ལྕགས་རིགས་བསྟན་བཅོས།

ཡོང་ཁུངས་Wikipedia

རྩ་རྫས་ཀྱི་ཁྱད་ཆོས་གཞིར་བཟུང། རྩ་རྫས་རྣམས་ལྕགས་རིགས་དང་ལྕགས་རིགས་མིན་པ་གཉིས་སུ་དབྱེ་ཡོད། ལྕགས་རིགས་ནི་མདངས་དང་ལྡན་ལ། རྡུང་རུང་ཞིང། བསྣར་རུང་མ་ཟད། གློག་དང་དྲོད་བརྒྱུད་ཁྲིད་བྱེད་ཚད་བཟང་བ་ཞིག་ཡིན། དངུལ་ཆུ་མ་གཏོགས་ལྕགས་རིགས་ཚང་མ་རྒྱུན་གཏན་གྱི་དྲོད་ཚད་ཐོག་སྲ་གཟུགས་ཡིན། ལྕགས་རིགས་ཀྱིས་གློག་རྡུལ་ལྕགས་རིགས་མིན་པར་སྤྲད་དེ་གྱེས་རྡུལ་ཕོ་གྲུབ་ཐུབ། འཚོ་རླུང་མཉམ་དུ་འདུས་ཏེ་གཞི་རིམ་གྱི་འཚོ་རླུང་ཅན་གྱི་འདུས་རྫས་ལྕགས་རིགས་འཚོ་ལྡན་གྲུབ་ཐུབ། ཧ་ཡང་འཚོ་ལྡན་དང། ཏི་ཚ་འཚོ་ལྡན་ནི་བུལ་དང་སྐྱུར་གཉིས་ཀའི་ཁྱད་ཆོས་ལྡན་ཡོད་རྐྱེན་མཚན་གཉིས་འཚོ་ལྡན་ཟེར། ལྕགས་རིགས་མིན་པ་དང་ལྕགས་རིགས་གཉིས་ཀྱི་ཁྱད་ཆོས་ཕན་ཚུན་ལྡོག་པ་ཡིན། ལྕགས་རིགས་མིན་པ་ནི་རྡུང་མི་རུང་ཞིང། བསྣར་ཡང་མི་རུང་བ་མ་ཟད། གློག་དང་དྲོད་བརྒྱུད་ཁྲིད་བྱེད་ཚད་ཧ་ཅང་ཞན་པ་ཡིན། འོན་ཀྱང། རྡོ་ནག་གིས་གློག་བརྒྱུད་ཁྲིད་བྱེད་པ་དེ་ནི་དམིགས་བསལ་ཡིན།

གཟུགས་ཀྱི་ཁྱད་ཆོས།[རྩོམ་སྒྲིག]

ལྕགས་རིགས།[རྩོམ་སྒྲིག]

རྒྱུན་དུ་དངོས་རྫས་ཀྱི་དབྱེ་བ་འབྱེད་སྐབས། གཟུགས་ཀྱི་ཁྱད་ཆོས་ཕན་ཚུན་བསྡུར་ཏེ་དབྱེ་བ་འབྱེད་ཚུལ་དེ་ལས་སླ་ཤོས་རེད། ལྕགས་རིགས་ཀྱི་གཟུགས་ཀྱི་ཁྱད་ཆོས་ཇི་བཞིན་རྟོགས་པ་ལ། ལྕགས་རིགས་ཀྱི་ངོ་བོ་ལྷད་མེད་ཡིན་པའི་སྐབས་སུ། དེ་དག་གི་ངོས་ནི་འོད་དང་ལྡན་པ་ཞིག་ཡོད། འདི་ལྟའི་ཁྱད་ཆོས་ལ་ལྕགས་རིགས་ཀྱི་བཀྲགས་མདངས་(Metallic lustre)ཟེར། ལྕགས་རིགས་ཀྱི་རང་བཞིན་ནི་སྤྱིར་སྲ་བ་ཡིན་ཡང། ལྕགས་རིགས་ཕན་ཚུན་དབར་གྱི་སྲ་འཐས་(Hardness)ཀྱི་རང་བཞིན་མི་འདྲ་བའང་རྟོགས་ཐུབ། བརྡུང་སྟེ་ལེབ་ལེབ་བཟོ་ཐུབ་པ་རྟོགས་ཐུབ། འདི་ལྟའི་ཁྱད་ཆོས་ལ་རྡུང་རུང་(Malleable)གི་ཁྱད་ཆོས་ཟེར། གསེར་དང་དངུལ་ལ་རྡུང་རུང་གི་ཁྱད་ཆོས་ཆེ་ཤོས་ལྡན་ཡོད། ལྕགས་རིགས་ཤིག་སྐུད་པ་ལྟར་བཟོ་རུང་བའི་ཁྱད་ཆོས་ལྡན་ཚེ། འདི་ལྟའི་ཁྱད་ཆོས་ལ་བསྣར་རུང་(Ductility)གི་ཁྱད་ཆོས་ཟེར། གསེར་ནི་བསྣར་རུང་གི་ཁྱད་ཆོས་ཆེ་ཤོས་ལྡན་པའི་ལྕགས་རིགས་ཤིག་ཡིན། གསེར་གྷ་རམ་གཅིག་གིས་གསེར་སྐུད་རིང་ཐུང་ཀི་ལོ་མི་ཊར་གཉིས་ཙམ་བཟོ་ཐུབ། ལྕགས་རིགས་ཀྱི་རྡུང་རུང་ཞིང་བསྣར་རུང་བའི་ཁྱད་ཆོས་ལ་བརྟེན་ནས་ངེད་ཚོ་དགོས་མཁོ་ལྟར་གྱི་བཟོ་དབྱིབས་བཟོ་ཆོག་པ་ཡིན།

ལྕགས་རིགས་ཀྱིས་དྲོད་བརྒྱུད་ཁྲིད་(Conduct)བྱེད་པ་རྟོགས་ཐུབ་ལ། ལྕགས་རིགས་ཀྱི་བཞུ་ཚད་ཀྱང་མཐོ་པོ་ཡིན་པ་རྟོགས་ཐུབ། དངུལ་དང་ཟངས་ནི་དྲོད་བརྒྱུད་ཁྲིད་ཡག་ཤོས་བྱེད་པའི་ལྕགས་རིགས་ཡིན། ཞ་ཉེ་དང་དངུལ་ཆུས་དྲོད་དེ་ཙམ་བརྒྱུད་ཁྲིད་བྱེད་མི་ཐུབ། ནམ་རྒྱུན་ནང་དུ་འཁྲིད་པའི་གློག་སྐུད་དེ་ཚོ་ནི་འདུས་མང་ཝི་ནིལ་ཚྭ་ལྡན་(Polyvinylchloride)ནམ། ཡང་ན། འགྱིག་དང་འདྲ་བའི་དངོས་རྫས་ཤིག་གིས་བཏུམས་ཡོད། ལྕགས་རིགས་ཕན་ཚུན་རྡུང་པའམ། ཡང་ན། ངོས་མཁྲེགས་པོ་ཞིག་གིས་བརྡུངས་ཚེ། སྒྲ་གྲགས་སྲིད། འདི་ལྟའི་ལྕགས་རིགས་ཀྱི་ཁྱད་ཆོས་ལ་སིང་སྒྲ་ཅན་(sonorous)གྱི་ཁྱད་ཆོས་ཟེར།

ལྕགས་རིགས་མིན་པ།[རྩོམ་སྒྲིག]

ལྕགས་རིགས་མིན་པ་ཚང་མ་སྲ་གཟུགས་སམ་ཡང་ན་རླུང་གཟུགས་ཡིན་རུང། སྦོར་མིན་གཅིག་པུ་གཤེར་གཟུགས་ཡིན། ལྕགས་རིགས་མིན་པའི་དཔེ་རུ་སོལ་རྫས་དང། མུ་ཟི། ལྦ་ཚྭ། འཚོ་རླུང། ཡང་རླུང་སོགས་ཡོད། ལྦ་ཚྭ་ནི་ལྕགས་རིགས་མིན་ཡང། བཀྲགས་མདངས་ལྡན་པ་ཞིག་ཡིན། སོལ་རྫས་ནི་རྣམ་པ་འདྲ་མིན་དུ་གནས་པའི་ལྕགས་རིགས་མིན་པའི་རྩ་རྫས་ཤིག་ཡིན། འདི་ལྟའི་རྣམ་པ་མི་འདྲ་བ་རེ་རེ་ལ་ངོ་བོ་ལྡོག་པའི་རྫས་(Allotrope)ཟེར། རྡོ་རྗེ་ཕ་ལམ་ནི་སོལ་རྫས་ཀྱི་ངོ་བོ་ལྡོག་པའི་རྫས་ཤིག་ཡིན། ཕ་ལམ་ནི་སྲ་ཞིང་མཁྲེགས་ལ། བཞུ་ཚད་དང་འཁོལ་ཚད་ཀྱང་ཧ་ཅང་མཐོ་བའི་རང་བྱུང་གི་དངོས་རྫས་ཤིག་ཡིན། དེ་བཞིན། རྡོ་སྣག་ནི་སོལ་རྫས་ཀྱི་ངོ་བོ་ལྡོག་པའི་རྫས་གཞན་ཞིག་ཡིན། རྡོ་སྣག་ནི་སྙི་ཞིང་འཇམ་ལ་གློག་བརྒྱུད་ཁྲིད་བཟང་བའི་དངོས་རྫས་ཤིག་ཡིན། རྡོ་རྫས་དང། བུལ་རྫས། དུག་སེལ་ལྟ་བུའི་བ་ཚྭའི་ལྕགས་རིགས་(Alkli metal)ནི་སྙི་ཞིང་འཇམ་ལ་གྲིས་གཏུབ་ཐུབ་པ་ཞིག་ཡོད། ལྕགས་རིགས་འདི་ཚོའི་བཞུ་ཚད་དམའ་ལ་སྟུག་ཚད་ཀྱང་དམའ་བ་ཡིན། རྩ་རྫས་ནི་རྩ་རྫས་སོ་སོའ་ིརྫས་ཀྱི་ཁྱད་ཆོས་ལ་བལྟོས་ཏེ་ལྕགས་རིགས་དང་ལྕགས་རིགས་མིན་པའི་དབྱེ་འབྱེད་གསལ་པོར་བྱེད་ཐུབ། ལྕགས་རིགས་མིན་པའི་རྩ་རྫས་ཕལ་ཆེ་བ་ཆུའི་ནང་དུ་བཞུས་ཚེ། སྐྱུར་གྱི་རང་བཞིན་ཅན་གྱི་འཚོ་ལྡན་(Oxide)གྲུབ་ཐུབ། ལྕགས་རིགས་ཕལ་ཆེ་བ་ཆུའི་ནང་དུ་བཞུས་ཚེ། བུལ་གྱི་རང་བཞིན་ཅན་གྱི་འཚོ་ལྡན་གྲུབ་ཐུབ།

script html bucinscript html bucin buat pacar

ལྕགས་རིགས་ཀྱི་རྫས་ཀྱི་ཁྱད་ཆོས།[རྩོམ་སྒྲིག]

རླུང་ནང་དུ་ལྕགས་རིགས་བསྲེགས་པ།[རྩོམ་སྒྲིག]

ལྕགས་རིགས་ཕལ་མོ་ཆེ་འཚོ་རླུང་དང་འདུས་ཏེ་ལྕགས་རིགས་འཚོ་ལྡན་གྲུབ་ཐུབ།

ལྕགས་རིགས། + འཚོ་རླུང། → ལྕགས་འཚོ་ལྡན།

དཔེར་ན། ཟངས་མེ་རུ་བསྲེག་ཚེ། འཚོ་རླུང་དང་འདུས་ཏེ་ཟངས་(II)འཚོ་ལྡན་གྲུབ་ཐུབ། ཟངས་འཚོ་ལྡན་ནི་མདོག་ནག་པོ་ཞིག་ཡིན།

2Cu + O2 → 2CuO
ཟངས། + Oxygen → ཟངས་(II)འཚོ་ལྡན།

དེ་བཞིན། ཧ་ཡང་མེ་རུ་བསྲེགས་ཚེ། ཧ་ཡང་འཚོ་ལྡན་གྲུབ་པ་ཡིན།

4Al + 3O2 → 2 Al2O3
ཧ་ཡང། + Oxygen → ཧ་ཡང་འཚོ་ལྡན།

སྤྱིར་བཏང་ལྕགས་རིགས་འཚོ་ལྡན་ཡིན་ན། བུལ་གྱི་རང་བཞིན་ཡིན་ངེས་ཀྱང། ལྕགས་རིགས་འཚོ་ལྡན་ཁག་ཅིག་གིས་སྐྱུར་དང་བུལ་གཉིས་ཀའི་རང་བཞིན་སྟོན་པའང་ཡོད། དཔེར་ན། ཧ་ཡང་འཚོ་ལྡན་དང། ཏི་ཚ་འཚོ་ལྡན་ལྟ་བུ་ཡིན། འདི་ལྟའི་ལྕགས་རིགས་འཚོ་ལྡན་གྱིས་སྐྱུར་དང་བུལ་གཉིས་ཀ་མཉམ་དུ་རྫས་འགྱུར་བྱས་ཏེ་ཚྭ་དང་ཆུ་གྲུབ་ཐུབ། འདི་ལྟའི་ལྕགས་རིགས་འཚོ་ལྡན་ལ་མཚན་གཉིས་འཚོ་ལྡན་(Amphoteric oxide)ཟེར། ཧ་ཡང་འཚོ་ལྡན་ཡིན་ཚེ། སྐྱུར་དང་བུལ་གཉིས་ཀ་མཉམ་དུ་གཤམ་ལྟར་རྫས་འགྱུར་བྱེད་པ་ཡིན།

Al2O3 + 6HCl → 2AlCl3 + 3H2O
Al2O3 + 2NaOH → 2NaAlO2 + H2O(བུལ་རྫས་ཧ་འཚིས་ཅན།)

ལྕགས་རིགས་འཚོ་ལྡན་ཕལ་ཆེ་བ་ཆུའི་ནང་དུ་བཞུ་མི་ཐུབ་ཀྱང། ལྕགས་རིགས་འཚོ་ལྡན་ཁ་ཤས་ཆུའི་ནང་བཞུས་ཏེ་བ་ཚྭ་གྲུབ་ཐུབ། བུལ་རྫས་འཚོ་ལྡན་དང་དུག་སེལ་འཚོ་ལྡན་གཉིས་ཆུའི་ནང་བཞུས་ཏེ་གཤམ་གྱི་རྫས་འགྱུར་ལྟར་བ་ཚྭ་གྲུབ་ཐུབ།

Na2O(S) + H2O(l) → 2NaOH(aq)
K2O(s) + H2O(l) → 2KOH(aq)

ལྕགས་རིགས་ཚང་མས་གཅིག་གྱུར་གྱིས་འཚོ་རླུང་མཉམ་དུ་རྫས་འགྱུར་མི་བྱེད་པ་མཐོང་ཡོད། ལྕགས་རིགས་མི་འདྲ་བ་སོ་སོ་འཚོ་རླུང་མཉམ་དུ་རྫས་འགྱུར་བྱེད་ཤུགས་ཀྱང་མི་འདྲ་བ་ཡིན། དུག་སེལ་དང་བུལ་རྫས་ལྟ་བུར་མཚོན་ན། འཚོ་རླུང་མཉམ་དུ་ཤུགས་དྲག་ཆེན་པོས་རྫས་འགྱུར་བྱེད་ཀྱི་ཡོད། ལྕགས་རིགས་འདི་གཉིས་རླུང་གི་ནང་དུ་ཁ་ཕྱེས་ཏེ་བཞག་ཚེ། འཚོ་རླུང་མཉམ་དུ་རྫས་འགྱུར་བྱས་ཏེ་རང་དགར་མེ་འབར་བ་ཡིན་རྐྱེན། ལྕགས་རིགས་འདི་གཉིས་རྒྱུན་དུ་ས་སྣུམ་ནང་དུ་ཉར་འཇོག་བྱེད་དགོས་པ་ཡིན། དཀར་གཡའ་དང། ཧ་ཡང། ཏི་ཚ། ཞ་ཉེ་ལྟ་བུའི་ལྕགས་རིགས་ནི་རྒྱུན་གཏན་གྱི་དྲོད་ཚད་ཐོག་འཚོ་རླུང་མཉམ་དུ་རྫས་འགྱུར་བྱས་ཏེ། ལྕགས་རིགས་འཚོ་ལྡན་གྱི་བང་རིམ་སྲབ་མོ་ཞིག་ཕྱི་ངོས་སུ་གྲུབ་པ་དེས། ལྕགས་རིགས་དེ་ཉིད་རྒྱུན་མཐུད་དེ་འཚོ་རླུང་མཉམ་དུ་རྫས་འགྱུར་བྱས་ཏེ་རང་བཞིན་མི་ཉམས་པར་ཕན་པ་ཡིན།

ལྕགས་མེ་རུ་བསྲེགས་ཚེ། མེ་འབར་མི་ཐུབ་ཀྱང། ལྕགས་ཀྱི་རྡར་ཕྱེ་མེ་རུ་བསྲེགས་ཚེ་མེ་འབར་ཐུབ། དེ་བཞིན། ཟངས་ཀྱིས་མེ་འབར་མི་ཐུབ་ཀྱང། ཟངས་མེ་རུ་བསྲེགས་ཚེ། ཟངས་ཀྱི་ཕྱི་ངོས་སུ་ཟངས་འཚོ་ལྡན་གྱི་བང་རིམ་ནག་པོ་ཞིག་གྲུབ་ཐུབ། དྲོད་ཚད་མཐོ་པོ་ཇི་ཙམ་ཡོད་ཀྱང། གསེར་དང་དངུལ་གྱིས་འཚོ་རླུང་མཉམ་དུ་རྫས་འགྱུར་མི་བྱེད། བུལ་རྫས་ནི་རྫས་འགྱུར་བྱེད་ཤུགས་ཆེ་ཤོས་དེ་ཡིན་པ་རྟོགས་ཐུབ། དཀར་གཡའ་ནི་བུལ་རྫས་ལྟར་རྫས་འགྱུར་བྱེད་ཤུགས་དེ་ཙམ་ཆེན་པོ་མེད། ལྕགས་རིགས་མེ་རུ་བསྲེགས་ཏེ་རྫས་འགྱུར་བྱེད་ཤུགས་ བརྟག་དགོས་ཚེ། ཏི་ཚ་དང་ལྕགས། ཟངས་དང་ཞ་ཉེ་ལྟ་བུའི་ལྕགས་རིགས་ཀྱི་རྫས་འགྱུར་བྱེད་ཤུགས་དབྱེ་བ་འབྱེད་མི་ཐུབ། དེས་ན། བྱེད་ཐབས་གཞན་སྤྱད་དེ་ལྕགས་རིགས་དེ་ཚོའི་རྫས་འགྱུར་བྱེད་ཤུགས་རྟོགས་ཐུབ་པ་བྱེད་རྒྱུ་ཡིན།

ལྕགས་རིགས་དང་ཆུའི་རྫས་འགྱུར།[རྩོམ་སྒྲིག]

ལྕགས་རིགས་དང་ཆུ་རྫས་འགྱུར་བྱས་ཚེ། གྲུབ་རྫས་སུ་ལྕགས་རིགས་འཚོ་ལྡན་དང་ཡང་རླུང་བྱུང་བ་ཡིན། ཆུའི་ནང་བཞུ་ནུས་པའི་ལྕགས་རིགས་འཚོ་ལྡན་ཞིག་ཡིན་ཚེ། ཆུའི་ནང་བཞུས་ཏེ་ལྕགས་རིགས་ཡང་འཚོ་ཅན་གྲུབ་ཐུབ། འོན་ཀྱང། ལྕགས་རིགས་ཚང་མས་ཆུ་དང་རྫས་འགྱུར་བྱེད་མི་ཐུབ།

ལྕགས་རིགས། + ཆུ → ལྕགས་འཚོ་ལྡན། + ཡང་རླུང།
ལྕགས་རིགས་འཚོ་ལྡན། + ཆུ། → ལྕགས་རིགས་ཡང་འཚོ་ཅན།

དུག་སེལ་དང་བུལ་རྫས་ལྟ་བུའི་ལྕགས་རིགས་དང་ཆུ་གྲང་མོའ་ིརྫས་འགྱུར་བྱེད་ཤུགས་ཧ་ཅང་དྲག་ལ། དྲོད་ནུས་མང་པོ་ཕྱིར་གཏོང་བ་ཡིན་རྐྱེན། འདི་ལྟའི་རྫས་འགྱུར་ནས་གྲུབ་པའི་ཡང་རླུང་ལ་མེ་འབར་བ་ཡིན།

2K(s) + 2H2O(l) → 2KOH(aq) + H2(g) + དྲོད་ནུས།
2Na(s) + 2H2O(l) → 2NaOH(aq) + H2(g) + དྲོད་ནུས།

དཀར་ཤམ་ལྟ་བུའི་ལྕགས་རིགས་དང་ཆུའི་རྫས་འགྱུར་ནི་ཤུགས་ཆུང་ལ། དྲོད་ནུས་ཀྱང་མང་པོ་ཕྱིར་གཏོང་མི་ཐུབ་རྐྱེན། ཡང་རླུང་ལ་མེ་འབར་མི་ཐུབ།

Ca(s) + 2H2O(l) → Ca(OH)2(aq) + H2(g) + དྲོད་ནུས།

དཀར་ཤམ་དང་ཆུ་རྫས་འགྱུར་བྱས་རྗེས། དཀར་ཤམ་གྱི་ངོས་སུ་ཡང་རླུང་གི་ལྦུ་བ་མང་པོ་འཁོར་བ་ཡིན་རྐྱེན། དཀར་ཤམ་ཆུའི་གཏིང་དུ་བྱིངས་ཏེ་སྡོད་མི་ཐུབ་པར་ཆུ་ཁར་གཡེང་བ་ཡིན། དཀར་གཡའ་དང་ཆུ་གྲང་མོ་རྫས་འགྱུར་བྱེད་མི་ཐུབ། དཀར་གཡའ་དང་ཆུ་ཚ་པོ་རྫས་འགྱུར་བྱས་ཏེ། གྲུབ་རྫས་སུ་ལྕགས་རིགས་ཡང་འཚོ་ཅན་དང། ཡང་རླུང་གྲུབ་པ་དང། དཀར་གཡའི་ངོས་སུ་ཡང་རླུང་གི་ལྦུ་བ་མང་པོ་འཁོར་ཏེ། ཆུའི་ངོས་སུ་གཡེང་བ་ཡིན།

ཧ་ཡང་དང། ལྕགས། ཏི་ཚ་ལྟ་བུའི་ལྕགས་རིགས་ཀྱིས་ཆུ་གྲང་མོ་དང་ཚ་པོ་གཉིས་ཀ་མཉམ་དུ་རྫས་འགྱུར་མི་བྱེད། ལྕགས་རིགས་འདི་དག་གིས་རླངས་པ་མཉམ་དུ་རྫས་འགྱུར་བྱས་ཏེ་གྲུབ་རྫས་སུ་ལྕགས་རིགས་འཚོ་ལྡན་དང་ཡང་རླུང་བྱུང་བ་ཡིན།

2Al(s) + 3H2O(l) Al2O3(s) + 3H2(g)
3Fe(s) + 4H2O(l) Fe3O4(s) + 4H2(g)

ཞ་ཉེ་དང། ཟངས། གསེར། དངུལ་ལྟ་བུའི་ལྕགས་རིགས་ཀྱིས་ཆུ་མཉམ་དུ་རྫས་འགྱུར་རྩ་བ་ནས་མི་བྱེད་པ་ཡིན།

ལྕགས་རིགས་དང་སྐྱུར་གྱི་རྫས་འགྱུར།[རྩོམ་སྒྲིག]

ལྕགས་རིགས་དང་སྐྱུར་རྫས་འགྱུར་བྱས་ཚེ། གྲུབ་རྫས་སུ་ཚྭ་དང་ཡང་རླུང་བྱུང་།

ལྕགས་རིགས། + སྐྱུར་དཀྱུས་མ། → ཚྭ། + ཡང་རླུང།

ལྕགས་རིགས་དང་ཟེ་འཚུམ་སྐྱུར་(HNO3)རྫས་འགྱུར་བྱས་ཚེ། གྲུབ་རྫས་སུ་ཡང་རླུང་གྲུབ་མི་ཐུབ། གང་ཡིན་ཞེ་ན། ཟེ་འཚུམ་སྐྱུར་ནི་འཚོ་ལེན་བྱེད་པོོ་(Oxidising agent)ཤུགས་ཆེན་ཞིག་ཡིན་རྐྱེན། གྲུབ་རྫས་སུ་བྱུང་བའི་ཡང་རླུང་ལ་འཚོ་དོར་རྫས་འགྱུར་བྱུང་སྟེ་ཆུ་གྲུབ་པ་དང། ཟེ་འཚུམ་སྐྱུར་དེ་ཉིད་ལ་འཚོ་ལེན་རྫས་འགྱུར་བྱུང་སྟེ་ཟེ་རླུང་འཚོ་ལྡན་གང་རུང་(N2O, NO, NO2)ཞིག་ཏུ་འཕྲི་འགྱུར་བྱེད་པ་ཡིན། འོན་ཀྱང། དཀར་གཡའ་དང་མེང་ལྕགས་གཉིས་ཀྱིས་ཟེ་འཚུམ་སྐྱུར་དང་རྫས་འགྱུར་བྱས་ཏེ་གྲུབ་རྫས་སུ་ཡང་རླུང་འབྱུང་ཐུབ། དཀར་གཡའ་དང་སྐྱུར་གྱི་རྫས་འགྱུར་ནི། དྲོད་ཚད་མཐོ་ཤོས་དང། ལྦུ་བ་མགྱོགས་ཤོས་གྲུབ་ཐུབ་། དེས་ན། ལྕགས་རིགས་དེ་དག་དང་སྐྱུར་གྱི་རྫས་འགྱུར་བྱེད་ཤུགས་ནི་དཀར་གཡའ་ཆེ་ཤོས་དང། དེ་ནས་ཧ་ཡང། དེ་ནས་ཏི་ཚ། དེ་ནས་ལྕགས (Mg>Al>Zn>Fe) བཅས་རྫས་འགྱུར་བྱེད་ཤུགས་རིམ་ཆག་བཞིན་སྒྲིག་ཐུབ། ཡང་ཚྭའི་སྐྱུར་དཀྱུས་མའི་ནང་དུ་ཟངས་བླུགས་སྐབས། ལྦུ་བ་མི་འབྱུང་བ་དང། དྲོད་ཚད་ཀྱང་འགྱུར་བ་མེད་པ་ཡིན་རྐྱེན། ཟངས་དང་ཡང་ཚྭའི་སྐྱུར་དཀྱུས་མ་གཉིས་རྫས་འགྱུར་མི་བྱེད་པ་རྟོགས་ཐུབ།