ལ་གཏད་ནས་དགོན་པའི་ཉེ་སྐོར་དུ་སྡོད་རྒྱུའི་རེ་བ་ལྡོག་མེད་ཅན་གྱི་ཁྱིམ་པ་དགེ་བསྙེན་སུ་ཡིན་རུང་བསླབ་པའི་གཞི་ལྔས་རྒྱུད་ཟིན་པ་གཞིར་བཞག་ནས། ཟས་གོས་དང་སྡོད་ཁང་། འདི་ཕྱིར་དགེ་བའི་ལམ་སྟོན་སོགས་ཕྱི་ནང་གི་སྒྲིག་འཛུགས་ཚུལ་མཐུན་ལ་བརྟེན་པ་ཇི་སྙེད་ཅིག་ཡོད་པ་རྣམས་སོ། །

 ༈ལྔ་པ་དགོན་པའི་གླིང་ཁོར་ཡུག་གི་སྒྲིག་གཞི་དང་ཆོས་མཐུན་གྱི་ཆད་ལས་བྱ་ཚུལ་ནི།

སྤྱི་དང་བྱེ་བྲག་གི་གྲྭ་ཚང་ཁག་སུ་ཡིན་ཡང་སྒྲིག་ཞུགས་བྱས་ཕྱིན་བཅའ་ཡིག་ཆེན་མོའི་ནང་གསལ་བླང་དོར་ཚུལ་མཐུན་བྱ་དགོས། གལ་སྲིད་ཕམ་པ་བཞི་གང་རུང་བྱུང་བ་སྟེ་རྩ་བའི་སྡོམ་པ་དང་འགལ་ན་གནས་དབྱུང་རྒྱུ་དང་། གཞན་སྒྲིག་འགལ་འདྲ་མིན་བྱུང་ཚེ་སྟོན་པའི་བཅས་ཁྲིམས་དང་དགེ་འདུན་པའི་སྒྲིམ་ཁྲིམས་གཉིས་ཆར་དང་བསྟུན་ཆོས་མཐུན་གྱི་ཆད་ལས་བྱ་བའི་ལག་ལེན་གཙང་དག་སྒོས་ལྟ་སྤྱོད་དྲི་མ་མེད་པའི་ལམ་ནས་རང་གཞན་གཉིས་དོན་འགྲུབ་པའི་ཐབས་ལ་བརྩོན་པ་སྟེ་འབྲེལ་ཚད་དོན་ལྡན་གྱི་ཡོན་གནས་དམ་པར་གོམ་སྟབས་བསྒྱུར་བཞིན་པའོ། །དེས་ནི་སྐབས་བསྟུན་དྲང་པོའི་གཏམ་གྱི་སྦྱོར་བས་གནའ་དེང་གི་ལོ་རྒྱུས་ཕྱོགས་མཚོན་ཙམ་སྨོས་པ་རེ་་ཞིག་རྫོགས་སོ། །

   སླར་སྨོན་པ།

དེ་ལྟའི་བྱུང་བ་སྔོན་གྱི་ཡིག་རྙིང་དང་། ། རྒན་པའི་ངག་སྒྲོས་མ་ཎི་བསགས་པའི་སྒྲོམ། ། གཅིག་བསྡུས་འཁྱོག་བཤད་གཡའ་ཡིས་མ་གོས་པ། ། ཕྱིས་འབྱོན་བརྒྱུད་འཛིན་རྣམས་ཀྱི་སྐལ་དུ་སྤེལ། ། འདི་བགྱིས་ནོངས་འཆགས་དགེ་བས་ཕན་བདེའི་གཞིི། ། ཐུབ་བསྟན་སྙིང་པོ་དྭགས་བརྒྱུད་འབའ་རོམ་པའི། ། སྲོལ་འཛིན་ཁང་དགོན་མདོ་སྔགས་ཉིན་བྱེད་གླིང་། ། རྩ་བ་ཡན་ལག་བཅས་ཀུན་དར་གྱུར་ཅིག ། དེ་མཐུས་འབྲེལ་ཐོག་གིས་གཙོས་མཁའ་མཉམ་འགྲོ། ། ཞི་མཉམ་རྒྱ་མཚོའི་གཏེར་ལ་རྟག་རོལ་ནས། ། གཟུང་འཛིན་སྲིད་པའི་ཚ་གདུང་ལས་གྲོལ་ཏེ། ། ཕུན་ཚོགས་ལེགས་རྒུའི་དཔལ་གྱིས་འབྱོར་བར་སྨོན། ། ཞེས་པའང་ལོ་རྒྱུས་རྒྱས་པ་ལས་དགོས་དབང་གིས་ཉེ་བར་བཏུས་ཏེ་རང་དགོན་ཆོས་གྲྭའི་རིག་གཞུང་རྩོམ་སྒྲིག་ཁང་ནས་དུས་རབས་ཉེར་གཅིག་ཏུ་སོན་པ་རབ་བྱུང་བཅུ་བདུན་པའི་ཤིང་རྟ་སྤྱི་ལོ་༢༠༡༤/༦/༤ས་ཟླའི་ཡར་ཚེས་བཟང་པོ་གཉིས་པ་སྟེ་སངས་རྒྱས་སྐུ་བལྟམས་པའི་དུས་ཆེན་ཉིན་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །།

"གདན་རབས།"ནང་་གི་ཤོག་ངོས།

The following ༢ pages are in this category, out of ༢ total.