ཨེ་ཛིའི་མཚོན་རྟགས་དར་སྐུད་དམར་པོ་ཞེས་པ་དེ་ཅི་ཞིག་རེད་

ཡོང་ཁུངས་Wikipedia

དར་སྐུད་དམར་པོས་ཨེ་ཛིའི་ནད་དུག་ཅན་དང་ཨེ་ཛིའི་ནད་པར་ཐུགས་ཁུར་དང་བསམ་ཤེས་བྱེད་པ་མཚོན་གྱི་ཡོད་ལ།དར་སྐུད་དམར་པོས་ཚེ་སྲོག་ལ་དགའ་ཞེན་བྱེད་པ་དང་འདྲ་མཉམ་ལ་རེ་སྨོན་བྱེད་པ་ཡང་མཚོན་གྱི་ཡོད།ད་དུང་དར་སྐུད་དམར་པོས་ལྷག་བསམ་རྣམ་དག་གིས་ཨེ་ཛི་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་ནང་དུ་ཞུགས་པར་མཚོན་གྱི་ཡོད་ཕྱིན།དེ་ལུས་ལ་བཏགས་ན་མི་དེས་ཨེ་ཛི་འགོག་རྒོལ་གྱི་ཆེད་དུ་གོམ་པ་དང་པོ་སྤོས་སོང་བའང་སྟོན་གྱི་ཡོད་པ་རེད། འོ་ན། དར་སྐུད་དམར་པོ་དེ་དུས་ནམ་ཞིག་ལ།མི་སུ་ཞིག་གིས་གསར་གཏོད་བྱས་པ་རེད་ཅེ་ན། དང་ཐོག སྤྱི་ལོ༡༩༩༡ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་རི་མོ་པ་ཕཱ་ཁྲི་རེ་ཁི་དང་པར་ལེན་པ་ཨེ་རོན་གཉིས་ཀྱི་དབུ་ཁྲིད་འོག་མཐོང་འགྱུར་གྱི་ཨེ་ཛིའི་ནད་ཡམས་ཞེས་པའི་ཚོགས་པ་ཞིག་བཙུགས་ཤིང་།ཚོགས་པ་དེའི་ཚོགས་མི་ཚང་མ་ཨེ་ཛིའི་ནད་དུག་ཅན་ནམ་ཨེ་ཛིའི་ནད་པ། ཡང་ན་མཚན་མཐུན་གྱི་འདོད་པར་རོལ་མཁན་རྐྱང་རྐྱང་ཡིན།ཁོང་ཚོས་ཨེ་ཛི་ཡིས་ཚེ་སྲོག་འཕྲོག་ཟིན་པའི་སྐྱེས་བོ་དག་ལ་སྡུག་ཞུ་བྱེད་པ་དང་། ཨེ་ཛིའི་ནད་པའི་ཁེ་དབང་ལ་དོ་སྣང་བྱེད་པ།ཨེ་འགོག་གི་སྤྱི་ཚོགས་དགེ་ཕན་བྱེད་སྒོ་རྒྱ་ཁྱབ་ཏུ་གཏོང་བ་བཅས་ཀྱི་ཆེད། མཐོང་དུ་ཡོད་པའི་ཨེ་ཛིའི་མཚོན་བྱེད་ཅིག་དགོས་པར་བསྙམས་ཏེ།ལོ་དེའི་ཟློས་གར་འགྲན་བསྡུར་ཆེན་མོའི་དཔྱད་འདེམས་ཀྱི་གོ་སྐབས་བཟང་བོ་དང་བསྟུན་ཏེ། དར་སྐུད་ཕྲ་མོ་ཉག་མ་༣༠༠༠བཟོས་ཤིང་།བྷི་རོ་ཏི་ཝེ(Broadway)སྒྱུ་རྩལ་སྲིང་ལམ་ནས་སྒྱུ་རྩལ་པ་དག་ལ་ཕུལ་བས་ཐོག་མའི་བག་ཆགས་བཟང་བོ་བཞག་པ་རེད། དེ་རྗེས་འཛམ་གླིང་རང་བཞིན་གྱི་ཨེ་ཛིའི་ཚོགས་ཆེན་ཞིག་གི་སྟེང་དུ་ཚོགས་ཞུགས་ཀྱི་ཆེད་ལས་པ་དང་མཁས་ཆེན་རྣམས་ཀྱིས་ཨེ་ཛིའི་ནད་པར་ཐུགས་ཁུར་དང་བསམ་ཤེས་དགོས་པའི་འབོད་སྐུལ་བྱས་ཤིང་།ཚོགས་ཐོག་ནས་དར་སྐུད་དམར་པོ་རིང་པོ་ཞིག་ཚོགས་ཁང་གི་བར་སྣང་དུ་འཕང་ཤིང་། དེ་དུམ་བུ་དུམ་བུར་དྲས་ཏེ་གོས་འཛིན་གྱིས་བྲང་ཁར་བཏགས་པས།དེ་ནས་བཟུང་དར་སྐུད་དམར་པོ་དེ་འཛམ་གླིང་རང་བཞིན་གྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་པ་རེད། སླད་མར། སྤུན་ཟླ་ཚོས་ཤེས་དགོས་པ་ཞིག་ལ་དར་སྐུད་དམར་པོའི་རྟགས་མ་དེར་དར་སྐུད་དམར་པོ་བསྣོལ་མ་ཞིག་ལས་གཞན་ཡི་གེ་དང་མཚོན་རྟགས་ཅི་ཡང་མེད།གལ་ཏེ་དར་སྐུད་དམར་བོའི་མཐའ་འཁོར་རམ་ཉེ་འདབས་ན་ཡི་གེ་དང་རྟགས་གཞན་པ་ཡོད་ན་དེ་ནི་ཚོགས་པའམ་རྒྱལ་ཁབ་གཞན་གྱི་མཚོན་བྱེད་ཡིན་པས་ངེས་པར་ཏུ་མགོ་ཁུངས་བཙལ་ཏེ་དེ་བེད་སྤྱོད་ཆོག་མིན་བཀའ་འདྲི་ཞུ་དགོས།གལ་ཏེ་ཞུ་ཐབས་མ་བྱུང་ན་ངེས་པར་ཏུ་ཡིག་འབྲུ་དང་རི་མོ་གཞན་པ་བསུབ་དགོས། རྒྱུ་མཚན་ནི་དེང་སང་རྒྱལ་ཕྱི་སོགས་ན་ཨེ་ཛིའི་ནད་པར་བརྩེ་བ་སྟོན་པར་ཁ་གཡར་ཏེ་ཁྲིམས་འགལ་གྱི་ལས་ཀ་བསྒྲུབ་མཁན་ཡོད་ལ།དར་སྐུད་དམར་པོའི་རྟགས་མ་དང་བསྡུངས་ཏེ་ཆོས་ལུགས་དང་ཚོང་ལས། མི་སྒེར་སོགས་ཁྱབ་སྒྲོག་བྱེད་མཁན་ཡང་ཡོད།ད་དུང་ཉེ་ཆར་བོད་ཁུལ་ན་གྲོགས་པོ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཛིའི་བྱེད་སྒོ་སྤེལ་བའི་རྟགས་མ་ཞིག་ཀྱང་ཁྱེར་ཏེ་དྲིལ་སྒྲོག་གཏོང་རྩིས་འདུགདེ་དག་ནི་ངེས་པར་ཏུ་གཟབ་དགོས་པའི་དོན་དག་རེ་ཡིན་པས་ཐུགས་ལ་འཇོག་རོགས།