སྤྱན་སྔ་གྲགས་པ་བྱང་ཆུབ་

ཡོང་ཁུངས་Wikipedia

ལྷོ་ཁ་འབྲུག་དང་འདབ་ཆགས་པ་དགོན་གསར་དུ་དཔོན་རིན་རྡོར་བ་དང་། ཡུམ་ཟིན་ཟ་བཀྲ་ཤིས་སྐྱིད་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ་(༡༣༥༦)ལོར་སྐུ་འཁྲུངས། མེ་སྟག་(༡༣༨༦)ལོར་སྐུ་གཤེགས། དགུང་ལོ་བཅུ་གཉིས་ལ་སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་ཀྱི་ཞབས་ལ་གཏུགས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ཡང་གྲགས་པ་བྱང་ཆུབ་ཅེས་གསོལ། ཆུ་མོ་ལོ་ལ་ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་གཙོས་པའི་དགེ་འདུན་ཉི་ཤུ་རྩ་གསུམ་གྱི་དབུས་སུ་བསྙེན་པར་རྫོགས་པར་མཛད། རྗེ་ཙོང་ཁ་པ་ཡིས་ཀྱང་འདིར་ཆོས་འབྲེལ་མང་པོ་གསན་ཏེ། རྗེ་ཙོང་ཁ་པས་མཛད་པའི་འདི་པའི་རྣམ་ཐར་ཞིག་ཀྱང་ཡོད། ཐོས་བསམ་སྒོམ་སྒྲུབ་མཛད་ཚུལ་སོགས་ལོ་རྒྱུས་ཀྱི་ཡིག་ཆ་གཞན་ལས་ཤེས་པར་བྱའོ།།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།


སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་མཆན་འགྲེལ་སྔོན་གླེང་མདོར་བསྡུས།

《སྤྱར་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་དང་། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་མཆན་འགྲེལ》གཉིས་སྡེབ་གཅིག་ཏུ་པར་སྐྲུན་ཞུས་པའི་སྔོན་བརྗོད་མདོར་བསྡུས་སུ་བཀོད་པ། རྟོགས་བརྗོད་འདི་ཉིད་སྤྱི་ལོ་༡༩༩༤ནས་༢༠༠༤བར་གདན་ས་འབྲས་སྤུངས་སུ་ལོ་རེ་བཞིན་ཕར་ཕྱིན་སྐབས་བཞི་པའི་འཛིན་གྲྭར་འཆད་ཁྲིད་བྱས་པ་དང་། སྤྱི་ལོ་ ༢༠༠༧ ནས་ཝཱཎ་མཐོ་སློབ་ཀྱི་དགེ་འོས་འཛིན་གྲྭར་འཆད་འཁྲིད་བྱས་པའི་བརྒྱུད་རིམ་ལས། རྟོགས་བརྗོད་འདིའི་ཚིགས་བཅད་རྣམས་རྒྱན་གང་གི་ཁོངས་ཡིན་པའི་ངོས་འཛིན་ཟིན་བྲིས་བྱས་པ་རྣམས་ཕྱོགས་བསྡོམས་བརྒྱབས་ནས་བཀོད་ཡོད། དེ་སྔོན་བློ་གསལ་གླིང་དཔེ་མཛོད་ནས་བཏོན་པའི་ཕྲན་གྱི་འཆད་ཁྲིད་འོད་སྡེར་(CD/ DVD)རྣམས་སུ་བཤད་ཉེས་པ་ཡང་འགའ་རེ་སྣང་བས། དེ་དག་ལེགས་བཅོས་ཀྱིས་ཚབ་མཚན་ཡང་རང་བཞིན་གྱིས་ཆགས་ཡོད། རྟོགས་བརྗོད་འདིའི་ནང་གི་མི་སྣ་གལ་ཆེ་དང་ཚིག་གནད་རྩ་ཆེ་འགའ་ཞིག་ཐེར་འདོན་བྱས་ནས་མཆན་འགྲེལ་འདི་བཞིན་གསར་དུ་བསྒྲིགས་པ་ཡིན། དེའི་དམིགས་ཡུལ་ནི་རྟོགས་བརྗོད་འདི་ཉིད་རྩོམ་རིག་གི་ཆ་ལག་ཙམ་དུ་མ་ཟད། བརྗོད་གཞིའི་མི་སྣ་ཆོས་སྲིད་གཉིས་ཀར་གྲགས་ཅན་གནད་ཡོད་ཀྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པས། བོད་ཀྱི་ཆོས་དང་ཆབ་སྲིད་གཉིས་ཐད་ནས་ཤེས་དགོས་པའི་ལོ་རྒྱུས་ཀྱི་དོན་གནད་དང་ཆོས་སྲིད་ཀྱི་ཤེས་བྱ་མི་ཉུང་བ་ཞིག་ཀྱང་ལྡན་པ་དེ་དག་རྟ་རྒྱུག་ཞོར་མེ་ཏོག་གི་དཔེ་ལྟར། ཞོར་ལ་ངེས་ཤེས་འདྲེན་ཐུབ་རྒྱུའི་ཆེད་དུ་ཡིན། རྟོགས་བརྗོད་ཀྱི་ཚིག་རྒྱན་ངོས་འཛིན་དང་། མཆན་འགྲེལ་གཉིས་ཀ་ཧ་ཅང་ཞིབ་ཚགས་རང་བཞིན་གྱིས་ཐག་གཅོད་དང་གཏན་འབེབས་ཞུ་ལོང་མ་བྱུང་བས་ཅིས་ཀྱང་ནོར་འཁྲུལ་ཡོད་ངེས་པས། ཀློག་པ་ཚོས་དོགས་བཅོས་དང་ལམ་སྟོན་གང་ཟབ་གནང་རོགས།

དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་དབང་རྒྱལ་བས་གནས་མཆོག་ཝཱ་རཱ་ཎ་སཱ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་རྩོམ་རིག་སྡེ་ཚན་གྱི་ཡིག་ཚང་ནས།

སྤྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༨ ཉིན།


དཀར་ཆག བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ།


བང་རིམ་དང་པོ། རབ་ཏུ་མ་བྱུང་བའི་དུས་ཀྱི་རྟོགས་པ་བརྗོད་པ། ……………………………….……………..(1)

བང་རིམ་གཉིས་པ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་རྒྱལ་སྲིད་ཆོས་ཀྱིས་བསྐྱངས་པའི་རྟོགས་པ་བརྗོད་པ། …..…………...……(13)

བང་རིམ་གསུམ་པ། ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟོགས་པ་བརྗོད་པ། .....………..…………………(20)

བང་རིམ་བཞི་པ། མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། དགོངས་པ་ཡོངས་སུ་རྫོགས་པར་མཛད་པའི་རྟོགས། ..…..…….(33)

སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བྱིན་རླབས་ལྷུན་པོའི་ཚིག་དོན་འགའ་ཞིག་གི་མཆན་འགྲེལ་མདོར་བསྡུས།

བང་རིམ་དང་པོའི་མཆན་འགྲེལ། ……………..………………………..(55)

བང་རིམ་གཉིས་པའི་མཆན་འགྲེལ། ..…………………………….(95)

བང་རིམ་གསུམ་པའི་མཆན་འགྲེལ། …………….………………(117)

བང་རིམ་བཞི་པའི་མཆན་འགྲེལ། …………...….……………………..(156)