རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།

ཡོང་ཁུངས་Wikipedia
       རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་དེ། རྨ་ཀླུང་དགུ་འཁྱིལ་གྱི་ཁུགས་པ་དང་པོའི་ས་རུ་ཡོད་ཅིང་། ཤར་ལྷོའི་ཕྱོགས་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་བསང་ཆུ་དང་ཀླུ་ཆུ། རྨ་ཆུ་བཅས་རྫོང་གསུམ་དང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྨ་ཆེན་རྫོང་དང་ཐག་ཉེ་བ་ཡིན་ལ། ནུབ་བྱང་གི་ཕྱོགས་ནི་མཚོ་སྔོན་མཚོ་ལྷོ་ཁུལ་གྱི་འབའ་རྫོང་དང་ཁྲི་ཀ་རྫོང་གཉིས་དང་། མཚོ་ཤར་ས་ཁུལ་གྱི་བ་ཡན་དང་ཡ་རྫི་རྫོང་གཉིས་ལ་འབྲེལ་ཡོད། གཞན་ཁུལ་མི་དམངས་སྲིད་གཞུང་ནི་རེབ་གོང་རྫོང་ཐོག་ཏུ་ཡོད་ཅིང་། ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ17921ཡོད།

   གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 黄南藏族自治州

ཕྱི་ཡིག་གི་མིང་། Tibetan Autonomous Prefecture of Huangnan

མིང་གཞན།

རྨ་ལྷོ་ཁུལ།

སྲིད་འཛིན་རིགས་དབྱེ།

རང་སྐྱོང་ཁུལ།

སྲིད་འཛིན་ཁོངས་གཏོགས།

ཀྲུང་གོ་མཚོ་སྔོན་ཞིང་ཆེན།

མངའ་ཁོངས།

རེབ་གོང་རྫོང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་བཅས་རྫོང་གསུམ་དང་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གཅིག་བཅས་ཡོད།

སྲིད་གཞུང་གནས་ཡུལ། རེབ་གོང་རྫོང་རོང་བོ་གྲོང་རྡལ།

ས་ཁོངས་ཀྱི་ཁ་པར་ཨང་རྟགས། 0973

སྦྲག་སྲིད་ཨང་རྟགས། 811399

ས་གནས། མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཡོད།

རྒྱ་ཁྱོན། སྟོང་སྨི་གྲུ་བཞི་མ་ཆིག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་ཡོད།

མི་གྲངས། ཉིས་འབུམ་དྲུག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་ཉེར་གཉིས་ཡོད། (སྤྱི་ལོ2015ལོར)

སྐད་རིགས། བོད་ཨ་མདོའི་སྐད།

གནམ་གཤིས། མཐོ་སྒང་ནམ་ཟླ།

མཛེས་ལྗོངས་གྲགས་ཅན། ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་། ལི་ཅ་ཞ་ཆུ་མཛོད། སྟོང་རི་ལྷ་མཚོ། རྒྱལ་ཁབ་རིམ་པའི་ཐང་གའི་མཛེས་ལྗོངས་ས་ཁུལ།

རླངས་འཁོར་ཨང་རྟགས། 青D

དཀར་ཆག

1   ངོ་སྤྲོད།

2   སྲིད་འཛིན་ཁོངས་དབྱེ།

3   རང་བྱུང་ཐོན་ཁུངས།

3.1 ས་ཞིང་ཐོན་ཁུངས།

3.2 རི་ཆུ་ནགས་སོགས་ཀྱི་ཐོན་ཁུངས།

3.3 སྐྱེ་དངོས་ཐོན་ཁུངས།

4   ས་ཁམས་ཁོར་ཡུག

4.1 ས་གནས།

4.2 ས་བབ།

4.3 གནམ་གཤིས།

5   མི་གྲངས་དང་མི་རིགས།

5.1 མི་གྲངས།

5.2 མི་རིགས།

6   འགྲིམ་འགྲུལ་སྐྱེལ་འདྲེན།

7   དཔལ་འབྱོར།

8   སྤྱི་ཚོགས།

8.1 རིག་གནས་ལས་དོན།

8.2 སྨན་བཅོས་ལས་དོན།

8.3 སློབ་གསོའི་ལས་དོན།

8.4 སྤྱི་ཚོགས་འགན་སྲུང་།

9   མཛེས་ལྗོངས་གྲགས་ཅན།

9.1 རྩེ་ཁོག་རྫོང་གི་རྒྱལ་ཁབ་རིམ་པའི་དམེ་ཤུལ་ནགས་ཚལ།

9.2 གཅན་ཚ་རྫོང་གི་ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་།

10   ཆོས་སྡེ་གྲགས་ཅན།

1 ངོ་སྤྲོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་སྤྱི་ལོ1953ལོའི་ཟླ12པའི་ཚེས22ཉིན་དངོས་སུ་བཙུགས་པ་དང་། དེའི་ཤར་བྱང་ཕྱོགས་ནི་མཚོ་ཤར་ས་ཁུལ་གྱི་དཔའ་ལུང་རྫོང་དང་ཞོན་ཧྭ་རྫོང་གཉིས་དང་འབྲེལ་ལ། ཤར་ཕྱོགས་སུ་ཀན་སུའུ་ཞིང་ཆེན་གྱི་གཙོས་བོད་རིགས་རང་སྐྱོང་ཁུལ་གྱི་བསང་ཆུ་དང་། རྨ་ཆུ། ཀླུ་ཆུ་བཅས་རྫོང་གསུམ་དང་འབྲེལ། ནུབ་བྱང་དང་ནུབ་ལྷོའི་ཕྱོགས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་། འབའ་རྫོང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་དང་འབྲེལ་ཡོད། ཁུལ་ནས་ཟི་ལིང་བར་དུ་སྤྱི་ལེ181ཡོད། ཁུལ་ཡོངས་སུ་མི་གྲངས268822ཡོད་ལ། དེའི་ཁྲོད་ལས་བོད་རིགས་མི་གྲངས184575དང་། སོག་རིགས་མི་གྲངས37579དང་། ཧོས་རིགས17396ཡོད་པས་དེ་དག་གིས་སྤྱིའི་མི་གྲངས་ཀྱིས93.8%ཟིན་ཡོད།

རྨ་ལྷོ་ཁུལ་གྱི་ཁོངས་གཏོགས་སུ་གྱུར་བའི་རེབ་གོང་རྫོང་ནི་ལྷ་རིས་སྒྱུ་རྩལ་གྱི་ཕ་ས་སྟེ། ཡུལ་དེར་ཐང་ཀ་དང་། གོས་དྲུབ། གཙག་དྲུབ་གཙོས་ལྡེབས་རིས་དང་། འཇིམ་བཟོ། པར་བརྐོ། བཟོ་སྐྲུན་རྒྱན་རིས་སོགས་ཀྱི་ལག་ཤེས་པ་མང་བོ་བྱུང་བ་དང་། ཕ་མེས་ཡང་མེས་ནས་བརྒྱུད་འོང་བའི་ཤུལ་བཞག་རིག་གནས་རེབ་གོང་དྲུག་པའི་ཀླུ་རོལ་སོགས་དམངས་སྲོལ་རིག་གནས་མ་ཉམས་པར་གནས་ཡོད། གཞན་ཡང་མ་དགོན་བཀྲ་ཤིས་འཁྱིལ་དང་། རོང་བོ་བདེ་ཆེན་ཆོས་འཁོར་གླིང་། རེབ་གོང་གྲུབ་གནས་བརྒྱད་སོགས་གསར་རྙིང་གི་དགོན་སྡེ་མང་བོ་ཚར་དུ་དངར་ཡོད།

གཅན་ཚ་རྫོང་ནི་མདའ་མོ་གཡང་གི་ཕ་ས་སྟེ། ཡུལ་དེར་དམངས་ཁྲོད་ཀྱི་མདའ་རྩེད་ཆེས་ཆེར་དར་ལ། མི་རྒྱུད་ནི་ཡུལ་དེའི་ངག་རྒྱུན་དུ་བཙན་པོའི་དམག་གི་གདུང་རྒྱུད་དུ་བཤད། གནས་དེ་ནི་བོད་ཀྱི་མཁས་པ་མི་གསུམ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་བསྟན་པའི་མེ་རོ་གསོ་སའི་གནས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་མ་ཟད། དེར་ཨ་ཆུང་གནམ་རྫོང་དང་། ལོ་རྡོ་རྗེ་བྲག  རྨ་མགུར་རྣམ་རྒྱལ་གླིང་། ལ་མོ་བདེ་ཆེན་ཆོས་འཁོར་གླིང་སོགས་གསར་རྙིང་གྲུབ་མཐའ་གཉིས་ཀྱི་སྒྲུབ་སྡེ་མང་བོ་ཡོད་ལ། ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཡང་ཡོད།

རྩེ་ཁོག་རྫོང་ནི་རྨ་ལྷོ་ཁུལ་དུ་ཕྱུགས་ལས་འཚོ་སྐྱོང་བྱེད་པའི་རྫོང་ཞིག་ཡིན་ལ།  བཅིངས་འགྲོལ་ཡར་སྔོན་དུ་རེབ་གོང་ཤོག་ཁ་བཅུ་གཉིས་ཀྱི་ཡ་གྱལ་དུ་གནས་ཤིང་། རེབ་གོང་རོང་འབྲོག་ཅེས་གཞིས་གནས་གཅིག་ལས་གྱེས་པའི་ལོ་རྒྱུས་ད་ལྟའི་བར་དུ་མ་ཉམས་པར་ཡོད། ཡུལ་དེར་ཧོར་བཀའ་བསྟན་རྡོ་བརྩིགས་དང་། དམེ་ཤུལ་རྒྱལ་ཁབ་རིམ་པའི་ནགས་ཚལ། ཕ་མཐའ་མི་མངོན་པའི་ཡངས་པའི་རྩྭ་ཐང་སོགས་ཡོད་པས་གནས་སྐོར་བའི་ཡིད་ཀྱི་དང་བ་འདྲེན་པ་དང་། གཞན་ཡང་རྙིང་མའི་དགོན་སྡེ་དང་གྲུབ་གནས་སོགས་ཀྱང་མང་བོ་ཡོད།

རྨ་ལྷོ་སོག་རྫོང་ནི་རྨ་ལྷོ་ཁུལ་གྱི་སོག་རིགས་རང་སྐྱོང་རྫོང་ཡིན་ལ། ལོ་རྒྱུས་སྟེང་རྨ་ཕ་རུའི་སོག་པོའམ་ཧོ་ནན་མོང་ཆི(河南蒙旗 )ཟེར། དུས་རབས་བཅུ་གསུམ་པར་ཐ་ལམ་བྱེ་ཐང་ཆེན་མོའི་ལྷོ་རྒྱུད་སོག་པོ་ཐུ་མེད་དར་ཝོ་སྡེ་བ་འདི་རུ་དམག་སྡོད་གཞིས་ཆགས་པ་དང་། དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་ནུབ་ཕྱོགས་སོག་པོ་ཨོ་རོད་ཧོ་ཐོན་དང་ཐོར་གོད་སྡེ་བ། ཐང་ལམ་བྱེ་ཐང་ཆེན་མོའི་ལྷོ་རྒྱུད་ཀྱི་སོག་པོ་ཐུ་མེད་ཧོ་ལོ་ཆི་སྡེ་བ་བཅས་ཞིན་ཆང་བོའུ་ལོས་མོས་ཆི་ཕྱོགས་ནས་རིམ་བཞིན་མཚོ་ལྷོ་བརྒྱུད་ནས་ཡོང་བ་ནི་རྫོང་འདིའི་སོག་པོའི་སྔ་རབས་པ་ཡིན་པར་བཤད། ཡུལ་འདིར་སོག་པོའི་"ནཱ་ཏམ་"དུས་ཆེན་ཞེས་རྟ་རྒྱུག་དང་ས་སྒྱེ་འདེགས་པ་སོགས་འདུས་པའི་རིག་རྩལ་བྱ་འགུལ་མིང་དུ་གྲགས་པ་ཞིག་ཡོད།

2 སྲིད་འཛིན་ཁོངས་དབྱེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རེབ་གོང་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། རྨ་ལྷོ་སོག་རྫོང་བཅས་རྫོང་ཁག་4དང་། ཡུལ་ཚོ28དང་གྲོང་རྡལ8བཅས་ཡོད།

ཁོངས་དབྱེ། ས་ཁྱོན། མི་གྲངས།

རེབ་གོང་རྫོང་། སྤྱི་ལེ་གྲུ་བཞི་མ3275 ཁྲི8.9

གཅན་ཚ་རྫོང་། སྤྱི་ལེ་གྲུ་བཞི་མ1714  ཁྲི5.57

རྩེ་ཁོག་རྫོང་། སྤྱི་ལེ་གྲུ་བཞི་མ6494  ཁྲི7.5

རྨ་ལྷོ་སོག་རྫོང་། སྤྱི་ལེ་གྲུ་བཞི་མ6250 ཁྲི4

3 རང་བྱུང་ཐོན་ཁུངས།

3_1 ས་ཞིང་ཐོན་ཁུངས། 2015ལོར། ཁུལ་ཡོངས་སུ་རྨོ་འདེབས་རྒྱ་ཁྱོན་སྤྱི་ཆིངས17935ཡོད་ལ། འབྲུ་འདེབས་རྒྱ་ཁྱོན་ལ་སྤྱི་ཆིངས7988ཡོད་པ་དང་། གྲོ་འདེབས་རྒྱ་ཁྱོན་ལ་སྤྱི་ཆིངས4757.7ཡོད། ཞོག་ཁོག་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིངས1193.6ཡོད། ནས་འདེབས་རྒྱ་ཁྱོན་ལ་སྤྱི་ཆིངས1357ཡོད།  སྔོ་ཚལ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིངས487.6ཡོད།

3_2 རི་ཆུ་ནགས་སོགས་ཀྱི་ཐོན་ཁུངས། རྨ་ལྷོ་ཁུལ་དུ་རི་བོ་གྲགས་ཅན་མང་བོ་ཡོད་པ་སྟེ། རེབ་གོང་རྫོང་དུ་ཨ་མེས་བྱ་ཁྱུང་དང་། སྟག་ལུང་རི་བོ། གཅན་ཚ་རྫོང་དུ་སྲིན་པོ་རྫ་རྒན་དང་། བསེ་ཆེན་རི་བོ།  རྩེ་ཁོག་རྫོང་དུ་འབའ་ཡི་མཐོན་པོ་བཅུ་གསུམ་དང་། རྩེ་དྲུག་སྙིང་བདུན། རྨ་ལྷོ་སོག་རྫོང་དུ་ཨ་མྱེས་སྲས་མཆོག་དང་།  ཀླུའི་ཆབ་བྲག་སོགས་མང་བོ་ཡོད་པ་རེད། ཆུ་བོ་གྲགས་ཅན་ལ། རྨ་ཆུ་དང་། རོང་བོ་དགུ་ཆུ། རྩེ་ཆུ་སོགས་ཡོད། ཆུ་ཚན་གྲགས་ཅན་ལ། རེབ་གོང་རྫོང་གི་མདོ་བ་ཆུ་ཁོལ་དང་། བློན་ཆོས་ཆུ་ཁོལ་གཉིས་ཡོད། ནགས་ཚལ་གྲགས་ཅན་ལ། རེབ་གོང་རྫོང་དུ་དཔྱི་ས་ནགས་ཚལ་དང་། ཞོ་འོང་ནགས་ཚལ། བློན་ཆོས་ནགས་ཚལ་ཡོད་ལ། གཅན་ཚ་རྫོང་དུ་ཁམས་རའི་ནགས་ཚལ་དང་། ལོ་བ་ནགས་ཚལ། གདོང་མགོ་ནགས་ཚལ་ཡོད། རྩེ་ཁོག་རྫོང་དུ་དམེ་ཤུལ་ནགས་ཚལ་བཅས་ཡོད།

3_3 སྐྱེ་དངོས་ཐོན་ཁུངས། ཞིང་ལས་འདེབས་འཛུགས་གཙོ་བོར་གྲོ་ནས་སྲན་གསུམ་དང་། ཞོག་ཁོག ཀེ་ཚེ་བཅས་ཡོད། རི་སྐྱེས་སྲོག་ཆགས་ལ་གཙོད་དང་། ཤྭ་བ་ཁ་སྐྱ། ཆུ་སྲམ། གསའ་གཟིག ཝ་མོ། རྫ་ཁ་གོང་ཡག་སོགས་ཡོད།  རྩྭ་སྨན་གྱི་རིགས་ལ་དབྱར་རྩྭ་དགུན་འབུ་དང་། ལྕུམ་རྩྭ། མེ་ཏོག་གངས་ལྷ་སོགས་ཡོད།      

4 ས་ཁམས་ཁོར་ཡུག

4_1 ས་གནས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་མཚམས་ཏེ་རྨ་ཆུའི་ཁུགས་པ་དགུ་ལྡན་གྱི་ཁུགས་སོ་དང་པོར་ཆགས་ཡོད། སའི་གོ་ལའི་གཞུང་ཐིག་ཤར་མ100°34ˊཡི་མཚམས་ནས102°23ˊགྱི་མཚམས་དང་། འཕྲེད་ཐིག་བྱང་མའི34°03ˊཡི་མཚམས་ནས36°10ˊཡི་མཚམས་སུ་གནས་ཡོད།  ཁུལ་སྲིད་གཞུང་ནི་རེབ་གོང་རྫོང་རོང་བོ་གྲོང་རྡལ་དུ་ཆགས་ཡོད་ལ། དེ་ནས་ཟི་ལིང་བར་དུ་སྤྱི་ལེ182ཡོད། ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.854ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི2.63%ཟིན་ཡོད།

4_2 ས་བབ། རང་སྐྱོང་ཁུལ་གྱི་ས་བབ་ནི་ལྷོ་མཐོ་ཞིང་བྱང་དམའ་ལ། ལྷོ་ཕྱོགས་ཀྱི་རྩེ་ཁོག་རྫོང་དང་། རྨ་ལྷོ་སོག་རྫོང་གཉིས་ནི་མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་དུ་གཏོགས་ལ། མཚོ་ངོས་ལས་མཐོ་ཚད་རྨིད3500ཡན་ཡིན། བྱང་རྒྱུད་ནི་གཅན་ཚ་རྫོང་དང་། རེབ་གོང་རྫོང་གཉིས་ཡིན་ལ། མཚོ་ངོས་ལས་མཐོ་ཚད་ནི་སྨི1900-4118བར་ཡིན།

4_3 གནམ་གཤིས། རྨ་ལྷོ་ཁུལ་གྱི་གནམ་གཤིས་ནི་མཐོ་སྒང་གི་སྐམ་ས་རང་བཞིན་གྱི་གནམ་གཤིས་ལ་གཏོགས་པ་དང་། ཁུལ་ཡོངས་ཀྱི་ཆ་སྙོམས་ཀྱི་དྲོ་གྲང་ནི-0.9℃ནས8.5℃བར་ཡིན། ཁུལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཆར་ཆུའི་འབབ་ཚད་ནི་ཧོ་རྨིད329.0ནས505.0བར་ཡིན།

5 མི་གྲངས་དང་མི་རིགས།

5_1 མི་གྲངས། ཁུལ་ཡོངས་སུ་རྒྱུན་སྡོད་མི་གྲངས256716ཡོད་ལ། དེའི་ཁྲོད་སྐྱེས་པ130194ཡོད་པ་དང་།  དེས50.72%ཟིན། སྐྱེས་མ126522ཡོད་པ་དང་། དེས49.28%ཟིན།

5_2 མི་རིགས། རྨ་ལྷོ་ཁུལ་གྱི་རྒྱུད་སྡོད་མི་གྲངས་ཁྲོད། རྒྱ་རིགས་མི་གྲངས15617ཡོད་ཅིང་། དེས6.08%ཟིན། རིགས་སོ་སོའི་གྲངས་ཉུང་མི་རིགས་མི་གྲངས241099ཡོད་ཅིང་། དེས 93.92%ཟིན། དེ་ལས་བོད་རིགས་མི་གྲངས178841ཡོད་ལ། 68.55%ཟིན། ཧོས་རིགས16957ཡོད་ལ། 6.52%ཟིན། ཧོར་རིགས་མི་གྲངས10027ཡོད་ལ། 3.91%ཟིན། ཟ་ལར་རིགས་མི་གྲངས1696ཡོད་ལ། དེས0.66%ཟིན། སོག་རིགས་མི་གྲངས35894ཡོད་ལ། 13.98%ཟིན། གྲངས་ཉུང་མི་རིགས་གཞན་པ་མི་གྲངས763ཡོད་ལ། 0.3%ཟིན།

6 འགྲིམ་འགྲུལ་སྐྱེལ་འདྲེན། རྨ་ལྷོ་ཁུལ་གྱི་འགྲིམ་འགྲུལ་ནི་ཁུལ་སྲིད་གཞུང་གནས་ཡུལ་གྱི་རོང་བོ་གྲོང་རྡལ་དང་རྨ་ལྷོའི་མངའ་ཁོངས་ཀྱི་རྩེ་ཁོག་དང་། གཅན་ཚ། རྨ་ལྷོ་སོག་རྫོང་གསུམ་གྱི་རྫོང་མཁར་གཙོ་བོར་བྱས་ཏེ། སོ་སོར་རོང་བོ་ནས་ཧོར་ནག་བར་གྱི་གཞུང་ལམ་དང་།   རོང་བོ་ནས་བློན་ཆོས་བར་གྱི་གཞུང་ལམ། རོང་བོ་ནས་རྒྱལ་བོ་བར་གྱི་གཞུང་ལམ། མར་ཁུ་ཐང་ནས་ཚོ་དྲུག་བར་གྱི་གཞུང་ལམ། མར་ཁུ་ཐང་ནས་གདོང་སྣ་བར་གྱི་གཞུང་ལམ། བྱ་དར་ནས་ཉིན་ཤུག་བར་གྱི་གཞུང་ལམ།  རྡོ་དཀར་ནས་རྟ་རྒྱུག་ཐང་བར་གྱི་གཞུང་ལམ། རྩེ་ཁོག་ནས་འབའ་རྫོང་བར་གྱི་གཞུང་ལམ་སོགས་ཁུལ་ནང་ཁུལ་གྱི་གཞུང་ལམ་གཙོ་བོ་དག་ཕན་ཚུན་འབྲེལ་ནས་ཡོད་ལ། ཁུལ་སྲིད་གཞུང་གི་གནས་ཡུལ་རེབ་གོང་རྒྱང་བསྐྱོད་རླངས་འཁོར་འབབ་ཚིགས་ཀྱིས་ཉིན་རེར་ཁུལ་ནང་ཁུལ་དང་ཉེ་འབྲེལ་གྱི་རྫོང་དང་གྲོང་ཁྱེར་དང་རྫོང་ཁག་ལ་འགྲུལ་འཁོར་གཏོང་བཞིན་ཡོད། མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་ཟི་ལིང་དང་། ཧོང་ཀྲུང་། ཧུའུ་ཀྲུའུ་སོགས་གྲོང་ཁྱེར་ལ་འགྲུལ་འཁོར་ཡོད་ལ། ཞིང་ཆེན་ཕྱི་རུ་ཀན་སུའུ་ཀ་ཆུ་དང་བསང་ཆུ་སོགས་ལའང་འགྲུལ་འཁོར་ཡོད། དེ་ལས་གཞན། ཁུལ་སྲིད་གཞུང་གནས་སའི་རེབ་གོང་ནས་སྔོ་རྒྱའི་འགག་དང་། ཀན་སུའུ་བསང་ཆུ་ལ་གནས་སྐོར་ཆེད་སྤྱོད་ཀྱི་གཞུང་ལམ་ཡོད།

7 དཔལ་འབྱོར། སྤྱི་ལོ2015ལོར་ས་ཁུལ་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར30ཡིན་ལ། སོ་སོར་སྒོར་དུང་ཕྱུར72.75དང་། སྒོར་དུང་ཕྱུར76.32ལ་སླེབས། ལོ་སྔོན་མ་ལས7%དང17.9%འཕར། སྤྱི་ཚོགས་སིལ་ཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར8ལས་བརྒལ་བ་དང་། སྒོར་དུང་ཕྱུར8.46ལ་སླེབས་པས་ལོ་སྔོན་མ་ལས11.5%འཕར།

8 སྤྱི་ཚོགས།

8_1 རིག་གནས་ལས་དོན། རྨ་ལྷོར་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ4ཡོད་ལ། རིག་གནས་ཁང5ཡོད། དཔེ་མཛོད་ཁང5ཡོད། གློག་རླབས་འབྲིང་ཐུང་གི་རྒྱང་སྒྲོག་འཕྲིན་གཏོང་ས་ཚིགས2ཡོད། བརྙན་འཕྲིན་འཕྲིན་གཏོང་ས་ཚིགས1ཡོད་ལ། བརྙན་འཕྲིན་ཁེབས་ཚད91.14%ཡིན། སྐུད་ལྡན་རྒྱང་སྒྲོག་བརྙན་འཕྲིན་སྤྱོད་མཁན20390 ཡོད་པ་རེད།

8_2 སྨན་བཅོས་ལས་དོན། སྤྱི་ལོ2015ལོར་རྨ་ལྷོ་ཁུལ་དུ་འཕྲོད་བསྟེན་ལས་ཁུངས68ཡོད། དེ་ལས་ཕྱོགས་བསྡུས་སྨན་ཁང4དང་བོད་སྨན་ཁང4ཡོད། ཆེད་ཚན་རིམས་འགོག་ཁང1ཡོད། རིམས་ནད་སྔོན་འགོག་ལྟེ་གནས5ཡོད། བརྟག་བཅོས་ཁང9དང་། འཕྲོད་བསྟེན་ལྟ་རྟོག་ཁང5དང་། ཕྲག་ལེན་ཁང1དང་། ཞང་དང་འཕྲོད་བསྟེན་ཁང39ཡོད།

8_3 སློབ་གསོའི་ལས་དོན། ཁུལ་ཡོངས་ལ་སློབ་གྲྭ་སྣ་ཚོགས250ཡོད་པ་དང་། སློབ་སྡོད་སློབ་མ52801ཡོད།(དེར་བུ་བཅོལ་ཁང་དང་ལས་རིགས་སློབ་གྲྭ་འདུ)ལོ་ཧྲིལ་བོའི་ནང་འབྲིང་རིམ་ཆེད་ལས་སློབ་གྲྭར་སློབ་མ845བསྡུ་བ་དང་། མཐར་ཕྱིན་སློབ་མ738ཡོད། སློབ་སྡོད་སློབ་མ2195ཡོད། སྤྱིར་བཏང་སློབ་འབྲིང་དུ་སློབ་མ5507བསྡུ་བ་དང་།  མཐར་ཕྱིན་སློབ་མ5098ཡོད། སློབ་སྡོད་སློབ་མ16116ཡོད། སློབ་ཆུང་དུ་སློབ་མ4447བསྡུ་བ་དང་།  མཐར་ཕྱིན་སློབ་མ3907ཡོད། སློབ་སྡོད་སློབ་མ25816ཡོད། སློབ་ལོ་རན་པའི་བྱིས་པ་སློབ་ཞུགས་ཀྱི་ཚད99.1%ཡིན།

8_4 སྤྱི་ཚོགས་འགན་སྲུང་། སྤྱི་ལོ2015ལོའི་ལོ་མཇུག་ཏུ་གཞི་རྩའི་རྒན་གསོ་ཉེན་སྲུང་དུ་ཞུགས་པའི་མི་གྲངས14715ཡོད། མཁར་རྡལ་ལས་བཟོ་བའི་གཞི་རྩའི་སྨན་བཅོས་ཉེན་སྲུང་དུ་ཞུགས་པའི་མི་གྲངས19277ཡོད། མཁར་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད3.2%ཡིན། ལུགས་གསར་ཞིང་སྡེའི་མཉམ་ལས་སྨན་བཅོས་སུ་ཞུགས་ཚད99.62%ལ་སླེབས་ཡོད།

9 མཛེས་ལྗོངས་གྲགས་ཅན།

9_1 རྩེ་ཁོག་རྫོང་གི་རྒྱལ་ཁབ་རིམ་པའི་དམེ་ཤུལ་ནགས་ཚལ། དམེ་ཤུལ་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། ཁུལ་སྲིད་གཞུང་གནས་སའི་རོང་བོ་གྲོང་རྡལ་ནས་སྤྱི་ལེ32ཡོད། དེ་ནི་གདོད་མའི་ནགས་ཚལ་གྱི་རང་བྱུང་མཛེས་ལྗོངས་ཁུལ་ཞིག་ཡིན་ལ། མཛེས་ལྗོངས་ཁུལ་ནང་དུ་རི་བོའི་ཚོགས་ནི་མངོན་པར་མཐོ་ལ། ནགས་ཀྱི་ཁེབས་རྒྱ་ཆེ་ཞིང་། ཆུ་བོ་ལྷུང་ལྷུང་དུ་འབབ་པ། བྱ་བྱེའུ་སྐད་སྙན་དང་མེ་ཏོག་དྲི་བསུང་གིས་རྣམ་པར་ཁྱབ་ཡོད། ནགས་ཁུལ་དུ་ལྕུམ་རྩྭ་དང་། དབྱར་རྩྭ་དགུན་འབུ། མེ་ཏོག་གངས་ལྷ་སོགས་སྨན་སྣ་རྩ་ཆེན་དང་གངས་གཟིག རྫ་ཁ་གོང་མོ་སོགས་མཐོང་དཀོན་པའི་སྲོག་ཆགས་ཡོད་པས་མཐོ་སྒང་གི་སྐྱེ་དངོས་སྲུང་སྐྱོང་ཁུལ་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ནགས་ཚལ་སྤྱི་གླིང་དུ་ཆོག་མཆན་བཀོད་ཡོད།

9_2 གཅན་ཚ་རྫོང་གི་ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་། ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། དེའི་ཤར་ཕྱོགས་ནས་ཟི་ལིང་བར་སྤྱི་ལེ131ཡོད། ནུབ་ཕྱོགས་ནས་གཅན་ཚ་རྫོང་མཁར་བར་སྤྱི་ལེ50ཡོད། མཛེས་ལྗོངས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ152ཡོད་པ་དང་། ཆ་སྙོམས་བྱས་ན་མཚོ་ངོས་ལས་མཐོ་ཚད་སྨི2500ཡོད། ལོ་རེའི་ཆ་སྙོམས་ཀྱི་དྲོ་གྲང་ནི20℃རེད། ཆེས་དམའ་བའི་དྲོ་གྲང་ནི-11℃རེད། ཁམས་ར་རྒྱལ་ཁབ་རིམ་པའི་སྤྱི་གླིང་ནི་མཚམས་སྤྲིན་མདངས་ལྟར་དམར་བའི་སའི་ཁ་མདོག་དང་། ནགས་ཚལ་གྱིས་ཡོངས་སུ་བརྒྱན་པ། ཆོས་ལུགས་རིག་གནས་དང་གློག་ཚིགས་ཆུ་རགས། བོད་ཀྱི་དམངས་སྲོལ་བཅས་ཀྱིས་གྲུབ་པ་ཞིག་ཡིན།

ལྗོངས་ཁུལ་ནང་དུ་རྒོད་པོ་རྫོང་དང་། གནས་སྤོ་རྫོང་། བ་ཤིང་རྫོང་། ཁྲ་ཤིང་ མཆུ་རྫོང་། ཇོ་མོ་རྫོང་། རྔ་རྫོང་། ར་གཞི་རྫོང་། མགོན་པོ་རྫོང་། ལམ་འཕྲང་རྫོང་། རྟ་རྫོང་། སྡེ་བརྒྱད་རྫོང་། འུག་རྫོང་། སྨུག་པོ་རྫོང་། ལ་རིང་རྫོང་། ནོར་རྫོང་། ལུག་རྫོང་། སེར་མོ་རྫོང་། ཟོར་རྫོང་བཅས་རྫོང་ཆེན་བཅོ་བརྒྱད་ཡོད་པ་དང་། ཨ་ཆུང་གནམ་རྫོང་། གསར་རྙིང་གི་དགོན་སྡེ་སོགས་ཚར་དུ་བསྟར་ཡོད།

10 ཆོས་སྡེ་གྲགས་ཅན།

རེབ་གོང་རྫོང་དུ་མིང་དུ་གྲགས་པའི་དགོན་པ་ལ་མ་དགོན་བཀྲ་ཤིས་འཁྱིལ་དང་། རོང་བོ་དགོན་ཆེན། གཉན་ཐོག་དགོན་པ། སེང་གེ་གཤོང་ཡ་མགོ་མ་མགོ་དགོན་པ། སྒོ་དམར་དགོན་པ། རྐ་སར་དགོན་པ། ཤ་སྦྲང་དགོན་པ། གཡེར་གཤོང་དགོན་པ།  རོང་བོ་དགོན། སྤེན་དཀར་ཐང་དགོན་པ། སྒེའུ་སྟེང་དགོན་པ། དགོན་ལ་ཁ། མག་སར་དགོན་པ། བོན་བརྒྱ་དགོན་པ། རྫོང་དཀར་དགོན་པ། རྫོང་སྔོན་དགོན་པ་སོགས་དགོན་པ་སོ་གསུམ་ལྷག་ཙམ་ཡོད།

གཅན་ཚ་རྫོང་དུ་ལ་མོ་བདེ་ཆེན་དགོན་པ་དང་། རྨ་མགུར་རྣམ་རྒྱལ་གླིང་། ཨ་ཆུང་གནམ་རྫོང་། ལྷ་རི་དགོན་པ། རྫོང་ནང་དགོན་པ། དགུ་རོང་དགོན་པ། གསང་འབྲོག་དགོན་པ། ཀོའུ་བ་དགོན་པ། ངང་རོང་དགོན་པ། རྔ་སྒར་དགོན་པ། གྱེར་སྟེང་དགོན་པ། ཁྲུས་ཀ་དགོན་པ། སྒར་ཁ་དགོན་པ་སོགས་ཡོད་ལ། གཞན་ཡང་རྙིང་དགོན་གསང་སྔགས་དར་རྒྱས་གླིང་སོགས་མང་བོ་ཡོད།

རྩེ་ཁོག་རྫོང་དུ་རྫོང་དམར་དགོན་པ་དང་། དཔྱི་ས་བཀའ་གདམས་དགེ་བྱེད་གླིང་། ཆུ་དམར་དགོན་པ། མཚམས་ཐོག་དགོན་པ། རྡོ་རྗེ་རྫོང་དགོན་པ། མགར་རྩེ་དགོན་པ། དམེ་ཤུལ་སྔགས་དགོན། སྤང་ཡག་དགོན་པ་གྲུབ་དབང་རི་སྒོམ་ཚང་གིས་ཕྱག་བཏབ།དུས་འགྱུར་རྗེས་ཞིག་གསོ་བྱས་མེད་པས་ད་ལྟ་ཤུལ་ཙམ་ལས་མེད། སོ་ནག་དགོན། མགོ་དགེ་དགོན། གསེར་ལུང་དགོན་པ། དཔྱི་ས་རིག་འཛིན་ཆོས་འཕེལ་གླིང་སོགས་ཡོད།

རྨ་ལྷོ་སོག་རྫོང་དུ་ལཱ་ཁ་དགོན་པ་དང་། ཨུ་རྒེ་དགོན་པ། ཤིང་བཟའ་དགོན་པ། མདའ་ཚན་དགོན་པ། གཙང་དགོན་པ་བཅས་ཡོད།

(རྨ་མགུར་སངས་རྒྱམ་གྱིས་ནང་འཇུག་བྱས།)