རྒྱལ་བ་དགེ་འདུན་གྲུབ་

ཡོང་ཁུངས་Wikipedia
རྒྱལ་དབང་འགེ་འདུན་གྲབ་པ།
རྒྱལ་དབང་འགེ་འདུན་གྲབ་པ།

ྋརྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ། འཁྲུངས་རབས་གསོལ་འདེབས་ལས།
གུར་མི་ངར་པའི་ཆོ་རིགས་སྲད་དུ་བལྟམས། །
འཇམ་མགོན་ཙོང་ཁ་པ་ཡི་ཐུགས་སྲས་ཕུལ། །
པཎ་ཆེན་གྲགས་པས་ཐམས་ཅད་མཁྱེན་པར་གསོལ། །
ྋརྒྱལ་དབང་དགེ་འདུན་གྲུབ་པར་གསོལ་བ་འདེབས། །

སྐུ་ཚེ་སྟོད།[རྩོམ་སྒྲིག]

ྋརྒྱལ་དབང་དགེ་འདུན་གྲུབ་པ་མཆོག་ནི། རབ་བྱུང་བདུན་པའི་ལྕགས་ལུག་སྤྱི་ལོ་ ༡༣༩༡ ལོར་གཙང་གཤབ་སྟོད་དམ། གུར་མོ་ཞེས་པར་ཡབ་མགོན་པོ་རྡོ་རྗེ་དང༌། ཡུམ་ཇོ་མོ་ནམ་མཁའ་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ན་ཕྲ་དུས་ཀྱི་མཚན་ལ་པདྨ་རྡོ་རྗེ་ཞེས་གསོལ། དཔལ་སྣར་ཐང་གི་རྗེ་གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། བརྒྱ་སྟོན་ཙདྲན་པ་ལས་ཡི་གེ་འབྲི་ཀློག་ལེགས་པར་སྦྱངས་ཤིང༌། དགུང་ལོ་བཅུ་བཞིར་ཕེབས་སྐབས་གནས་བརྟན་ཆེན་པོའི་རྣམ་འཕྲུལ་མཁན་ཆེན་གྲུབ་པ་ཤེས་རབ་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་དགེ་འདུན་གྲུབ་པ་དཔལ་དུ་གསོལ་བར་ཕྱིས་རང་ཉིད་ཀྱིས་བཟང་པོ་ཞེས་གསར་སྣོན་མཛད། དགུང་ལོ་ཉི་ཤུ་པར་ཁོང་ཉིད་ལས་དགེ་སློང་གི་སྡོམ་པ་མནོས། ཤིང་ལུག་སྤྱི་ལོ་ ༡༤༡༥ ལོར་དགུང་ལོ་ཉེར་ལྔར་ཕེབས་སྐབས་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་དང་ཐོག་མར་མཇལ་ལོ།།

དེ་ནས་རྗེ་བདག་ཉིད་ཆེན་པོ་སློབ་དཔོན་དུ་བསྟེན་ནས་གཞུང་ལུགས་རབ་འབྱམས་རྒྱ་མཚོར་ཐོས་བསམ་སྒོམ་གསུམ་གྱིས་སློབ་གཉེར་གནང་སྟེ། སློབ་མའི་གཙོ་བོར་གྱུར། ལོ་ངོ་བཅུའི་བར་གསང་ཕུ་ནེའུ་ཐོག་དང༌། རི་བོ་དགའ་ལྡན། འཕན་ཡུལ་གྲོས་ལ་སོགས་པར་མཁས་བཙུན་བཟང་གསུམ་གྱི་བླ་མ་དྲུག་ཅུ་ལྷག་ཙམ་ལ་བརྟེན་པ་དང༌། ཁྱད་པར་བཀའ་དྲིན་མཚུངས་མེད་ཀྱི་བླ་མ་གསུམ་སྟེ། དང་པོར་བཀའ་དྲིན་ཆེ་བ་མཁན་ཆེན་གྲུབ་པ་ཤེས་རབ་དང༌། བར་དུ་བཀའ་དྲིན་ཆེ་བ་རྗེ་བཙུན་ཙོང་ཁ་པ། མཐའ་མར་བཀའ་དྲིན་ཆེ་བ་མཁས་གྲུབ་ཤེས་རབ་སེངྒེ་བཅས་ཡིན།

ཁོང་གི་སློབ་མ་གྲགས་ཆེ་བ་ནི་འདུལ་འཛིན་པ་དཔལ་ལྡན་བཟང་པོ། རྡོ་རྗེ་སློབ་དཔོན་བཟང་པོ་བཀྲ་ཤིས། འཇམ་པའི་དབྱངས་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། རབ་འབྱམས་པ་བསྟན་པའི་ཉི་མ། སྨོན་ལམ་དཔལ་ལེགས་བློ་གྲོས། མཁན་ཆེན་བཟོད་པ་དཔལ་གྲུབ། མཁན་ཆེན་ཤེས་རབ་རྒྱལ་མཚན་བཅས་ཡིན།

སྐུ་ཚེ་སྨད་ཀྱི་མཛད་པ་རྒྱ་ཆེ་ཁག།[རྩོམ་སྒྲིག]

དེ་ལྟར་རྗེ་འདིས་སྐུ་ཚེ་གང་པོར་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་དོན་ལ་ཐོས་བསམ་མཐིལ་ཕྱིན་པ་མཛད་པས་མཁས་པའི་དབང་པོར་གྱུར། བོ་དོང་པཌཎི་ཏས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ། པཎ་ཆེན་དགེ་འདུན་གྲུབ་པ་ཞེས་པའི་མཚན་སྙན་གྱི་གྲགས་པས་ཡོངས་སུ་ཁྱབ། མེ་ཡོས་སྤྱི་ལོ་ ༡༤༤༧ ལོར་དགུང་ལོ་སོ་དྲུག་པར་གཙང་དུ་ཕེབས་ཏེ། སྣར་ཐང་བྱང་ཆེན་དང༌། རི་ཕུད། བྲག་དམར་སོགས་སུ་བཞུགས་ཏེ་བཅུ་གཉིས་ཀྱི་བར་འཆད་ཉན་དང་གྲྭ་ཚོགས་འཕེལ་བར་མཛད་དོ།།

དགུང་ལོ་ང་བདུན་པར་འཕྱོངས་རྒྱས་པ་དང་དཔལ་འབྱོར་བཟང་པོས་རོགས་སྐྱོར་དང་མཐུན་རྐྱེན་མཛད་པར་བརྟེན་སྤྱི་ལོ་ ༡༤༤༧ ལོར་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆོས་སྡེ་ཆེན་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པ་དང༌། རྗེས་ནས་བྱམས་ཆེན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། ྋརྒྱལ་བ་བསོད་ནམས་རྒྱ་མཚོའི་རྗེས་ནས་དགེ་འདུན་གྲུབ་པ་ྋརྒྱལ་བ་སྐུ་ཕྲེང་དང་པོར་ངོས་འཛིན་མཛད་པ་ཡིན། རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོ་མཆོག་རབ་བྱུང་བརྒྱད་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ་ ༡༤༧༤ ལོར་སྐུ་གཤེགས་པ་བཅས་སོ།།

གསུང་རྩོམ་ཁག།[རྩོམ་སྒྲིག]

ཁོང་གི་གསུང་རྩོམ་ནི་<<འདུལ་བའི་གླེང་འབུམ>> །<<མདོ་ཊཱིཀ>>།<<ཚད་མའི་ཊིཀྐ>>།<<རྩ་འཇུག་གི་ཊིཀྐ>>སོགས་པོ་ཏི་བདུན་ཙམ་བཞུགས། །། ༧རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ་དཀར་ཆག་བཞུགས་སོ།།

ཀ༽ འདུལ་བའི་གླེང་འབུམ་ཆེན་མོ།

ཁ༽ འདུལ་ཊིཀ་རིན་ཆེན་འཕྲེང་བ།

ག༽ སོ་ཐར་མདོའི་རྣམ་བཤད། མཛོད་འགྲེལ་ཐར་ལམ་གསལ་བྱེད། རྩ་ཤེའི་འགྲེལ་བ་ངག་དོན་རིན་པོ་ཆེའི་འཕྲེང་བ། འཇུག་འགྲེལ་གསལ་བའི་མེ་ལོང་།

ང༽ ཚད་མ་རིགས་རྒྱན། ཚད་མ་ལེགས་པར་བཤད་པ།

ཅ༽ ཐུབ་བསྟོད། རྣམ་ཐར། སྒྲོལ་བསྟོད། སྒྲོལ་བསྟོད་འགྲེལ་བ། དུས་འཁོར་ཟིན་བྲིས། བསྐང་གསོ་དང་བསྟོད་བསྐུལ། གསུང་ཐོར་བུ།

གཞན་དུ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རེའུ་མིག སྐུ་ཕྲེང་། མཚན། འཁྲུངས་ཡུལ། འཁྲུངས་ལོ། འདས་ལོ། ཁྲི་བཞུགས། དང་པོ། དགེ་འདུན་གྲུབ་པ། གཙང་ཤབ་སྟོད། 1391——1474 གཉིས་པ། དགེ་འདུན་རྒྱ་མཚོ། གཙང་རྟ་ནག་རྡོ་རྗེ་གདན་གྱི་ཉེ་འཁོར། 1476——1542 གསུམ་པ། བསོད་ནམས་རྒྱ་མཚོ། སྟོད་ལུང་རྩེ་དགའ་ཁང་གསར། 1543——1588 བཞི་པ། ཡོན་ཏན་རྒྱ་མཚོ། སོག་ཡུལ་གྱི་སྡེ་སེ་ཆེན་ཆོས་འཁོར། 1589——1616 ལྔ་བ། ངག་དབང་རྒྱ་མཚོ། འཕྱོངས་རྒྱས་འཕྱིང་བ་སྟག་རྩེ། 1617——1682 1642——1682 དྲུག་པ། ཚངས་དབྱངས་རྒྱ་མཚོ། མོན་ལ་འོག་ཡུལ་གསུམ། 1683—— 1697——1705 བདུན་པ། བསྐལ་བཟང་རྒྱ་མཚོ། ལི་ཐང་དགོན་ཞོལ། 1708——1757 1720——1757 བརྒྱད་པ། འཇམ་དཔལ་རྒྱ་མཚོ། གཙང་ཐོབ་རྒྱལ་ལྷ་རི་ཐང་། 1758——1804 1787——1790 དགུ་བ། ལུང་རྟོགས་རྒྱ་མཚོ། ལྡན་ཆོས་འཁོར། 1805——1815 དགུང་ལོ་༡༡སྟེང་སྐུ་གཤེགས། བཅུ་བ། ཚུལ་ཁྲིམས་རྒྱ་མཚོ། ལི་ཐང་། 1816——1837 གསེར་བུམ་དཀྲུག་སྲོལ་དར། བཅུ་གཅིག མཁས་གྲུབ་རྒྱ་མཚོ། མི་ཉག་མགར་ཐར། 1838——1855 1855ལོར་འགན་བཞེས། བཅུ་གཉིས། འཕྲིན་ལས་རྒྱ་མཚོ། འོལ་དགའ་རྫོང་ཕྱི། 1856——1875 1873——1875 བཅུ་གསུམ། ཐུབ་བསྟན་རྒྱ་མཚོ། དྭགས་པོ་གླང་མདུན། 1876——1933 1894——1933 བཅུ་བཞི། བསྟན་འཛིན་རྒྱ་མཚོ། ཨ་མདོ་སྐུ་འབུམ་སྟག་འཚེར། 1935—— 1950ལོར་ལུགས་གཉིས་ཀྱི་འགན་བཞེས། རེའུ་མིག་འདི་ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས་པའི་དེབ་ཐེར་ཀུན་གསལ་མེ་ལོང་གི་ཞར་བཀོད་ཞས་དྲངས་པའོ།།