སྨྱུང་གནས།

ཡོང་ཁུངས་Wikipedia

སྨྱུང་གནས།[རྩོམ་སྒྲིག]

ཞག་པོ་བདུན་ནས་ཉི་ཤུ་རྩ་གཅིག་སོགས་ཀྱི་རིང་ཉིན་རེ་ཉིན་དགུང་ཙམ་མ་གཏོགས་དུས་ཚོད་གཞན་དག་གི་བཟའ་བཏུང་བཀག་པ་དང་ཆབས་ཅིག་ཁ་ནས་མི་གཞན་དག་ལ་ཡང་སྐད་ཆ་མི་ཤོད་པར་སྨྲ་བ་བཅད་པའི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་བྱེད་སྟངས་རིགས་ཅིག །


སྔོན་འགྲོའི་འཛེམ་བྱ།[རྩོམ་སྒྲིག]

འདུལ་བའི་མདོ་རྩར། སྒོག་སྐྱ་ཞག་བདུན། ཀུན་དོང་ཞག་གསུམ། ཀེའུ་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ།། གསུངས་པ་ལས་གཞན། ཆང་དང་ཐ་མ་ཁ་ལའང་འཛེམ་དགོས་སོ།།

སྡོམ་པ་ལེན་པའི་རྟེན།[རྩོམ་སྒྲིག]

སྨྱུང་གནས་ཀྱི་སྡོམ་པ་ལེན་འདོད་ན། ནངས་སྔ་མོར་ལག་མཐིལ་གྱི་རི་མོ་རིག་མི་རིག་གི་མཚམས་སུ། སྡོམ་པ་ལེན་པའི་རྟེན་ནི། མཆོག་གང་ཟག་དང་། མིན་ན་རྟེན་གསུམ་ལས་ཀྱང་རུང་ལ། རབ་དགེ་ཚུལ་སློང་སྡོམ་ལྡན་དང་། ཡང་ན། ཁྱིམ་པ་གསོ་སྦྱོང་ལ་གནས་པ་ལས་ཀྱང་བླང་རུང་ངོ་།། ཡང་ཟླ་རེའི་ནང་དུ་གསོ་སྦྱོང་ལེན་འདོད་ན། ཐོག་མའི་སྡོམ་པ་སློབ་དཔོན་གྱི་དྲུང་དུ་བླངས་ཏེ། རྗེས་མ་རྣམས་རྟེན་གྱི་དྲུང་དུ་བླང་ཆོག བཅོ་ལྔ་ལྟ་བུ་ལ་ནངས་པར་སྡོམ་པ་ལེན་རྒྱུ་བརྗེད་ན། ཉི་མ་ཤར་ནས་ཀྱང་བླང་ཆོག རྒྱུ་མཚན། སྡོམ་པ་གསར་དུ་ལེན་པ་མ་ཡིན་པར། དྲན་གསོའི་ཆེད་དུ་བླངས་པ་ཡིན་པས་དམིགས་གསལ་ཡིན།

བསྲུང་བྱའི་ཡན་ལག་བརྒྱད།[རྩོམ་སྒྲིག]

ཡན་ལག་བརྒྱད་ནི། ༡ ཚེ་སྲོག་མི་གཅོད་པ། ༢ མ་བྱིན་པར་མི་ལེན་པ། ༣ འཁྲིག་ཆོས་མི་བསྟེན་པ། ༤ རྫུན་མི་སྨྲ་བ། ༥ ཆང་མི་འཐུང་བ། ༦ ཁྲི་མཐོན་པོར་མི་འདུག་པ། ༧ དུས་མིན་གྱི་ཟས་མི་ཟ་བ། ༨ དྲི་མི་བྱུགས་པ་དང་གླུ་གར་སོགས་མི་རོལ་པའོ།། ཁྲིམས་བརྒྱད་པོའི་དང་བོ་བཞི་ཚུལ་ཁྲིམས་ཀྱི་ཡན་ལག་དང་། ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག ལྷག་མ་གསུམ་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་སྤྱོད་ལམ་སྡོམ་བྱེད་དོ།། དེའི་སྟེང་དུ་གུང་ཚིགས་ལ་དཀར་ཟས་ཁོ་ནར་སྤྱོད་པ་དང་། བག་ཡོད་ཀྱི་སླད་དུ་ཆབ་ལེན་པ་གཉིས་ཇོ་བོ་རྗེས་བསྣན་པའོ།།

སྨྱུང་གནས་སྐབས་ཀྱི་སྤྱོད་ལམ།[རྩོམ་སྒྲིག]

སྨྱུང་གནས་སྐབས་སུ། ལུས་དཀའ་ཐུབ་དང་། ངག་སྨྲ་བཅད། ཡིད་རྣམ་རྟོག་གིས་མ་བསླད་པར། གཙང་སྦྲ་དང་ལྡན་པའི་སྒོ་ནས་དགེ་སྦྱོར་ལ་བརྩོན་དགོས་ལ། ནང་དགོས་སུ། ཡན་ལག་བརྒྱད་པོའི་ཁྲིམས་དེ་མིག་འབྲས་བཞིན་སྲུང་བ་གནད་དུ་ཆེ། དེ་མིན། ཁྲིམས་བརྒྱད་པོ་སྣང་མེད་བཞག་སྟེ། སྤྱོད་ལམ་ཙག་ཙིག་རྩད་གཅོད་པ་དང་། རུང་མི་རུང་གལ་བོ་ཆེ་འཛིན་པ་ནི། རྩ་བ་བོར་ནས་ཡན་ལག་ལ་འཇུ་བའི་དཔེ་ཡིན། སྨྱུང་གནས་ལ་ངག་གི་སྨྲ་བ་བཅད་ཡོད་པས། དགོས་མི་དགོས་ཐམས་ཅད་ལ་ཐུན་གཏམ་ཟེར་བའང་མ་སྨྲས་ན་བཟང་། ཐ་ན། གཉིད་དང་གླལ་བ། འོག་རླུང་སོགས་ཀྱང་བསྡམས་དགོས། ནང་དགོང་གི་སྡོམ་ཇ་ཡང་། འོ་རྐྱང་མི་རུང་ལ། འོ་མའི་ནང་སུམ་ཆའི་གཅིག་འོ་མ་བླུགས་ན་རུང་། གཞན་ཇ་རྐྱང་དང་། སིལ་ཏོག་ལ་སོགས་པའི་ཁུ་བ་ཧ་ཅང་དྭངས་པ་འཐུང་རུང་། རྩིགས་རོ་རྣམས་ངེས་པར་དུ་ཚགས་ཀྱིས་སེལ་དགོས། རུང་ཆུ་ངེས་པར་སུ་འདེབས་དགོས་ལ། དེ་ཡང་ཆུ་གྲང་མོ་ལས། ཆུ་ཁོལ་འཁྱག་པ་སོགས་མི་རུང་། ནངས་སྔ་མོའི་ཐོ་ཐུག་ཀྱང་ལུས་ལ་གནས་པའི་སྲིན་འབུ་རྣམས་གསོ་ཆེད་ཡིན་པས། འབག་ཐང་ཙམ་དུ་འཐུས་པར་བྱ་དགོས་པར་གསུངས་ཡོད། དམིགས་བསལ་ལ། ཞབས་དཀར་བས། གལ་ཏེ། ན་བ་བྱུང་ནས་མ་ཐུབ་ན་སྡོམ་པ་འཆོར་བ་མིན་པ་དང་། བརྗེད་དེ་རྩམ་པ་ཟོས་པ་སོགས་ཀྱང་། བཤགས་པ་བྱས་ཏེ་མུ་མཐུད་སྡོམ་པ་ལ་གནས་ན་འཆོར་བ་མིན་པ་དང་། ཚོགས་རྫས་ཟོས་ནའང་སྡོམ་པ་འཆོར་མེད་པར་བཤད་ཡོད་དོ།།

སྨྱུང་གནས་ཀྱི་ཕན་ཡོན།[རྩོམ་སྒྲིག]

བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ཞལ་ལས། གང་ཞིག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་བསྙུང་བར་གནས་པ་ཚར་གཅིག་བྱས་ན། བསྐལ་བ་བཞི་ཁྲིའི་སྡིག་པ་དག་ཅིང་ལྷ་དང་མིའི་མཆོག་ཐོབ་པར་འགྱུར་རོ།། ཞེས་ཕན་ཡོན་སྤྱི་དང་། བྱེ་བྲག་ཏུ། དེ་ཉིད་ལས། ལུས་བསྙུང་བར་བྱས་པས། ལུས་ཀྱི་སྒྲིབ་པ་དག་པར་འགྱུར་རོ།། ངག་བསྙུང་བར་བྱས་པས། ངག་གི་སྒྲིབ་པ་དག་པར་འགྱུར་རོ།།ཡིད་བསྙུང་བར་བྱས་པས། ཡིད་ཀྱི་སྒྲིབ་པ་དག་པར་འགྱུར་རོ།། ཞེས་དང་། ལུས་བསྙུང་བར་གནས་པས། མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་བོ་བརྒྱད་ཅུས་བརྒྱན་པར་འགྱུར་རོ།། ངག་བསྙུང་བར་གནས་པས། སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པར་འགྱུར་རོ།། ཡིད་བསྙུང་བར་གནས་པས། མངོན་པར་ཤེས་པ་ལྔ་དང་ཡེ་ཤེས་ལྔ་ཐོབ་པར་འགྱུར་རོ།། ཞེས་དང་། ཡབ་རྗེ་བླ་མས།

ལྷ་སྤྱན་རས་གཟིགས་ལས་མྱུར་བ་མེད།།

ཆོས་ཡི་གེ་དྲུག་མས་ཟབ་པ་མེད།།

སྡིག་སྦྱོང་ཐབས་བསྙུང་གནས་ལས་ལྷག་མེད།།

འགག་ཉག་ག་མ་ནོར་རི་ཁྲོད་པ།།


ཞེས་དང་།

གུང་ཐང་བསྟན་པའི་སྒྲོན་མེས།

མི་སྡིག་ཅན་བཙན་ཐབས་འཚང་རྒྱའི་ཆོས།།

དཀོར་བག་ཆགས་ངན་པ་སྦྱོང་བ་ལ།།

ཆེས་ཟབ་པའི་མཐར་ཐུག་སྨྱུང་གནས་ཡིན།།

འདིའི་ཕན་ཡོན་ནམ་མཁའི་མཐའ་དང་མཉམ།།

དུས་དེང་སང་ངན་པ་མགོ་མཐོ་ཡང་།།

ལམ་བར་དོའི་འཕྲང་རིང་བརྒལ་བའི་ཉིན།།

དགྲ་གཤིན་རྗེ་དམག་གིས་བསྐོར་བའི་ཚེ།།

ཆོས་ཚུལ་བཞིན་བྱས་པའི་མི་དེ་སྐྱིད།།

འཕྲང་ཡ་ངའི་འཇིགས་པ་སེལ་འདོད་ཅིང་།།

མར་ངན་སོང་སྐྱེ་སྒོ་གཅོད་འདོད་ན།།

ལྷ་ཐུགས་རྗེ་ཆེན་པོའི་ཞབས་ལ་འཇུས།།

ཞེས་སོ།།