རྙིང་མ་པ།

ཡོང་ཁུངས་Wikipedia
པདྨ་འབྱུང་གནས།

གསང་སྔགས་རྙིང་མའི་ཆོས་བརྒྱུད་པ་རྣམས་ལ་རྙིང་མ་པ་ཞེས་པ་ཡིན། ཉམས་ལེན་གྱི་གཙོ་བོ་བོད་ཀྱི་ལོ་ཙཱ་བ་ཐོག་མ་ཐོན་མི་སམྦྷོ་ཊ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་ཡན་ལ་བསྒྱུར་པའི་མདོ་སྔགས་ཀྱི་གཞུང་ལུགས་ཁག་སྟེ་རིང་བརྒྱུད་བཀའ་མ་དང་། ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གཏེར་དུ་སྦས་ཤིང་ཕྱིས་ཀྱི་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་གདན་དྲངས་པའི་ཟབ་ཆོས་བླ་རྫོགས་ཐུགས་གསུམ་སོགས་ཉེ་བརྒྱུད་གཏེར་མའི་ཆོས་སྐོར་གྱི་ཉམས་ལེན་གཙོ་ཆེར་མཛད།

གསང་སྔགས་རྙིང་མ་པའི་ཐུན་མིན་ལྟ་གྲུབ།[རྩོམ་སྒྲིག]

ཉན་ཐོས་ཐེག་པ་ནས་བཟུང་སྟེ་ཡང་གསང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བར་གང་ཟག་དབང་པོའི་རིམ་པ་དང་མཐུན་པར་རིམ་དགུ་ཐེག་པའི་རྣམ་གྲངས་སོ་སོའི་སྐབས་སུ་ཆོས་ཅན་ལྟ་བའི་ལྟ་བ་དང་། ཆོས་ཉིད་ལྟ་བའི་ལྟ་བ་དང་། རང་རིག་ལྟ་བའི་ལྟ་བ་གསུམ་རེའི་སྒོ་ནས་གཏན་ལ་ཕབ་ཏེ་གྲུབ་མཐའི་འཇོག་ལུགས་མདོ་རྒྱུད་སོ་སོའི་དགོངས་དོན་དང་མཐུན་པར་མཛད་པ་རྣམས་གསང་སྔགས་རྙིང་མའི་ཐུན་མིན་གྱི་ལྟ་གྲུབ་འཛིན་སྟངས་ཡིན། འདི་དག་གི་སྐོར་ནང་རྒྱུད་བླ་མེད་ཀྱི་ཆོས་སྐོར་རྣམས་སུ་རྒྱ་ཆེར་བསྟན་ཅིང་། ཀུན་མཁྱེན་རོང་ཟོམ་མ་ཧཱ་པཎྜི་ཏ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་། ཀུན་མཁྱེན་འཇིགས་མེད་གླིང་པ། ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་བཅས་ཀྱིས་མཛད་པའི་རྒྱལ་བའི་བཀའི་དགོངས་འགྲེལ་ཁག་ཏུའང་གསལ་རྒྱས་རྫོགས་གསུམ་གྱིས་གཏན་ལ་ཕབ་ཡོད།

གསང་སྔགས་རྙིང་མ་པའི་ཆོས་སྡེ་ཁག[རྩོམ་སྒྲིག]

བོད་དུ་གསང་སྔགས་རྙིང་མའི་ཆོས་སྡེ་གྲགས་ཆེ་བ་ཁག་ལ། སྔོན་ཟུར་པའི་བཤད་གྲྭ་འུག་བྱང་ལུང་པ་ཡིན་ཡང་། ཕྱིས་སུ་སྟོད་ན་རྡོར་སྨིན། བར་ན་ཞེ་རྫོགས། སྨད་ན་ཀཿདཔལ་ཞེས་གྲགས་པ་ལྟར། བོད་དུ་གཙོ་ཆེ་བ་མ་དགོན་དྲུག་ཏུ་གྲགས་པ་སྟེ། རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་དང་། ཞེ་ཆེན་དང་། རྫོགས་ཆེན་དང་། ཀཿཐོག་དང་། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་བཅས་དང་། གཞན་ཡང་། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་། ཡ་ཆེན་སྒར་སོགས་དེང་སང་གྲགས་ཆེ་བའི་ཆོས་སྡེ་ཧ་ཅང་མང་།

བལ་ཡུལ་དུ་སེར་དགོན་བཤད་སྒྲུབ་ཟུང་འབྲེལ་གླིང་དང་། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དང་། ཐུབ་བསྟན་ཆོས་གླིང་དང་། སྔ་འགྱུར་བཤད་སྒྲུབ་འདོད་འཇོ་གླིང་དང་། ཨོ་རྒྱན་རྡོ་རྗེ་ཆོས་གླིང་དང་། སྔ་འགྱུར་རྗེས་དྲན་སློབ་གྲྭ་སོགས་དང་།

རྒྱ་གར་དུ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དང་། རྫོགས་ཆེན་དགོན་པ་དང་། རི་དགོན་ཨོ་རྒྱན་སྨིན་གྲོལ་གླིང་དང་། ཨེ་ཝཾ་ལྕོག་སྒར་དང་། ཉི་གྲགས་དགོན་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་། ཤུག་གསེབ་ཨོ་རྒྱན་ཆོས་རྫོང་བཅས་མཆིས།