སྲོང་བཙན་སྒམ་པོ་

ཡོང་ཁུངས་Wikipedia
   མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „སྲོང་བཙན་སྒམ་པོ།“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

གངས་ལྗོངས་སྐྱེ་འགྲོ་ཀུན་གྱིས་སྤྱི་བོར་བཀུར་བའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཞེས་བྱ་བའི་མི་རྗེ་འདི་ཉིད་ནི། བོད་པུར་རྒྱལ་དུས་སྐབས་སུ་ཁ་བའི་ལྗོངས་འདིར་དབང་བསྒྱུར་བའི་བཙན་པོ་མང་དུ་བྱུང་བའི་ནང་ནས་ཆེས་ཕུལ་དུ་བྱུང་བའི་ཆབ་སྲིད་མཁས་ཅན་དང་། དམག་དོན་མཁས་ཅན་། ཁྲིམས་ལུགས་མཁས་ཅན། ཕྱི་འབྲེལ་མཁས་ཅན་ཞིག་བཅས་ཡིན་ཏེ་། སྲོང་བཙན་སྒམ་པོ་ཞེས་པའི་མཚན་དེ་ནི་ཁོང་གིས་སྲིད་དབང་བཟུང་རྗེས་བློན་པོ་རྣམས་ཀྱིས་གསོལ་བའི་མཚན་ཡིན་ཅིང་། དེ་ཡང་རྒྱུད་དྲང་ཞིང་སྲོང་བ། ཁྲིམས་ལ་ཉེ་རིང་མེད་པའི་བཀའ་བཙན་པ། མི་སུས་ཀྱང་ཁོང་གི་རྒྱུབ་ཚོད་ལོན་མི་ཐུབ་པའི་སྒམ་པོ་ཡོད་པ་བཅས་ཀྱི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་མཚན་དེ་ལྟར་བཏགས་པ་ཡིནཅིང་། མི་རྗེ་འདི་ཉིད་ནི་གྲོང་ཁྱེར་ལྷ་སའི་ཤར་ཕྱོགས་སའི་སུ་རྒྱང་ཐག་ལེ་དབར་བཅུ་ཕྲག་ཙམ་ཡོད་པའི་དབུ་རུ་མལ་གྲོ་རྒྱ་མ་ཕོ་བྲང་བྱམས་པ་མི་འགྱུར་གླིང(དེང་སྐབས་གྲོང་ཁྱེར་ལྷ་སའི་ཁོངས་ཀྱི་མལ་གྲོ་གོང་དཀར་རྫོང་རྒྱ་མ་ཤང་ཁྲི་སྒང་གྲོང་ཚོར་ཡོད་)སུ་ཡབ་རྗེས་གནས་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་ཚེ་སྤོང་བཟའ་རྒྱལ་ཡུམ་གཉིས་ཀྱི་སྲས་སུ་འཁྲུངས་། རྗེ་འདི་ཉིད་ཀྱི་འཁྲུངས་འདས་སྐོར་སྔོན་བྱོན་མཁས་དབང་རྣམས་གཅིག་མཐུན་ཞིག་བྱུང་མེད་ཀྱང་ཡོངས་གྲགས་ཀྱི་རྒྱ་བོད་ལོ་རྒྱུས་ཡིག་རིགས་མང་ཆེ་བ་དང་། བོད་ཀྱི་ལོ་རྒྱུས་མཁས་དབང་ཚོའི་དགོངས་པར་སྲོང་བཙན་བོད་མེ་གླང་(༦༢༧)ལོར་འཁྲུངས་ཤིང་བོད་ལྕགས་ཁྱི་(༦༥༠)ལེར་སྐུ་གཤེགས་པར་ངོས་བཟུང་གནང་བ་རྒྱུ་མཚན་ལྡན་པར་མངོན་ལ་། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་རྗེས་མཐའ་དག་ནི་འདིར་བརྗོད་པར་མི་ནུས་ཀྱང་གཙོ་ཆེ་དཔེ་མཚོན་ཙམ་གླེང་བ་འདི་ལྟ་སྟེ་དང་པོ་། དགུང་ལོ་ཆུང་ངུར་རྒྱལ་སྲིད་བཞེས་ཤིང་ཕྱི་ནང་དུས་ཟིང་ལྷིང་འཇགས་སུ་བཏང་བ་སྟེ་། སྲོང་བཙན་གྱི་ཡབ་མེས་སྟག་རི་གཉན་གཟིགས་ཀྱིས་སྲིད་དབང་བཟུང་རྗེས་བན་པ་རྗེ་དང་། འ་ཞ་རྗེ་། བྲང་གར་རྗེ་སོགས་རུས་རྒྱུད་ཚོ་པའི་རྒྱལ་ཕྲན་འགའ་ཞིག་མངའ་འོག་ཏུ་བསྡུས་པའི་འགོ་ཚུགས་ཤིང་། དེའི་སྲས་གནམ་རི་སྲོང་བཙན་གྱི་དུས་སུ་འཕན་ཡུལ་གྱི་ཟིང་པོ་རྗེ་དང་། གཙང་གི་རྒྱལ་པོ་མར་མུན་། དྭགས་པོ་ས་ཁུལ་བཅས་མངའ་ཞབས་སུ་བསྡུས་ཏེ་། བོད་ས་གནས་ཀྱི་རུས་རྒྱུད་ཚོ་པ་རྣམས་གཅིག་གྱུར་བྱེད་པའི་རྨང་གཞི་བཟང་པོ་བཏིང་། འོན་ཀྱང་དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་སྲིད་དབང་འཕྲོག་རྩོད་ཀྱི་འཐབ་རྩོད་དེ་རྣོ་ངར་ཆེ་རྐྱེན་། བོད་མེ་ཕག་(༦༢༧)ལར་སྲོང་བཙན་དགུང་ལོ་བཅུ་གསུམ་ཐོག་སྲིད་དབང་བཞེས་མ་ཐག་བློན་པོ་འགའ་ཞིག་གིས་ཡབ་གནམ་རི་སྲོང་བཙན་དུག་གིས་བཀྲོང་སཤིང་འབངས་གྱེན་ལོག་ཚབས་ཆེན་བྱུང་། དེའང་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་ལོ་རྒྱུས་ཤོག་དྲིལ་ནང་འཁོད་དོན་། བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་ཡབ་འབངས་ཀྱིས་ནི་འཁུས་། ཡུམ་འབངས་ནྱི་ངོ་ལོག་ གཉེན་ཞང་ཞུང་། འཛོ་སུམ་བྷ་། ཉ་གཉི་དྭགས་པོ་། ཀོང་པོ་། ཉང་པོགཀུན་ངོ་ལོག་ ཡབ་གནམ་རི་སྲོང་བཙན་ལ་དུག་བོར་ནས་བཀྲོངས་སོ་ཞེས་གསལ་བ་ལྟར་སྲོང་བཙན་རྒྱལ་སྲིད་བཞེས་པའི་དུས་སྐུ་ན་ཕྲ་བའི་ཐོག་རྒྱལ་བློན་བར་གྱི་འཐབ་རྩོད་དང་། རྒྱལ་འབངས་བར་གྱི་འཐབ་རྩོད་། བློན་དང་བློན་བར་གྱི་འཐབ་རྩོད་བཅས་རྣོ་ངར་ཆེ་བའི་དུས་ལ་སླེབས་ཤིང་། ཡབ་གནམ་རི་སྲོང་བཙན་གྱིས་བཙུགས་པའི་རྨང་གཞི་བཟང་པོ་དེ་ཐོར་ལ་ཉེ་བའི་དུས་སུ་མཆིས་རུང་། ཤེས་རིག་ལྡན་ལ་བློ་སྟོབས་ཆེ་བའི་མི་རྗེ་འདིས་། དང་ཐོག་རང་ཉིད་ལ་བློ་ཉེ་བའི་བློན་པོ་ཁག་དང་མནའ་འབྲེལ་བཙུགས་ནས་ཡབ་ལ་དུག་བཏང་མཁན་གྱི་བློན་པོ་རྣམས་ཚར་བཅད་ཅིང་དེ་དག་གི་ཁ་རྗེ་དབང་ཐང་ཡོངས་རྫོགས་མེད་པ་བཟོས་ཐོག་ དེ་སྔ་ཡབ་ཀྱིས་སྲིད་བསྐྱངས་པའི་རིང་ཡང་ལུང་ཁུང་དང་སྐྱིད་ཆུའི་ཁུལ་ལ་སོགས་པའི་རྒྱ་ཕྲན་ཁག་དང་རུས་རྒྱུད་ཚོམཔ་ཁག་དང་ལྷན་དུ་གནའ་སྐྱེལ་དམ་བཅའི་ཐོག་ནས་མངའ་ཞབས་སུ་བསྡུས་ཏེ་གཅིག་གྱུར་བྱུང་ཡོད་རུང་། དོན་དུ་ས་གནས་སོ་སོར་ཁ་འཐོར་དབང་བསྒྱུར་གྱི་ངོ་བོ་རང་སོར་གནས་པ་ལ་བརྟེན་ནས་ཕམ་ཉེས་བྱུང་བའི་དབང་བསྒྱུྱར་གྲལ་རིམ་གྱིས་གཅིག་གྱུར་མ་བྱུང་བའི་རྒྱལ་ཕྲན་དང་རུས་རྒྱུད་ཚོ་པ་ཁག་གཅིག་དང་ངན་འབྲེལ་བྱས་ཏེ་སླར་ཡང་བཙན་པོའི་སྲིད་དབང་ཐོར་ཞིག་ཏུ་གཏོང་རྒྱུའི་ཉེན་ཁའི་རང་བཞིན་གནས་ཡོད་པ་མ་ཁྱེན་ནས་། རྒྱལ་ཕྲན་ཁག་དང་། རུས་རྒྱུད་ཚོ་པ་། རྒྱལ་བློན་བཅས་ཀྱི་བདག་དབང་ཇེ་ཆུང་དུ་བཏང་བ་དང་དབང་བསྒྱུར་སྙིང་པའི་སྟོབས་ཤུགས་མེད་པ་བཟོས་ཐོག་མྱང་དབའས་མནོན་བཅས་ཀྱི་གཙོ་བོ་བྱས་པའི་དབང་བསྒྱུར་གསར་པའི་སྟོབས་ཤུགས་ལ་བརྟེན་པ་དང་། དེའི་གནས་བབས་ཇེ་མཐོར་བཏང་ནས་རུས་རྒྱུད་ཚོ་པའི་སྒེར་བཙན་དབང་བསྒྱུར་སྟོབས་ཤུགས་རྩ་སརླག་ཏུ་བཏང་བ་དེར་འབངས་མི་སེར་གྱི་རྒྱབ་སྐྱོར་མཐའ་གཅིག་ཏུ་ཐོབ་ཅིང་། མཐའ་བཞིའི་རྒྱལ་ཕྲན་ཚོ་ཡང་རིམ་བཞིན་དབང་འོག་ཏུ་བསྡུས་ཏེ་ཕྱི་ནང་ལྷིང་འཇགས་སུ་གྱུར་པ་དང་བོད་མི་རིགས་ཀྱི་ཁྱད་ཆོས་ཚང་བའི་པུར་རྒྱལ་དུས་སྐབས་ཀྱི་རྒྱལ་རབས་གསར་པ་ཞིག་རྩོམ་འགོ་འཚུགས་། གཉིས་པ་། རྒྱལ་ས་ལྷ་སར་སྤོས་ནས་འཛུགས་སྐྲུན་རྒྱ་ཆེ་མཛས་པ་སྟེ་། སྲོང་བཙན་སྒམ་པོས་ཕྱི་ནང་གི་དུས་ཟིང་ལྷིང་འཇགས་སུ་བཏང་ཟི་རྗེས་རྒྱལ་ས་ལྷ་སར་སྤོས་གནང་བ་དེ་ནི་ཁོང་གི་རླངས་ཆེའི་མཛད་རྗེས་ཤིག་ཡིན་། བོད་ཀྱི་མཁས་དབང་མང་ཆེ་བས་སྲོང་བཙན་གྱིས་བོད་ཆུ་སྦྲུལ་(༨༣༣)ལོ་རྒྱལ་ས་ལྷ་སར་སྤོས་པར་བཞེད་པ་དེ་ཁུངས་དང་ལུང་བཙན་པར་སྣང་། སྲོང་བཙན་གྱིས་རྒྱལ་ས་ལྷ་སར་བཙུགས་པའི་དགོས་པ་་ནི་། བོད་ཀྱི་ལོ་རྒྱུས་མང་ཆེ་བའི་ནང་“ཡང་མེས་ཐོ་ཐོ་རི་གཉན་བཙན་གྱིས་བསྟེན་པར་དབུ་རུ་ཤོད་ཆེན་ལྷ་ས་དམར་པོ་རི་། གནས་དེར་བདག་གིས་འགྲོ་དོན་བྱུང་ཞེས་དགོངས་ནས་ཕོ་བྲང་གི་གདན་བཏེགས་”ཅེས་དང་ཡང་རྒྱལ་པོའི་ཐུགས་ལ་ངའི་ཡི་དམ་གྱི་ལྷ་སྐུ་དངོས་བོད་ཁ་བ་ཅན་དུ་སྤྱན་འདྲོངས་པས་། དེས་སེམས་ཅན་གྱི་དོན་མཛད་པ་ལ་ཚེགས་མེད་སྙམ་ནས་ཐུགས་རབ་ཏུ་དགྱེས་པར་གྱུར་ཏོ་། དེ་ནས་ཡང་ས་ཕྱོགས་གང་དུ་བསྡད་ན་སེམས་ཅན་གྱི་དོན་སྒྲུབ་དགོངས་ནས་བརྟག་ཞིབ་གནང་བར་ཡུལ་དབུ་རུ་སྐྱིད་ཤོད་ན་སྔོན་གྱི་མེས་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ལྷ་ས་དམར་པོ་རིའི་རྩེ་མོར་ཡུན་རིངམབཞུགས་པ་དང་། ཡབ་མེས་ཀྱིས་ཞབས་བཅགས་ནས་ས་གཞི་བྱིན་གྱིས་བརླབས་པ་བཀྲ་ཤིས་དགེ་མཚན་ལྡན་པའི་གནས་དེར་། ངས་ཀྱང་ཕྱིན་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་མཁྱེན་ནས་མཆོད་པའི་རྟེན་རྣམས་གྲུ་ལ་སྤྱན་དྲངས་ཞེས་ཐོ་ཐོ་རི་གཉན་བཙན་གྱིས་ཞབས་བཅགས་མྱོང་བར་བརྟེན་གནས་འདིར་སྤོས་པའི་སྐོར་འཁོད་འདུག་ཀྱང་། ཡབ་གནམ་རིའི་དུས་ཀྱི་ཕོ་བྲང་ལྟེ་བ་ནི་རྒྱ་མ་ཁྲི་སྒང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་ཡིན་ཅིང་། དེར་སྲོང་བཙན་ཡང་སྐུ་འཁྲུངས་པ་བཅས་རྒྱ་མ་ནས་ལྷ་སར་ཕོ་བྲང་སྤོ་བར་མཛད་པ་པོ་ནི་སྲོང་བཙན་ཡིན་ལ་དུས་སྐབས་ནི་སྲོང་བཙན་གྱིས་སྲིད་དབང་བཞེས་ནས་ཡབ་འདས་རྗེས་སུ་ཡིན་པར་ངེས་། དེའི་རྒྱུ་མཚན་ནི་ ལྷ་ས་ནི་སྐྱིད་ཤོད་དུ་གནས་ཁར་སྐབས་དེར་བོད་ཡོངས་ཀྱི་དཀྱིལ་དབུས་སུ་གནས་ཤིང་། ཁུལ་དེ་དེ་སྔ་ཟིང་པོ་རྗེའི་གནས་གཞི་འཕན་ཡུལ་གྱི་ཁོངས་སུ་གཏོགས་པ་དང་། གནམ་རི་སྲོང་བཅན་གྱིས་བོད་ཡོངས་གཅིག་གྱུར་མ་བྱས་གོང་། ཟིང་པོ་རྗེའི་སྟོབས་འབྱོར་ནི་གཞན་ལས་ལྷག་ཅིང་རྒྱལ་ཕྲན་གཞན་མང་པོ་ཞིག་ཀྱང་དེའི་མངའ་ཞབས་སུ་བསྡུས་ཡོད་པས་ཆབ་སྲིད་དཔའ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོད་། ཡབ་གནམ་རི་སྲོང་བཙན་གྱིས་དེ་དག་མངའ་ཞབས་སུ་བསྡུས་རྗེས་། བློན་འབངས་ཚང་མས་བཙན་གྱིས་དེ་དག་མངའ་ཞབས་སུ་བསྡུས་རྗེས་། བློན་འབངས་ཚང་མས་བཙན་པོར་བློ་རྩེ་གཅིག་གཏད་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཀྱི་ཡོད་པས་། སྲོང་བཙན་སྒམ་པོས་ནང་ཁུལ་གྱི་དུས་ཟིང་ལྷིང་འཇགས་གཏོང་སྐབས་གཙོ་བོ་ཁོང་ཚོའི་སྟོབས་ཤུགས་ལ་བརྟེན་པ་དང་དམག་ཤུགས་ཀྱི་ཡོང་ཁུངས་གཙོ་བོ་ཡང་དེ་དག་ཡིན་། སྲོང་བཙན་གྱིས་སྲིད་དབང་བཞེས་རྗེས་འཕན་ཡུལ་བརྒྱུད་དུ་གཟིགས་ཞིབ་གནང་སྐབས་སྐྱིད་ཆུའི་གཡས་གཡོན་གྱི་ས་བབས་ཤིན་ཏུ་ལེགས་ཤིང་རྩ་ཆུ་བཟང་ལ་ལ་ཡངས་ཤིང་རྒྱ་ཆེ་བའི་ཁར་དམར་པོ་རི་རྒྱ་མཚོ་???པོའི་ཐོག་གི་གླིང་ཕྲན་ལྟ་བུ་བརྗིད་ཆགས་ཡིད་དུ་འོང་བ་དང་། ཕུ་འབྲོག་མདའ་ཞིང་གཉིས་ཀ་འཕེལ་རྒྱལ་གཏོང་རྒྱུར་དགེ་མཚན་ཆེན་པོ་ཡོད་པ་གཟིགས་ནས་རྒྱལ་ས་འདིར་སྤོ་རྒྱུའི་གཏན་འབེབས་གནང་། ལྷ་སར་སྤོས་མ་ཐག་ལྷ་སའི་རྣམ་པ་གསར་དུ་ཐོན་ཚུགས་ཏེ་ལུང་པའི་མདར་མུ་མཐའ་མེད་པའི་ས་ཞིང་ཐོག་ལོ་ལེགས་ཀྱི་རྣམ་པས་ཁེངས་པ་དང་། རྩ་ཆུ་འཛོམས་པའི་རྩ་ཐང་ཐོག་དང་། ལུང་པའི་ཕུར་ཕྱུགས་རིགས་ཤ་ཤེད་ཅན་གྱིས་ཁེངས་བཞིན་ཡོད་། ལྷ་སར་སྤོས་རྗེས་དང་ཐོག་དམར་པོ་རི་སྟེང་དུ་ཕོ་བྲང་མ་བཞེངས་གོང་དུ་ཕ་བོང་ཁར་ཕོ་བྲང་དགུ་ཐོག་བསྐྲུན་། བལ་བཟའ་དང་རྒྱ་བཟའ་བཙུན་མོར་གདན་དྲངས་རྗེས་དམར་པོ་རིའི་སྟེང་གི་ཕོ་བྲང་ཤུལ་དུ་སླར་ཡང་ཐོག་བརྩེགས་དགུ་ཡོད་པའི་བར་རྒྱ་ཆེར་བཏང་བ་དང་། ཇོ་ཁང་དང་། ར་མོ་ཆེ་། དེ་བཞིན་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་སོགས་དང་གྲོང་མིའི་གྲོང་བརྡལ་བཅས་རིམ་བཞིན་རྒྱ་སྐྱེད་བྱུང་བ་དེ་དག་བར་ལོ་ངོ་ཆིག་སྟོང་གསུམ་བརྒྱ་ལྷག་འདས་ཟིན་ཀྱང་། ངོ་མཚར་ཅན་གྱི་གནའ་བོའི་འཛུགས་སྐྲུན་གྱི་ཆ་ཤས་འགའ་ཞིག་དེང་གི་དུས་ཡང་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་བསྐོར་སྤྲོ་འཆམ་དང་ལྟ་སྐོར་ཕེབས་མཁན་ཚང་མས་གནའ་རབས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གྲོང་ཁྱེར་འདིར་ཕེབས་སྐབས་སྲོང་བཙན་སྒམ་པོའི་མཛད་རྗེས་རླབས་ཆེན་ལ་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད་། གསུམ་པ་། འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་གྲས་སུ་སླེབས་པའི་བོད་ཡིག་གསར་གཏོད་མཛད་པ་སྟེ་། དེང་སྐབས་ང་ཚོས་བེད་སྤྱོད་བྱེད་མུས་ཡིན་པའི་བོད་ཡིག་འདིའི་གསར་གཏོད་མཛད་པ་པོ་ནི་ཐོན་མི་ཡིན་མོད་། འོན་ཀྱང་ཐོན་མིས་ཐོག་མར་སྲོང་བཙན་གྱི་དགོངས་པ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་ལྔོན་ཐོན་ཡིག་རིགས་མང་པོར་ཞིབ་འཇུག་བརྟག་དཔྱད་མཛད་རྗེས་། བོད་རང་ཉིད་ཀྱི་སྐད་དང་མཐུན་པའི་སྒྲ་སྦྱོར་གྱི་བོད་ཡིག་འདི་གསར་གཏོད་མཛད་པ་་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྒྱབ་སྐྱོར་དང་བསྐུལ་མ་རས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས་རྗེ་བློན་འདི་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་དེང་གི་བོད་ཡིག་འདི་བྱུང་བ་བཤད་མ་དགོས་། སྐབས་དེར་བོད་ཡིག་གསར་གཏོད་མཛད་དགོས་པའི་རྒྱུ་རྐྱེན་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱལ་ས་ལྷ་སར་སྤོས་ནས་དམར་པོ་རིའི་སྟེང་ཕོ་བྲང་བཏབ་པས་དེ་ཡི་གྲགས་པ་ཡུལ་གྲུ་གང་སར་ཁྱབ་ནས་མཐའ་བཞིའི་རྒྱལ་པོ་མང་པོའ་འབུལ་བ་དང་འཕྲིན་ཡིག་དུ་མ་འབྱོར་ཀྱང་སྐབས་དེར་ཆོས་སྲིད་གང་སར་ཁྱབ་ཆེ་ཞིང་ཆ་ཡོངས་སུ་ཚང་བའི་ཡོངས་གྲགས་ཀྱི་ཡི་གཅིག་མེད་སྟབས་མཐའ་ཡི་རྒྱལ་ཁབ་ཁག་གི་སྔོན་ཐོན་ལེགས་ཆ་ལེན་པར་བོད་མི་སྤྱིའི་སྐད་དང་འཚམས་པའི་བོད་ཡིག་ཅིག་མེད་ན་འགྲིག་ཐབས་མེད་པར་དགོངས་ནས་བློན་པོ་བློ་རིག་རྣོ་བ་འགའ་བཏང་ཡང་དོད་དེ་བསྒྲུབ་མ་ཐུབ་པས་རྒྱལ་པོས་སླར་ཡང་བློ་རིག་གཞན་ལས་ཁྱད་དུ་འཕགས་པའི་ཐོན་མི་སམ་བྷོ་ཊ་འཁོར་འགའ་ཞིག་དང་བཅས་པར་གསེར་མང་དུ་བསྐུར་ནས་རྒྱ་གར་དུ་མངགས་པ་ལ་ཁོང་རྣམ་པས་ཀྱང་དཀའ་བ་དུ་མ་ཁྱད་གསོད་དང་། ཐ་ན་རང་གི་སྲོག་ལའང་མི་འཛེམའ་པར་རྒྱར་པོའི་བཀའ་མངགས་བཞིན་དུ་བསྒྲུབས་། དེ་དག་གི་ནང་ནས་སློབ་དཔོན་ཐོན་མིས་སྐབས་དེར་ཡོད་པའི་རྒྱལ་ཁབ་མང་པོའི་ཡིག་རིགས་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་བོད་རང་གི་སྐད་དང་མཐུན་པའི་བོད་ཡིག་གསར་དུ་གཏོད་། རྒྱལ་པོ་སྲོང་བཙན་རང་ཉིད་ཀྱིས་དང་ཐོག་རང་དཔེ་གཞན་སྟོན་གྱིས་ཐོན་མི་སློབ་དཔོན་དུ་བསྟེན་ནས་བོད་ཡིག་དང་རིག་པའི་གནས་ཁག་ཚང་མ་ལེགས་པར་སློབ་སྦྱོང་མཛད་ཅིང་། བོད་ཡོངས་ཀྱི་བློན་འབངས་ལ་སྐུལ་སློང་གིས་སློབ་ཏུ་བཅུག་། རྒྱ་དཀར་ནག་དང་ཁ་ཆེ་བལ་པོ་སོགས་ཀྱི་པཎྜ་ཏ་དང་ལོ་ཙཱ་བ་འགའ་ཞིག་གདན་དྲངས་ནས་ནང་བསྟན་དང་། སྒྲ་རིག་ བཟོ་རིག་ གསོ་རིག་ སྐར་རྩིས་ལ་སོགས་པ་མང་དུ་བསྒྱུར་བཅུགས་པ་དང་། བོད་མི་རིགས་རང་ཉིད་ཀྱི་མཁས་ཅན་དུ་མ་གསོ་སྐྱོང་མཛད་པས་སྐབས་དེའི་བོད་ཀྱི་ཤེས་རིག་དེ་ཐང་རྒྱལ་རབས་དང་འདྲ་བའི་གྲལ་དུ་སླེབས་ཐུབ་དེ་དེང་གི་དུས་སུའང་སྤོབས་པ་བྱེད་འོས་པ་ཞིག་ཡིན་པ་དང་། མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་འོད་སྡོང་འཕྲོ་བའི་བོད་ཀྱི་རིག་གནས་ཕུལ་བྱུང་གི་སྲོལ་རྒྱུན་བཟང་པོ་ཐོག་མར་འཛུགས་པར་མཛད་པའི་རྒྱུན་བཟང་པོ་ཐོག་མར་འཛུགས་པར་མཛད་པའི་རྒྱུན་བཟང་པོ་ད་ལྟ་ཡང་གནས་ཐུབ་པ་འདི་ནི་མི་རྗེ་བཀའ་དྲིན་ཅན་འདི་ཉིད་རང་གི་མཛད་རྗེས་ལ་བརྟེན་ནས་བྱུང་བ་ཞིག་པ་ལོ་རྒྱུས་དེབ་ཐེར་ཡོངས་སུ་གྲགས་པ་ལྟར་རོ་། བཞི་པ་། ཁྲིམས་སྲོལ་གཏན་ལ་ཕབ་ནས་རྒྱལ་ཁམས་བདེ་བར་བསྐྱངས་པ་སྟེ་། སྲོང་བཙན་སྒམ་པོའི་གོང་དུ་རྗེ་བློན་བངས་བཅས་ཕན་ཚུན་མནའ་དོན་འཇོག་པའི་སྲོལ་ལས་ཞིབ་ཆའི་ཁྲིམས་སྲོལ་གསལ་པོ་གཏན་འཁེལ་མེད་པའི་རྐྱེན་གྱིས་མངའ་འབངས་ཀྱི་གཅིག་གྱུར་དང་བདེ་འཇགས་ལ་སྐྱོན་ཚབས་ཆེན་པོ་ཕོག་གི་ཡོད་། སྲོང་བཙན་གྱིས་རུས་རྒྱུད་ཚོ་པ་ཁག་གཅིག་གྱུར་མཛད་རྗེས་གསར་དུ་བཙུགས་པའི་སྲིད་དབང་སྲ་བརྟན་དང་། མངའ་ཁོངས་བདེ་འཇགས་སུ་འཁོད་ཆེད་ཆབ་སྲིད་དང་། དཔར་འབྱོར་། དམག་དོན་བཅས་ཀྱི་ཁྲིམས་སྲོལ་ཅུང་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་གཏན་འབེབས་མཛད་་ཡོད་ཅིང་། སྐབས་དེར་ཐོག་མར་གཏན་འབེབས་མཛད་པའི་ཁྲིམས་སྲོལ་སྤྱིའི་མིང་ལ་ཁོད་སུམ་ཅུ་སོ་དྲུག་ཟེར་། དེའང་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་ བཀའ་གྲོས་ཆེན་པོ་དྲུག་ ཡིག་ཚང་དྲུག་ བཀའ་ཡི་ཕྱག་རྒྱ་དྲུག་ རྐྱེན་དྲུག་དཔའ་མཚན་དྲུག་བཅས་ཡིན་། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུ་ནི་། ༡.ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་། ༢.འབུས་གསེར་ཐོག་ཤ་བ་ཅན་གྱི་ཁྲེམས་། ༣.རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་། ༤.མདོ་ལོན་ཞུ་བཅད་ཀྱི་ཁྲིམས་། ༥.དབང་ཆེན་བཅད་ཀྱི་ཁྲིམས་། ༦.ཁབ་སོ་ནང་པའི་ཁྲིམས་བཅས་ཡིན་། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་པོ་སོ་སོར་ནང་གསེས་ཞིབ་ཕྲའི་དོན་ཆེན་ཁག་ཤིན་ཏུ་མང་བས་འདིར་གོ་བདེའི་དོན་གཙོ་བོར་བཀོད་པ་། (༡)ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་ནི་དམར་དོན་དང་སྲིད་མཛིན་ཟུང་འབྲེལ་གྱི་ལམ་ལུགས་དང་། སྒྲིག་གཞི་། དཔོན་རིགས་ཁག་གི་གོ་གནས་བཅས་གཏན་འབེབས་བྱས་པའི་ཁྲིམས་དང་། (༢)འབུས་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས་ནི་ཞིང་འབྲོག་ས་གནས་ཁག་ཁག་གི་ཚོང་ལས་གོང་འཕེལ་དང་དེར་སྟབས་བདེ་ཡོང་ཆེད་བྲེ་སྲང་ཞོ་ཆ་སོགས་འཇའ་གཤོད་འདེགས་གསུམ་གྱི་ཚད་གཞི་གཅིག་གྱུར་བྱེད་པ་། (༣)རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ནི་བྱེད་དགོས་པ་གསུམ་དང་། བྱེད་མི་ཆོག་པ་གསུམ་། བསྟོད་བསྔགས་བྱེད་དགོས་པ་གསུམ་། སྨ་འབེབས་བྱེད་དགོས་པ་གསུམ་། མནར་གཅོད་བྱེད་མི་རུང་བ་གསུམ་བཅས་རྒྱལ་ཁྲིམས་བཅོ་ལྔ་། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་བཅས་ཏེ་བོད་འབངས་སྤྱིས་བསྔགས་བརྗོད་བྱ་མུས་ཀྱི་ཡུལ་སྲོལ་སྤྱོད་བཟང་དར་སྤེལ་གཏོང་རྒྱུའི་ཁྲིམས་། (༤)མདོ་ལོན་ཞུ་བཅད་ཀྱི་ཁྲིམས་ནི་། ཕྱོགས་གཅིག་བདེན་པ་ཡོད་ལ་ཕྱོགས་གཅིག་བདེན་པ་མེད་པའི་གྱོད་གཞི་ཐག་གཅོད་བདེན་པ་མེད་པའི་གྱོད་གཞི་ཐག་གཅོད་བྱ་ཚུལ་གྱི་ཁྲིམས་། (༥)དབང་ཆེན་བཅད་ཀྱི་ཁྲིམས་ནི་གྱོད་ཡ་ཕྱོགས་གཉིས་ཀར་ཉེས་པ་ཡོད་མཉམ་ཡིན་ཀྱང་རིམ་གྲས་མི་འདྲ་བར་གཞིགས་ནས་ཐག་གཅོད་བྱ་ཚུལ་གྱི་ཁྲིམས་། (༦)ཁབ་སོ་ནང་པའི་ཁྲིམས་ནི་། ཕྱོགས་གཉིས་ཀར་ཉེས་པ་ཆེ་ཆུང་དང་ཡོད་མེད་འདྲ་བའི་ཉེས་ཅན་ལ་ཁྲིམས་གཅོད་བྱ་ཚུལ་བཅས་ཡིན་། ལྔ་པ་། སྲིད་འཛིན་ས་ཁུལ་གསལ་པོར་དབྱེ་བའི་ཁར་། སྲིད་དང་དམག་གི་སྒྲིག་གཞི་དང་། དཔོན་རིགས་ཁག་གི་འགན་དབང་གཏན་ལ་ཕབ་སྟེ་། བོད་ས་གནས་ཀྱི་མངའ་ཁོངས་རྣམས་སྤྱི་ཁྱབ་སྲིད་འཛིན་ས་ཁུལ་རྣམས་རུ་སྡེ་ཆེན་པོ་ལྔར་དབྱེ་བ་ནི་དབུ་རུ་། གཡོན་རུ་། གཡས་རུ་། རུ་ལག་ སུམ་པའི་རུ་བཅས་སྤྱི་ཁྱབ་རིམ་པའི་སྲིད་འཛིན་ས་ཁུལ་དུ་དབྱེ་ཞིང་། དེ་རྣམས་ལ་དབང་བསྒྱུར་བྱེད་པའི་དཔོན་རིགས་གོ་གནས་མཐོ་ཤོས་ནི་བློན་ཆེན་ཡིན་། དེའི་འོག་ཏུ་དམག་དཔོན་རྒན་གཞོན་བཞི་དང་། རུ་དཔོན་། སྡེ་དཔོན་། སྟོང་བུ་ཆུང་གི་རྗེ་། ལྔ་བརྒྱ་ཆེན་པོ་སོགས་དཔོན་རིགས་རིམ་པ་ཤིན་ཏུ་མང་། སྤྱིན་ཁྱབ་རིམ་པའི་སྲིད་འཛིན་ས་ཁུལ་ལྔ་པོ་ནི་དམག་སྲིད་གཅིག་གྱུར་གྱིས་དོ་དམ་བྱེད་པའི་ས་ཁུལ་ཡིན་ཅིང་། བྱ་ཐབས་དེ་ནི་གསར་དུ་བཙུགས་མ་ཐག་པའི་སྲིད་དབང་ལ་མཚོན་ན་དམག་སྲིད་གཅིག་གྱུར་གྱིས་དོ་དམ་བྱེད་བདེ་བ་དང་། ལྷག་དོན་དུ་ས་རྒྱ་ཆེ་ལ་མི་གྲངས་ཉུང་བའི་ས་ཁུལ་ལ་འཚམས་པའི་བྱ་ཐབས་ཤིག་ཡིན་པར་སྣང་། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་ཕྱེ་ཚུལ་ནི་རྒྱལ་བློན་དང་རིས་རྒྱུད་མི་འདྲ་བའི་དཔོན་རིགས་རྙིང་པ་རྣམས་སྒེར་བདག་ས་ཞིང་དང་། བྲན་གཡོག་ ནོར་ཕྱུགས་སོགས་འོས་འཚམས་ཤིག་དབང་ཆོག་པར་བྱས་པ་སྟེ་། དེ་ནི་སྲོང་བཙན་སྒམ་པོའ་བོད་ས་ཁུལ་གཅིག་གྱུར་མ་བྱས་གོང་དུ་རུས་རྒྱུད་ཚོ་པ་ཁག་གི་དཔོན་རིགས་མང་པོས་ཁུལ་དུམ་བུར་བགོས་ནས་དབང་བསྒྱུར་བྱས་ཏེ་། ཕན་ཚུན་གཅིག་འོག་གཅིག་ལ་མི་འདུས་པའི་ནང་འཁྲུག་རྒྱུན་མི་ཆད་པར་བྱུང་བར་བརྟེན་། རུས་རྒྱུད་ཚོ་པ་ཁག་གཅིག་གྱུར་བཟོས་གནང་བ་དང་སྦྲགས་། ཁོང་ཚོར་སྔག་ནས་དབང་བའི་ས་ཞིང་ནོར་ཕྱུགས་སོགས་སྒེར་བཟུང་གི་དབང་ཆ་ཚད་ངེས་ཅན་ཞིག་རྒྱུན་འཛིན་མ་བྱས་ན་སླར་ཡང་ཁོ་ཚོས་འཁྲུག་རྐྱེན་བསླངས་སྲིད་པ་དེ་རིགས་སྔོན་འགོག་བྱེད་ཆེད་ཁོ་ཚོས་སྲིད་གཞུངས་གིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལ་བརྩི་སྲུང་དང་། དཔྱ་ཁྲལ་མི་ཉུང་ཙམ་འབུལ་རྒྱུ་ཁས་ལེན་བྱེད་པའི་ཆ་རྐྱེན་འོག་ ས་ཞིང་དང་། ནོར་ཕྱུགས་། བྲན་གཡོག་བཅས་སྒེར་བཟུང་གི་དབང་ཆ་འོས་འཚམས་ཤིག་སྤྲད་པ་མ་ཟད་། གལ་ཏེ་ཁོ་ཚོས་བཙན་པོར་གྱེན་ལོག་བྱེད་པ་དང་། དཔོན་གཞན་འཚོས་བྱེད་པ་། ལྐོལ་གཡོ་བཤམས་པ་སོགས་བྱུང་ན་ས་ཞིང་དང་། ནོར་ཕྱུགས་། བྲན་གཡོག་བཅས་དབང་ཐང་ཡོངས་རྫོགས་གཞུང་བཞེས་བཏང་བའི་དབང་ཆ་ཡོད་པའི་གཏན་འབེབས་ཡོད་། སྲིད་འཛིན་ལམ་ལུགས་ཐད་། སྲིད་འཛིན་སྤྱི་ཁྱབ་རིམ་པའི་བློན་ཆེན་དགུར་ཕྱར་བ་སྟེ་། དགུང་བློན་ཆེ་འབྲིང་ཆུང་གསུམ་དང་། ནང་བློན་ཆེ་འབྲིང་ཆུང་གསུམ་། བཀའ་ཡོ་གལ་འཆོས་པ་ཆེ་འབྲིང་ཆུང་གསུམ་བཅན་ཡིན་ཞིང་། དགུང་བློན་ནི་བློན་ཆེན་ནང་གི་གོ་གནས་མཐོ་ཤོས་ཡིན་ལ་། ཞི་དྲག་གཉིས་ཀར་དབང་ཆ་ཡོད་པའི་སྤྱི་ཁྱབ་བློན་ཆེན་ཞིག་ཡིན་ལ་། དེའི་ལས་འགན་ནི་བཙན་པོའི་སྤྱི་ཁྱབ་བློན་ཆེན་ཞིག་ཡིན་། དེའི་ལས་འགན་ནི་བཙན་པོའི་བཀའ་ལྟར་གལ་ཆེའི་ཚོགས་འདུ་སྐོང་འཚོགས་དང་། ཚོགས་འདུའི་དབུ་བཞུགས་ཀྱི་འགན་ཁུར་བ་། གཤམ་འོག་གི་བློན་པོ་གསར་བསྐོ་དང་། གནས་དབྱུང་། དེ་དམ་བཙོན་འཇུག་བྱེད་པ་། དམག་གི་བཀའ་བརྡ་བསྒྲགས་པ་། ས་ཁུལ་གྱི་དབྱེ་མཚམས་དང་དམག་དཔུང་བཅོས་སྒྲིག་བྱེད་པ་། བཀའ་ཁྲིམས་གསར་པ་ཁྱབ་བསྒྲགས་བྱ་རྒྱུ་བཅས་ཀྱི་འགན་དབང་ཡོད་། དགུང་བློན་གྱི་མི་གྲངས་མང་ཉུང་ངེས་པ་མེད་པ་སྟེ་རྒྱལ་པོ་སྲོང་བཙན་སྐབས་མགར་སྟོང་བཙན་དང་། ཐོན་མི་སམ་བྷོ་ཊ་། འབྲི་སེ་རུ་གུང་སྟོན་། ཉང་ཁྲི་བཟང་ཡང་སྟོན་བཅས་བཞི་དང་། ཁྲི་སྲོང་ལྡེ་བཙན་སྐབས་སུ་དགུང་བློན་དགུ་། ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་སྐབས་སུ་དགུང་བློན་ཆེན་པོ་དྲུག་བཅས་བྱུང་བ་ལྟར་རོ་། ནང་བློན་ནི་སྲིད་གཞུང་ནང་ཁུལ་གྱི་གལ་ཆེའི་ལས་དོན་ཁག་ལ་བདག་གཉེར་བྱེད་མཁན་ཞིག་སྟེ་། དེའི་ནང་གསེས་ལ་ཆེ་འབྲིང་ཆུང་གསུམ་ཡོད་། དེ་དག་གིགོ་གནས་ནི་ནང་བློན་འབྲིང་བ་དང་དགུང་བློན་འབྲིང་བའི་གོ་གནས་མཉམ་པ་བཅས་ཡིན་། བཀའ་བློན་(བཀའ་ཡོ་གལ་འཆོས་པ་)ནི་། རྒྱལ་བློན་གྱི་བཀའ་ལ་ཡོ་བསྲང་བྱེ་མཁན་ཞིག་སྟེ་དེ་ལ་ནང་གསེས་ཆེ་འབྲིང་ཆུང་གསུམ་ཡོད་ཅིང་། དེའི་ལས་འགན་ནི་རྒྱལ་པོ་དང་བློན་ཆེན་ཚོས་བཀའ་ཕབ་པ་རྣམས་ཁྲིམས་དང་མཐུན་མིན་དང་། ལག་ལེན་དུ་བསྟར་འོས་མིན་བཅས་ལེགས་པར་བརྟགས་ནས་གལ་ཏེ་མི་འོས་པ་ཡོད་ཚེ་། རྒྱལ་བློན་གྱི་ཚོགས་འདུ་ཆེན་པོའི་ཐོག་ཐད་ཀར་ཡོ་བསྲང་དང་སྐྱོན་བརྗོད་བྱེད་ཆོག་པའི་དབང་ཆ་ཡོད་། ཕྱི་བློན་ནི་སྲིད་གཞུང་གི་ཕྱི་ཕྱོགས་ཀྱི་ལས་དོན་གལ་ཆེའི་རིགས་བདག་གཉེར་བྱེད་མཁན་ཞིག་སྟེ་། དེའི་ལས་འགན་ནི་། དགུང་བློན་ཆེ་འབྲིང་ཆུང་གསུམ་ལ་རོགས་རམ་བྱས་ཏེ་ས་མཚམས་ཀྱི་ཡུལ་སྡེ་དང་དམག་དཔུང་ལ་བཀོད་འདོམས་བྱེད་པ་དང་ཁྲིམས་ལུགས་ལག་ལེན་བསྟར་མཁན་ཡིན་། སྲིད་འཛིན་ལས་ཚད་དམའ་བའི་དཔོན་རིགས་རིམ་་པ་བཅུ་གཉིས་སུ་ཕྱེ་ཡོད་པ་སྟེ་། ཡུལ་དཔོན་(རྩེ་རྗེ་)ནི་སྤྱི་ཁྱབ་སྲིད་འཛིན་ས་ཁུལ་ལྔ་སོ་སོའི་མངའ་འོག་ཏུ་གཏོགས་པའི་ཡུལ་སྡེ་ཁག་གི་རྫོང་དཔོན་ལྟ་བུ་ཞིག་སྟེ་། ལི་ཡུལ་ནས་ཐོན་པའི་ཤོག་དྲིག་ནང་རྩེ་རྫེ་ཞེས་འཁོར་འདུག་ དམར་དཔོན་ནི་སྤྱི་ཁྱབ་བློན་ཆེན་གྱི་བཀོད་འདོམས་འོག་རུ་ཆེན་ལྔའི་དམག་དཔུང་ལ་བདག་གཉེར་བྱེད་མཁན་ཞིག་སྟེ་། དེའི་ལས་འགན་ནི་རང་གི་ས་མཚམས་སུ་བདེ་འཇགས་སྲུང་སྐྱོང་དང་། གཞན་གྱི་བཙན་འཛུལ་འགོག་རྒྱུ་། རྒྱུན་དུ་ཞིང་འབྲོག་ཐོན་སྐྱེད་ལ་བཀོད་འདོམས་བྱ་རྒྱུ་། དམག་མི་བསྡུ་ལེན་བྱ་རྒྱུ་བཅས་ཡིན་། དེའི་གོ་གནས་རིམ་པ་ལ་རུ་དཔོན་དང་། སྟོང་དཔོན་། སྟོང་བུ་ཆུང་གི་རྗེ་། ལྔ་བརྒྱ་ཆེན་པོ་བཅས་བཞི་ཡོད་སྟེ་། རུ་དཔོན་ནི་རུ་ཆེན་གཅིག་གི་དམག་དཔུང་ལ་བཀོད་འདོམས་བྱེད་མཁན་ཞིག་སྟེ་། རུ་སྡེ་རེར་རུ་དཔོན་རྒན་པ་གཅིག་དང་གཞོན་པ་གཉིས་། རུ་སྡེ་རེར་དམག་མིའི་འབོར་གྲངས་སྟོང་སྡེ་བཅུ་། སྟོང་སྡེ་རེར་དམག་མི་སྟོང་ཕྲག་བཅུ་དང་། རུ་སྡེ་གཅིག་ལ་དམག་མི་ཁྲི་བཅུ་ཡོད་པས་། རུ་དཔོན་ནི་དོན་དུ་དམག་མི་འབུམ་གཅིག་གི་དམག་དཔོན་ཡིན་། དེའི་རྒྱུ་མཚན་དང་ཁུངས་ནི་ཐང་བོད་སྔ་རྗེས་སུ་དམག་འཁྲུག་ཆེ་བ་ཐེངས་གསུམ་འཐབ་པའི་སྐོར་གྱི་བོད་ཀྱི་ལོ་རྒྱུས་དང་《ཐབ་དེབ་》(唐书)ནང་གསལ་ཡོད་། སྟོང་དཔོན་ནི་རུ་དཔོན་གྱི་འོན་ཏུ་ཡོད་ཅིང་སྟོང་སྡེ་གཅིག་གི་དམག་དཔོན་ཡིན་། དེའི་ཁོངས་སུ་དམག་མི་སྟོང་ཕྲག་བཅུ་ཡོད་པའ་དོན་དུ་དམག་མི་ཁྲི་གཅིག་གི་ཁྲི་དཔོན་ཡིན་། སྟོང་བུ་ཆུང་གི་རྗེ་ནི་སྟོང་དཔོན་གྱི་འོག་ཏུ་ཡོད་ཅིང་། དམག་མི་སྟོང་ཕྲག་འགའ་ཞིག་གི་དམག་དཔོན་ཡིན་། སྟོང་བུ་ཆུང་བའི་གོ་དོན་ནི་དམག་དཔུང་སྟོང་སྡེའི་ཚད་གཞི་མ་ལོངས་ཤིང་། སྟོང་ཕྲག་ཁ་ཤས་ལས་མེད་པས་མིང་དེ་ལྟར་བཏགས་། ལྔ་བརྒྱ་ཆེན་པི་ནི་། དམག་མིའི་འབོར་གྲངས་ལྔ་བརྒྱ་ཡས་མས་ཀྱི་དམག་དཔོན་ཞིག་སྟེ་། ལི་ཡུལ་ནས་ཐོན་པའི་ཤོག་དྲིལ་ནང་བཤད་པ་ལྟར་ན་། སྐབས་དེར་ལྔ་བརྒྱ་ཆེན་པོ་བསྐོས་པ་སྐབས་རེ་ལྔ་བརྒྱ་ཆེན་པོ་དེ་སྟོང་བུ་རྗེར་བཅོས་ཞེས་འཁོད་འདུག་ རྒྱ་བོད་ལོ་རྒྱུས་ཡིག་ཆའི་ནང་འཁོད་པར་གཞིགས་ན་སྐབས་དེར་བོད་སྤྱིར་ཁྱོན་དམག་མི་ཁྲི་དྲུག་ཅུ་རེ་གཅིག་ཡོད་པར་སྣང་། དམག་དཔོན་ཕུད་ད་དུང་མངན་དཔོན་དང་། ཁྲུ་དཔོན་། །ཞིང་དཔོན་། རྩིས་དཔོན་། ཆིབས་དཔོན་། ཁྲལ་དཔོན་། གཟིམ་དཔོན་། དྲང་དཔོན་། ཁྲིམས་དཔོན་བཅས་སུ་ཕྱེ་ཡོད་པ་སྟེ་། མངའ་དཔོན་(རྔན་དཔོན་)ནི་འབྲུ་རིགས་དང་གསེར་དངུལ་སོགས་ནོར་སྲིད་དོ་དམ་མཁན་དང་། ཁྲུ་དཔོན་ནི་འབྲོག་ལས་ཐོན་སྐྱེད་ཀྱི་དཔྱ་ཁྲལ་དོ་དམ་མཁན་། རྩིས་དཔོན་ནི་ནོར་སྲིད་གཏོང་ཡོང་དང་དཔྱ་ཁྲལ་བསྡུ་འབབ་ལ་ཞིབ་བཤེར་རྩིས་རྒྱག་བྱེད་མཁན་། ཆིབས་དཔོན་ནི་རྒྱལ་བློན་གྱི་ཆིབས་རྟ་དང་དམག་རྟ་གཏོང་བསྡུ་དང་འགྲིམ་འགྲུལ་བདེ་འཇགས་བཅས་ལ་དོ་དམ་བྱེད་མཁན་། ཁྲལ་དཔོན་ནི་སྲིད་གཞུང་གིས་ཆེད་མངགས་ས་གནས་ཁག་ལ་དཔྱ་ཁྲལ་བསྡུ་བར་བཏང་བའི་དཔོན་རིགས་ཤིག་སྟེ་བཀར་རྒྱ་ཡོང་སྡུད་པ་ཟེར་བ་དང་འད྄་། གཟིམ་དཔོན་ནི་། བཙན་པོ་སྒེར་གྱི་ཕོ་བྲང་དང་། རྒྱུན་མཁོའི་འཚོ་བ་། ཁོར་ཡུག་བདེ་འཇགས་བཅས་ལ་དོ་དམ་བྱེད་མཁན་། སྣམ་ཕྱི་པ་ནི་བཙན་པོའི་སྐུ་སྲུང་མཁན་། དྲང་དཔོན་ནི་ཞུ་གཏུགས་མཁན་དང་གྱོད་ཡའི་བར་ཉེས་པ་ཡོད་མེད་ལ་བཞི་དཔྱོད་བྱེད་མཁན་སྟེ་ལྕེ་པ་ཡང་ཟེར་། ཁྲིམས་དཔོན་ནི་ཞལ་ལྕེ་པའ་ཐག་བཅད་པའི་ཁྲིམས་ལྟར་ཁྲིམས་གཅོད་གཏོང་མཁན་ཡིན་། དྲུག་པ་། ཞིང་འབྲོག་ཐོན་སྐྱེད་གོང་དུ་སྤེལ་བའི་བྱ་ཐབས་ལག་བསྟར་བྱས་པ་སྟེ་། རྒྱལ་པོ་སྲོང་བཙན་སྒམ་པོས་ཞིང་འབྲོག་ཐོན་སྐྱེད་གོང་དུ་སྤེལ་བའི་བྱ་ཐབས་གཙོ་བོ་ནི་རུས་རྒྱུད་ཚོ་པར་དབང་བའི་ལམ་ལུགས་བསྒྱུར་བཅོས་རྒྱུ་དེ་ཡིན་། སྲོང་བཙན་གྱིས་སྐབས་དེའི་གནས་ཚུལ་དངོས་ལ་དམིགས་ཏེ་ཞིང་འབྲོག་གི་དབང་བའི་ལམ་ལུགས་ཐད་། རྒྱལ་པོ་ལ་དབང་བའི་རིགས་གཉིས་། བློན་པོ་ལ་དབང་བའི་རིགས་གཉིས་། རུས་རྒྱུད་ཚོ་པ་ཚོར་དབང་བའི་རིགས་གཉིས་བཅས་དྲུག་ཏུ་དབྱེ་ཡོད་། རྒྱལ་པོར་དབང་བའི་རིགས་དང་པོ་ནི་རྗེ་ཞིང་སྟེ་སྤྲོད་ལེན་གྱི་དབང་ཆ་བཙན་པོར་ཡོད་ཀྱང་དེའི་ཐོན་འབབ་དཔྱ་ཁྲལ་རྣམས་སྲིད་གཞུང་ལ་དབང་ཞིང་སྲིད་གཞུང་གི་ཡོད་འབབ་ཀྱི་ཁོངས་སུ་གཏོགས་པ་དང་། ས་ཞིང་བགོས་པའི་ཚད་གཞི་ནི་ཁྱིམ་མི་རེར་ས་ཞིང་དོར་གཅིག་(དོར་གཅིག་གི་ཚད་ནི་རྨོས་མཛོ་ཆ་གཅིག་གིས་ཉིན་གཅིག་རྨོ་ཐུབ་པའི་ས་ཞིང་རྒྱ་ཁྱོན་ལ་ཟེར་ཞིང་ཕལ་ཆེར་མུའུ་བཅུ་ལ་ཉེ་བ་ཡོད་)།ཞིང་པའི་དཔྱ་ཁྲལ་འཇལ་ཚད་ནི་སྤྱིའི་ཐོན་ཚད་ཀྱི་དྲུག་ཆ་གཅིག་ཡིན་པར་སྣང་། འབྲོག་ཁུལ་དུ་ནོར་ཕྱུགས་རྣམས་སྲིད་གཞུང་དང་། བཙན་པོ་། བློན་པོ་། རུས་རྒྱུད་ཚོ་པ་། འབྲོག་པ་སྒེར་བཅས་སོ་སོར་དབང་བའི་ཚད་གཞི་གསལ་པོ་མེད་ཀྱང་ཤ་ཁྲལ་བསྡུ་ལུགས་དང་། ནོར་ཕྱུགས་བརྗེ་ཚོང་བྱེད་པའི་རིན་ཐང་ནོར་ཕྱུགས་དང་འབྲུ་རིགས་བརྗེ་ཚོང་བྱེད་པའི་རིན་ཐང་ནོར་ཕྱུགས་དང་འབྲུ་རིགས་བརྗེ་ཚོང་སྐོར་སོགས་ལོ་ཡུལ་ནས་ཐོན་པའི་འཛིན་ཡིག་ལ་བལྟས་ན་འབྲོག་ཁུལ་དུའང་བཀས་བཀོད་རྒྱུབ་འཛིན་གྱི་འབྲོག་ལས་དཔལ་འབྱོར་གྱི་མྱུ་གུ་ཐོན་འགོ་ཚུགས་ཟིན་པ་གསལ་པོ་བསྟན་ཡོད་། བཙན་པོ་ལ་དབང་བའི་རིགས་གཉིས་པ་ནི་། ས་ཞིང་སྣམས་བཙན་པོ་སྒེར་གྱི་ཁོངས་གཏོགས་བྲན་གཡོག་རྣམས་ལ་བགོད་ཏེ་འདེབས་ལས་བྱེད་དུ་བཅུག་ཐོག་དེའི་ཡོང་འབབ་རྣམས་བཙན་པོ་རང་ཉིད་ལ་དབང་ཞིང་། དེ་དག་རུ་སྡེ་ལྔ་ཀར་ཡོད་ཀྱང་གཙོ་བོ་དབུ་རུ་ཤོད་ཆེན་ཏེ་སྐྱིད་ཤོད་སྟོད་སྨད་ཀྱི་ས་ཞིང་དང་འབྲོག་སྟེགརྣམས་ཡིན་། དང་པོ་ནི་བློན་པོ་མཛད་ཆེ་བར་དམིགས་བསལ་གྱི་བྱ་དགར་སྤྲད་པ་རྣམས་ཕ་ཚ་བུ་རྒྱུད་དུ་སྒེར་ལ་དབང་ཞིང་སྲིད་གཞུང་ལ་དཔྱ་ཁྲལ་འབུམ་མི་དགོས་། བློན་པོ་ལ་དབང་བ་གཉིས་པ་ནི་རྔན་ཞིང་ཟེར་ཞིང་། དེ་ནི་བློན་གྱི་གོ་གནས་བཟུང་རིང་ཐོན་འབབ་དཔྱ་ཁྲལ་མེད་པ་སྒེར་ལ་དབང་བ་ལས་། གོ་གནས་བརྗེས་པའམ་གནས་དབྱུང་བཏང་རྗེས་གོ་གནས་གསར་པ་འཛིན་མཁན་ལ་རྩིས་སྤྲོད་དགོས་པས་དེ་ནི་བཀས་བཀོད་རྒྱུད་འཛིན་གྱི་དཔའ་འབྱོར་ལམ་ལུགས་ཀྱི་མྱུ་གུ་གསར་པ་ཞིག་གཏོད་པའི་མཚོད་རྟགས་ཡིན་། རུས་རྒྱུད་ཚོ་པར་དབང་བའི་ས་ཞིང་དེ་ལའང་རིགས་གཉིས་ཏེ་། དེའང་དང་པོ་རུས་རྒྱུད་ཚོ་པ་ཁག་ཐུན་མོང་ལ་དབང་བའི་ས་ཞིང་སྟེ་། རུས་རྒྱུད་ཚོ་པ་དེ་རྣམས་ས་ཁུལ་གཅིག་ཏུ་འདུས་སྡོད་བྱེད་ཀྱི་ཡོད་པས་རྒྱལ་པོ་སྲོང་བཙན་སྒམ་པོས་ཁོ་ཚོར་དབང་བའི་ས་ཞིང་རྣམས་རང་འཇགས་སུ་གནས་པ་བྱས་ཐོག་དཔྱ་ཁྲལ་འོས་འཚམས་ཤིག་་སྲིད་གཞུང་ལ་འབུས་དགོས་པ་། རུས་རྒྱུད་ཚོ་པར་དབང་བའི་ས་ཞིང་གི་རིགས་གཉིས་པ་ནི་། རུས་རྒྱུད་ཚོ་པའི་ཁོངས་གཏོགས་ཞིང་པ་སྒེར་ལ་དབང་བའི་ས་ཞིང་ཏེ་ཁོང་ཚོ་རང་ཉིད་ཀྱིས་གསར་སྦོལ་བྱས་པའི་ས་ཞིང་དདང་། ཚལ་ཞིང་། ལྡུམ་ར་སོགས་ས་ཞིང་གི་ཐོར་བཀོད་ནད་ལོ་རེ་དུས་ཚོད་ངེས་ཅན་གྱི་དཔྱ་ཁྲལ་(ལོ་ཐང་བླ་སྐྱེས་)མི་ཉུང་བ་ཞིག་ཕུལ་རྗེས་ས་ཞིང་དེ་དག་གི་ཐོན་འབབ་ཁོ་ཚོ་སྒེར་ལ་དབང་བ་ཡིན་པས་དེ་ནི་བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས་ཡིན་པ་དང་། ཁོང་ཚོ་ནི་རང་དབང་དང་དཔལ་འབྱོར་ཡོད་པའི་འབངས་མི་ཡིན་། གོང་གསལ་ས་ཞིང་དབང་བའི་ལམ་ལུགས་རིགས་དྲུག་གི་ཐོག་ནས་བཀས་བཀོད་རྒྱུད་འཛིན་གྱི་མྱུ་གུ་ཐོན་ཟིན་མ་སྨོས་མེད་དང་། སྐབས་དེར་སྲོང་བཙན་གྱི་དཔལ་འབྱོར་སྲིད་ཇུས་དེས་ལྷག་ལུས་རུས་རྒྱུད་ཚོ་པ་དང་བྲན་གཡོག་བདག་པོ་རྣམས་ཀྱི་ཁེ་ཕན་ལ་ཕྱོགས་གཅིག་ནས་སྲུང་སྐྱོབ་དང་གཉིས་ནས་ཚོད་འཛིན་ཡོད་པའི་བྱ་ཐབས་ལ་བརྟེན་ནས་ཞིང་འབྲོག་རྣམས་ལ་སྒེར་གྱི་དཔའ་འབྱོར་དབང་བར་ཁས་ལེན་བྱས་ཏེ་། དཔྱ་ཁྲལ་བསྡུ་བའི་ལམ་ལུགས་ལག་ལེན་བསྟར་བ་དེས་ཞིང་འབྲོགམ་ཐོན་སྐྱེད་ལ་གོང་འཕེལ་གསར་པ་བྱུང་བ་དང་། དེ་དང་ཆབས་ཅིག་ཏུ་མི་རིགས་རང་ཉིད་ཀྱི་ལག་ཤེས་བཟོ་ལས་དང་ཚོང་ལས་ལ་ཡང་སྔར་བས་ཡར་རྒྱས་བྱུང་ཡོད་། བདུན་པ་། སྤུན་ཟླའི་མི་རིགས་དང་ཁྲིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་གྱི་འབྲེལ་བ་བཙུགས་ནས་མི་རིགས་རང་ཉིད་ཀྱི་དཔལ་འབྱོར་རིག་གནས་ཆོས་ལུགས་བཅས་གོང་དུ་སྤེལ་བ་སྟེ་། རྒྱལ་སོ་སྲོང་བཙན་སྒམ་པོས་བོད་ཀྱི་དཔའ་འབྱོར་དང་། རིག་གནས་། ནང་བསྟན་བཅས་དར་སྤེལ་གཏོང་བའི་ཆེད་དུ་སྔ་རྗེས་སི་བལ་པོའི་རྒྱལ་པོའི་སྲས་མོ་བལ་བཟའ་ཁྲི་བཙུན་དང་། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་གི་ཚ་མོ་ཝུན་ཁྲེན་ཀོང་ཇོ་སོགས་སྤུན་ཟླའི་མི་རིགས་དང་ཁྲིམ་མཚེས་རྒྱལ་ཁབ་ནས་བཙུན་མོ་བླངས་ཏེ་ཁོང་ཚོའི་སྔོན་ཐོན་གྱི་ཉམས་མྱོང་དང་། རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་སོགས་རིག་དངོས་རྣམས་བོད་དུ་གདན་དྲངས་པ་དེས་གཅིག་ནས་མི་རིགས་ཕན་ཚུན་བར་དང་རྒྱལ་ཁབ་ཕན་ཚུན་བར་མཐུན་སྒྲིལ་མཛའ་བཤེས་ཀྱི་འབྲེལ་བ་བཙུགས་པ་དང་། གཉིས་ནས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར་། ཆོས་ལུགས་། རིག་གནས་བཅས་གང་གི་ཐད་ལའང་སྔར་ལས་ལྷག་པའི་གོང་འཕེལ་གསར་པ་ཞིག་ཡོང་རྒྱུར་སྐུལ་མ་ཐེབས་ཡོད་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

ཚིག་མཛོད་གཅིག་བླུག་པ་ཙམ་གྱི་ཡོང་གི་མ་རེད། ཉམས་ཞིབ་བྱས་ཟིན་པའི་རྩོམ་ཞིག་གཞིར་བཟུང་ནས་བཀོད་དགོས་རེད།