རེབ་གོང་།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
སྒོ་མར་མཆོད་རྟེན།.jpeg

རེབ་གོང་ལ་“རེ་སྐོང”ཞེས་པའི་མིང་བརྡ་འཇོག་ཚུལ།[རྩོམ་སྒྲིག]

རེབ་གོང་དང་འབྲེལ་བའི་དེང་གི་ཡིག་ཆ་སོ་སོར། རེབ་གོང་ལ་རེ་སྐོང་ཞེས་པའི་ཁུངས་མེད་བབ་བཅོལ་གྱི་བྲི་ལུགས་ཤིག་གློ་བུར་དུ་ཐོན་ཞིང་དེའི་རྒྱུ་མཚན་ལ་འགྲོ་ཀུན་རེ་བ་སྐོང་བའི་གནས་དང་། གཞན་ས་གནས་ཀྱི་ཁྱད་ཆོས་དང་བྱེད་ནུས་ལ་སྙན་ཆ་ཙམ་གྱིས་ཟུར་བརྒྱན་པའི་རྒྱ་ཡིག་གི་བཤད་སྟངས་ལ་རྒྱབ་བཅོལ་ནས། རྨི་ལམ་མངོན་འགྱུར་བྱེད་སའི་གནས་ཞེས་ཡུལ་སྐོར་བ་ཁ་ཤས་ཀྱི་སྐད་ཅིག་གི་ཚོར་སྣང་དེ་རྒྱུ་མཚན་དུ་བྱས་ནས་ལོ་རྒྱུས་ཀྱིས་བསྩལ་བའི་དོན་དངོས་རྒྱབ་དུ་གཡུགས་འདུག རེབ་གོང་ནི་བོད་རིག་གནས་ཀྱི་རྨང་སྟུག་ཅིང་ཐུན་མོང་མ་ཡིན་པའི་ས་གནས་རིག་གནས་ཀྱིས་ཀུན་ཏུ་ཕྱུག་པའི་ཡུལ་གྲུ་ཞིག་ཡིན་ལ། ལྷག་དོན་ནང་བསྟན་རིག་གནས་དང་ལྷ་བཟོའི་སྒྱུ་རྩལ་སོགས་ངོ་མཚར་བ་མང་པོ་དེང་གི་དུས་སུའང་ད་དུང་གྲ་མ་ཉམས་ཤིང་ཟུར་མ་ཞིག་པར་ཡོད་ལ། དེ་འཛིན་སྐྱོང་སྤེལ་གསུམ་གྱི་དབུགས་ཀྱི་རྒྱུ་བ་ཡང་ནམ་ཡང་ལྷོད་པ་མེད་པས། དེའི་མཛེས་སྡུག་གིས་དབང་བསྒྱུར་བའི་ངག་གི་བསྟོད་ར་ཅི་ལྟར་རྒྱ་ཆེ་ཞིང་ཡུལ་ལས་འགོངས་ཀྱང་ཐལ་ཆེ་བར་མི་སེམས་སོ།། འོན་ཀྱང་ལོ་རྒྱུས་ཀྱི་བདེན་པ་ལ་གང་འདོད་ཀྱིས་བཟོ་བཅོས་བརྒྱབ་ན་དེའི་ཀུན་རྫོབ་ཀྱི་བདེན་པ་ཡང་རྫུན་པར་འགྱུར་རོ།། དེ་བས་རེབ་གོང་ལ་རེ་སྐོང་ཞེས་བྲིས་ན་ཡུལ་གྲུ་ངོས་འཛིན་ཐུབ་པ་ཕར་ཞོག གང་དྲན་དྲན་ཡིན་ཏེ། རིགས་པའི་སྒྲུབ་བྱེད་ལ། ལྷ་ས་ཆོས་ཅན། རེ་སྐོང་ཡིན་པར་ཐལ། བོད་མིའི་རེ་བ་སྐོང་སའི་གནས་ཡིན་པ་གང་ཞིག རྨི་ལམ་མངོན་གྱུར་བྱེད་པའི་གནས་ཡིན་པའི་ཕྱིར། དེ་བཞིན་དུ་པེ་ཅིན་དང་སི་ཁྲོན། ཕྱིའི་རྒྱལ་ཁབ་དག་ཀྱང་རིགས་སྒྲེས་བར་བྱའོ།། དཔེར་ན་སྟོན་པ་ཤཱཀྱ་ཐུབ་པ་ལ་ཁོང་གི་ཡོན་གྱི་ཆ་ནས་སངས་རྒྱས་དང་བཅོམ་ལྡན་འདས་ཞེས་མིང་གི་ཆ་ཤས་དུ་མ་སྣང་བ་ལྟར། ཆ་ཤས་ཀྱི་མིང་ཙམ་ལ་བརྟེན་ནས་སྟོན་པ་ཤཱཀྱ་ཐུབ་པར་ངོས་འཛིན་མི་ཐུབ་སྟེ། བསྐལ་བཟང་གི་སངས་རྒྱས་སྟོང་ཡོད་པ་དང་། གང་དག་ཀྱང་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ།། དཔེ་དེ་བཞིན་དུ་རྗེ་ཐམས་ཅད་མཁྱེན་པ་འཇིགས་མེད་པཎྚི་ཏ་དང་མཁན་ཆེན་དགེ་འདུན་རྒྱ་མཚོ་རྣམ་གཉིས་ཀྱིས་ཀྱང་སྔོན་རེབ་གོང་གི་བཀོད་པ་དང་ཕུན་ཚོགས་ལ་གཟིགས་ཏེ་འགྲོ་ཀུན་རེ་བ་སྐོང་བའི་གནས་ཞེས་བསྟོད་ཚིག་མང་དུ་མཛད་ཡོད་པ་དང་ལོ་ལེགས་ཀྱི་སྙེ་མའི་དཔལ་ལ་གཟིགས་ཏེ་གསེར་མོ་ལྗོངས་ཞེས་ཀྱང་བཀོད་ཡོད་དོ།། དེ་བས་རེབ་གོང་གི་དངོས་མིང་ནི་རེབ་གོང་ཡིན་ཏེ། རེབ་གོང་གི་མདོར་རེབ་ཚ་ཚོ་བ་བཞི་ཡོད་པའི་གོང་རོལ་ན་ཆགས་ཡོད་པའི་ཆ་ནས་རེབ་གོང་ཞེས་པའི་མིང་བྱུང་བ་ནི་ལོ་རྒྱུས་ཀྱིས་བསྩལ་བའི་བདེན་ལུགས་ཉག་གཅིག་གོ། གཞན་ཡང་《རེབ་གོང་རིག་གནས་སྒྱུ་རྩལ་ཞིབ་འཇུག》ཅེས་པར། དེང་སང་རྒྱུགས་ཆེ་བ་ནི་རེབ་གོང་ཞེས་པའི་ཐ་སྙད་འདི་ཡིན་ནོ་ཞེས་པ་ནི་ཁས་ལེན་མེད་པའི་གཏམ་ཡིན་ཏེ། རྒྱུགས་ཆེ་བའི་མིང་ཡིན་ན་དངོས་མིང་ཡིན་པས་ཁྱབ་པ་མེད་དེ། དཔེར་ན་དེང་སང་རེ་སྐོང་ཞེས་འབྲི་བ་ལྟར་རོ།། དེ་བས་རེབ་གོང་ནི་ཡུལ་གྲུ་འདིའི་དངོས་མིང་ཡིན་པ་དང་། སྒོས་སུ་ཡུལ་མིང་ཡིན་ན་སྔ་ན་ཡོད་པ་ཞིག་ལ་རྗེས་ནས་འགྱུར་བ་གཏོང་བའི་ངལ་བ་མ་བླངས་ན་འགྲིག་པར་སེམས་སོ།། གཞན་ཡང་ས་གནས་ཀྱི་ཡུལ་སྐོར་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ནས་འགྱུར་བ་གཏོང་བ་ཡིན་ན། མིང་ལ་འགྱུར་བ་གཏོང་བའི་དགོས་པ་ཡེ་ནས་མེད་དེ། སྔར་མིང་སོར་བཞག་གིས་དེའི་ཡོན་ཏན་གྱི་ཆ་ནས་སྙན་ཚིག་གི་རྩལ་ངོམས་པ་ལས་རེ་སྐོང་ཞེས་བྲིས་ཏེ་རེབ་གོང་བསུབ་དགོས་པའི་འོས་ལྷག་པས་མེད་དོ།། མདོར་ན། རང་གྲོལ་ཞེས་བོས་འོངས་དུས་སྐུ་ཞབས་དོན་འགྲུབ་རྒྱལ་གྱི་པིར་མིང་ཡིན་པ་ཀུན་གྱིས་ཤེས་ལ། གཞན་ལོ་རབས་བརྒྱད་ཅུའི་ནང་གི་བོད་ཀྱི་རྩོམ་རིག་གསར་པའི་དེད་དཔོན་སོགས་དོན་མཐུན་གྱི་མིང་བཏགས་ཅི་རིགས་བསྩལ་ཀྱང་འགལ་ཆ་ཅི་ཡང་མེད། དེ་བཞིན་དུ་རེབ་གོང་ལ་སྒྱུ་རྩལ་གྱི་ཕ་ས་དང་། རིག་འབྱུང་ཡུལ། རྨི་ལམ་མངོན་འགྱུར་བྱེད་ཡུལ། ཀུན་གྱི་རེ་བ་སྐོང་སའི་གནས་ཞེས་པ་ལྟར་མིང་གི་ཆ་ཤས་དུ་མ་སྣང་བ་ནི་ལུགས་དང་མཐུན། གནད་དམ་པ་ནི་རེབ་གོང་ལ་རེ་སྐོང་ཞེས་འབྲི་བ་ནི་དོན་འགྲུབ་རྒྱལ་ལ་ཚེ་རིང་རྒྱལ་ཞེས་འབྲི་བ་དང་རིགས་འདྲའོ།།