མིག་མངས།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

(༢) བོད་མི་ཐོག་མ་ཇི་ལྟར་བྱུང་ཚུལ། བེ་རི་འཇིགས་མེད་དབང་རྒྱལ།

མི་ལོ་ས་ཡ་བཞིའི་ཡར་ཐོག་ན་ད་ལྟའི་འཛམ་གླིང་ཧྲིལ་པོའི་གོ་ལ་འདི་ཧ་ཅང་གྲང་བའི་རང་བཞིན་ལྡན་པས། སྲོག་ཆགས་སྐྱེ་འཕེལ་གྱི་ནུས་པ་མི་ལྡན་ཞིང་། ཡ་ཐོག་མི་ལོ་ས་ཡ་བཞིའི་རྗེས་ནས་རྒྱ་མཚོའི་འཇིམ་རྡུལ་ལས་སྲོག་ཆགས་ཀྱི་སྐྱེ་རྒྱུན་མགོ་འཛུགས་བྱས། དེ་རྗེས་རིམ་བཞིན་རྒྱ་མཚོར་འཚོ་སྡོད་བྱེད་པའི་སྲོག་ཆགས་ཀྱི་རིགས་འགའ་ཞིག་སྐམ་སར་སླེབས་པ་ནས་རིམ་བཞིན་འཚོ་སྡོད་ཐུབ་པའི་ནུས་པ་ལྡན་པ་དང་། སྐམ་སར་འཚོ་བའི་སྲོག་ཆགས་ཀྱི་འཕེལ་ཁ་མགོ་འཛུགས་བྱས། ལོ་རབས་ཁྲི་སྟོང་མང་པོའི་རྗེས་ནས་སྐམ་སའི་སྲོག་ཆགས་དེ་དག་ལ་ཁོར་ཡུག་དང་གནམ་གཤིས་ལ་བརྟེན་པའི་རིགས་དང་རྣམ་གྲངས་མི་འདྲ་བ་ཅི་རིགས་སྣ་ཚོགས་བྱུང་། སྲོག་ཆགས་དེ་དག་གི་ནང་ནས་སྤྲ་སྤྲེལ་བྱེ་བྲག་པ་ཁག་གཅིག་ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་བྱ་སྤྱོད་ལ་བརྟེན་ནས་སྲོག་ཆགས་སྤྱི་བཏང་པའམ་རྐང་བཞི་ས་ལ་འཛུགས་པ་དང་། གཤོག་པ་རྣམ་ལ་རྐྱོང་པའི་རོགས་དག་ལས་ཟུར་དུ་གྱེས་ནས། སྤྱིར་འགྲོ་བ་མི་དང་ནང་གསེས་མགོ་ནས་བོད་ཀྱི་མི་རིགས་འདི་བཞིན་འཇིག་རྟེན་གྱི་གོ་ལ་འདིར་སྐྱེ་འཕེལ་གྱི་མགོ་འཛུགས་བྱས། རང་རེའི་ཡུལ་ལྗོངས་ཁྱད་པར་ཅན་དེ་ཉིད་དུ་བཅུད་ཀྱི་སེམས་ཅན་ཇི་ལྟར་བྱུང་བའི་ཚུལ་ནི། གོང་དུ་བཤད་པ་ལྟར་གང་དུ་སྣོད་ཀྱི་འཇིག་རྟེན་གྲུབ་པ་དེར། དེ་ལ་བརྟེན་པའི་བཅུད་ཀྱི་སེམས་ཅན་གྲུབ་པའང་ཆོས་ཉིད་ཡིན་པས། གངས་ཅན་པའི་ཞིང་ཁམས་འདི་ཉིད་ཐོག་མར་ཆགས་ཏེ་སྤང་ལྗོངས་དང་ནགས་ཀླུང་སོགས་སྣོད་ཀྱི་བཀོད་པ་དེ་དག་དང་འཚམས་པའི་བཅུད་ཀྱི་སེམས་ཅན་བྱ་དང་། རི་དྭགས། སྟག་གཟིག། དོམ། དྲེད། སྤྲ་དང་སྤྲེའུ་སོགས་འདུས་སྡོད་ཡུན་རིང་བྱས་པ་ལས་ཐོག་མར་འགྲོ་བ་མིའི་ཁྱུ་འདུ་ཚོགས་བྱུང་མེད་པར་སེམས་ཤིང་། དེ་ཡང་བསྐལ་པ་ཡ་ཐོག་མི་ལོ་ཁྲི་ཕྲག་དུ་མའི་སྔོན་ནས་གྲུབ་པ་དང་། དེ་ནས་རིམ་གྱིས་སྤྲ་དང་སྤྲེའུ་མིར་འགྱུར་བའི་འགོ་ཚུགས་ཏེ་ལུས་ཀྱི་སྤུ་དང་རྔ་མ་སོགས་བྱི་བ་དང་། གོག་འགྲོས་ནས་ལངས་པ། ཤིང་གི་ཡལ་ག་ལས་བབ་ནས་ཁང་ཁྱིམ་བརྩིགས་པ། ཤིང་འབྲས་སྤྱོད་པས་མ་ཚིམས་པར་རི་དྭགས་བསད་པའི་ཤ་ཁྲག་ལ་རོལ་བ། ལུས་ཀྱི་སྤུ་བྱི་བ་དང་འབྲེལ་ནས་ཤིང་ལོ་དང་སྲོག་ཆགས་གཞན་གྱི་པགས་པ་གོན་པ། དེ་དག་གི་ཆེད་དུ་ཕན་ཚུན་རྩོད་ཅིང་འཁྲུགས་པ་དང་། དཔུང་དང་ཚོགས་ཁག་དུ་མ་ཆགས་པ་དེ་ལ་བརྟེན་ནས། རིམ་གྱིས་རྒྱལ་ཕྲན་སིལ་མ་མང་པོ་གྱེས་ཏེ། ཕན་ཚུན་རེ་འགའ་འདུམ་ཞིང་རེས་འགའ་འཁྲུག་པ་སོགས་བྱུང་བའི་རིང་། ཐེ་རང་དང་དམུ་བདུད་བཙན་གསུམ་སོགས་ཀྱིས་དབང་བསྒྱུར་བྱས་ཤིང་འདིར་ཐེ་རང་དང་དམུ་བདུད་བཙན་གསུམ་ཞེས་པ་ནི། མི་མ་ཡིན་པའི་འཇིགས་སུ་རུང་བ་རང་རེའི་བློ་ཡུལ་དུ་བཤད་སྲོལ་དང་འབྲེལ་བའི་རྟོག་བཟོའི་སྣང་བརྙན་གྱི་གདོན་འདྲེ་ལྟ་བུ་ཞིག་མིན་པར། མིའི་སྤྱི་ཚོགས་ཁྲོད་ཀྱི་ཁ་དྲག་དབང་བཙན་དང་། དཔའ་དང་དཔུང་པས་གཞན་ཕྱོགས་འཇོམས་པར་བྱེད་མཁན་ལ་འགྲོ་བ་མི་རང་ག་བའི་བློ་ཡུལ་ལས་འགོངས་པའི་ཐ་སྙད་སྦྱར་བ་ཙམ་དུ་ཤེས་དགོས། དེ་ལྟར་རིམ་པར་བརྒྱུད་དེ་ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནས། དབུས་ཁུལ་གྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་པོ་གཅིག་གྱུར་བྱུང་བ་ནས་བཟུང་། བོད་ཀྱི་རྒྱལ་ཁབ་དང་རྒྱལ་རབས་འགོ་ཚུགས་པ་ཡིན་ལ། དེ་ནས་བརྒྱུད་དེ་རྒྱལ་རབས་རིམ་བྱུང་གིས་ཁྱིམ་མཚེས་རྒྱལ་ཕྲན་དང་རྒྱལ་ཁབ་ཁག་ལ་ཞི་དྲག་ངེས་མེད་ཀྱིས་དཔུང་འཇུག་དང་དབང་བསྒྱུར་བྱས་པ་ནས་ད་ལྟའི་བར། སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། བར་ཀྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག་བཅས་ཆ་ལུགས་དང་གོམས་སྲོལ། རིག་གཞུང་དང་སྐད་ཡིག་སོགས་གཅིག་གྱུར་གྱི་མི་རིགས་འདི་ཉིད་བྱུང་བ་ཡིན་ནོ།། རང་རེའི་བོད་ཀྱི་གནའ་བོའི་ལོ་རྒྱུས་སྨྲ་བ་ཚོ་ཡང་། མ་ཎི་བཀའ་འབུམ་དང་ཀ་ཆེམས་བཀའ་ཁོལ་མ་སོགས་ནས་ཇི་ལྟར་འབྱུང་བ་ལྟར། ཕལ་ཆེ་བས་མགྲིན་དབྱངས་གཅིག་གྱུར་གྱིས་ཕ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྤྲེའུ་བྱང་ཆུབ་སེམས་དཔའ་དགེ་བསྙེན་ཆེན་པོ་དང་། མ་རྗེ་བཙུན་སྒྲོལ་མའམ་ཁྲོ་གཉེར་མའི་རྣམ་སྤྲུལ་བྲག་སྲིན་མོ་གཉིས་ཡིན་ཞིང་། དེ་གཉིས་རི་བོ་པོ་ཏ་ལ་ལ་བཞུགས་པའི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་ཡིས་གནང་བ་ལྟར། གངས་ཅན་ཁ་བའི་ཞིང་དུ་མིའི་འགྲོ་བ་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བའི་སླད་དུ་རྩེད་ཐང་གི་མགོན་པོ་རིར་འདུས་པ་ལས་རིགས་དྲུག་ལས་ཆད་པའི་ཕྲུ་གུ་དྲུག་བྱུང་། དེ་ལ་བོད་ཀྱི་མིའུ་གདུང་དྲུག་ཟེར་ཞེས་འཆད། མ་བྲག་སྲིན་མོ་ཞེས་པའང་བྲག་ལ་ཚང་བྱས་ནས་འཚོ་སྡོད་ཀྱི་སྤྲ་མོ་ལ་ཟེར་བ་ཡིན་གྱི། རང་ཅག་ལྷ་འདྲེའི་རྟོག་བཟོ་ལ་གོམས་པ་ཚོའི་རྟོག་འཆར་གྱི་ཀློང་ན་ཡོད་པའི་ཁ་གདངས་ཤིང་མཆེ་བ་གཙིགས་པ། ནུ་མ་ཕྲག་ཏུ་གཟར་བའི་མི་མ་ཡིན་པ་འཇིགས་སུ་རུང་བ་དེ་འདྲ་ཞིག་ཟེར་བ་མིན་ནོ།། དེ་ལ་མིའུ་གདུང་དྲུག་ནི། སེ་དང་། རྨུ། ལྡོང། སྟོང་སྟེ་རུས་ཆེན་བཞིའི་སྟེང་དུ། དབྲ་དང་། འབྲུ་གཉིས་བསྣན་པས་དྲུག་ལ་ཟེར་ཞིང༌། ལོ་རྒྱུས་གཞན་དང་གཞན་ན། དམུ་ཚ་སྒ་དང་། ཨ་སྤོ་ལྡོང་། སེ་ཁྱུང་དབྲ། ཨ་ལྕགས་འབྲུ་སྟེ་རུས་ཆེན་བཞི་དང་། དབའ་དང་སྡ་ཞེས་རུས་ཆུང་གཉིས་བཅས་བགྲང་པའང་སྣང་། འོག་ཏུ་འཆད་པར་འགྱུར་རོ།།དེ་དག་ལས་བོད་ཀྱི་མི་རྒྱུད་རིམ་པར་བཞིན་བྱུང་ཚུལ་ནི། སེ་ལས་བྱུས་ལེགས་བུ་བཞི་དང་། རྨུ་ལས་ཀོད་ལེ་ཕྲ་བརྒྱད། ལྡོང་ལས་རུས་ཆེན་བཅོ་བརྒྱད། སྟོང་ལས་རྗེ་བཞི་ཁོལ་བརྒྱད་བཅས་བྱུང་བ་བཤད་དེ། དེ་ལ་སེ་ལས་གྱེས་པའི་བྱུས་ལེགས་སྤུན་བཞི་ནི། རྒྱལ་ནང་རྗེ། གྲོ་ནང་ཉེད་བ། འོ་གོག་བཙན། དེ་སྟོང་སེ་ཏེ་བཞིའོ། །རྨུ་ལས་གྱེས་པའི་ཀོད་ལེ་ཁྲ་བརྒྱད་ནི། ངབ་དང་། གཞུབ་དང་། བཞུ། སྨོན། འགར། དཀར། སྒོ། ངན་ལམ་སྟེ་བརྒྱད་རྣམས་སོ། །ལྡོང་ལས་གྱེས་པའི་རུས་ཆེན་བཅོ་བརྒྱད་ནི། ཅོག་དང་། ཅོག་ཙེ། ཅོག་རོ། འབྲེལ། ཁྱུང་པོ། ཟླ་བ། འབྲིང་། ལྷ་ལུང་། ལྷ་རྩེ། གྲང། དགེས་པ། ཁུ་ན། ཉ། ཚེ་སྤོང་། ཟུ་ནག སྙི། ཕོ་གོ །ཐག་བཟང་རྣམས་སོ།།སྟོང་ངམ་འབྲུ་ལས་གྱེས་པའི་རྗེ་བཞི་དང་ཁོལ་བརྒྱད་ནི། ཅོག་ས་རྗེ་དང་། ཆང་རྗེ་ཐོད་དཀར་རྗེ། ཏེ་ཅོག་ཉལ་པོ་རྗེ། སྙགས་ཐོག་སྒམ་རྗེ་སྟེ་རྗེ་བཞི་དང་། དམར་དང་། མར་མར། སྣལ། སྣལ་དབེན། རྔོག ཕྲོག རོག སྦས་ཏེ་ཁོལ་བརྒྱད་དོ། ། བསྐལ་པ་ཡར་ཐོག་གི་དུས་སུ་བོད་ཀྱི་མི་རྒྱུད་ཀྱི་རུས་མིང་དེ་དག་ཏུ་གྲངས་ངེས་ཀྱང་། དུས་ཕྱིས་ལུང་ཕྲན་ཕན་ཚུན་ཁ་གྲམ་ཞིང་མི་འབོའ་འཕེལ་རྒྱས་སོང་བ་དང་། སྐད་སྲོལ་ཟུར་ཆག་འདྲ་མིན་ལ་བརྟེན་ནས། རུས་མིང་དེ་དག་ལས་ཕལ་ཆེ་བའི་མིང་རྩ་བརླག་ཏུ་ཕྱིན་ཏེ། ད་ལྟར་ནི་རྔོག་དང་། ཁྱུང་པོ། ལྷ་རྩེ་ལྟ་བུ་འགའ་ཞིག་མ་གཏོགས། རྒྱུན་ལྡན་ཐ་སྙད་ནང་བེད་སྤྱོད་མེད་པར་ཆགས་ཤིང་། ལྷག་པར་དམ་པའི་ཆོས་ཀྱི་སྲོལ་དར་བ་ནས་ཆོས་ལུགས་དང་གྲུབ་མཐའ། དེ་བཞིན་དགོན་སྡེ་བླ་མ་དག་གི་མིང་དང་འབྲེལ་ནས་ས་གནས་དང་མི་རྒྱུད་ཀྱི་རུས་མིང་ལ་འགྱུར་བ་ཤུགས་ཆེར་ཐེབས་ནས། སྔོན་གྱི་རུས་མིང་དེ་དག་གནའ་བོའི་ལོ་རྒྱུས་དང་ཡིག་རྒན་ཀློག་ན་མ་གཏོགས་མཐོང་ཐོས་དཀའ་བ་ལྟར་གྱུར་ཀྱང་། དོན་ལ་རང་རེ་མི་རྒྱུད་མང་ཆེ་བའི་ཁུངས་ངོ་མ་ནི་དེ་དག་ཡིན་ལ། དེ་ལས་གཞན་རྒྱ་དཀར་ནག་སེར་གསུམ་ནས་ཆད་པའི་མི་རྒྱུད་ཀྱང་། རྐྱེན་དང་སྟེས་དབང་གིས་བོད་དུ་བརྟེན་གཞི་ཆགས་ནས་བྱུང་བའང་རེ་ཟུང་ཡོད་པ་རྒྱ་བོད་ཀྱི་ལོ་རྒྱུས་ཚད་ལྡན་རྣམས་ལ་བརྟེན་ནས་ར་སྤྲོད་བྱེད་ཐུབ་པ་ཡིན། གཤེན་རབ་བོན་གྱི་ལུགས་ལྟར་ན། རླངས་ཀྱི་པུ་ཏི་བསེ་རུ་རྒྱས་པ་ལས། འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས།། སྒོ་ང་ཆེན་པོ་གཅིག་ཡོང་བ།། ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་པོ་ཆགས།། ནང་གི་སྒོང་ཆུ་ལ།། དུང་མཚོ་དཀར་མོར་འཁྱིལ།། བར་གྱི་སྒོ་ངའི་དར་ཆ་ལ།། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ།། སྒ་ོང་ཕྲུམ་གྱི་བཅོ་བརྒྱད་ཆགས།། སྒོ་ང་བཅོ་བརྒྱད་འབྲིང་བ་དེ།། དུང་སྒོང་གཅིག་ཏུ་ཡར་ནས་བྱུང་།། དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན།། ཞེས་འཇིག་རྟེན་སྣོད་བཅུད་ཡོངས་རྫོགས་སྒོང་ལས་བྱུང་བར་བཤད། བོད་ཀྱི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ་ལ་བརྟེན་ནས། སྔོན་རྩོད་ལྡན་གྱི་ཐོག་མར་རྒྱལ་པོ་སྐྱ་སེང་གི་བུ་ལྔ་དང་དགྲ་ངན་དམག་ཚོགས་བཅུ་གཉིས་གཡུལ་བཀྱེས་པ་ལས་རུ་པ་ཏི་འཁོར་དང་བཅས་པ་བུད་མེད་ཀྱི་ཆས་བརྫུས་ཏེ། རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་ལས་དེང་སང་གི་བོད་རིགས་འདི་བྱུང་བ་བཤད། ཡང་ཁ་ཅིག་བོད་རིགས་འདིའི་ཐོག་མའི་འབྱུང་ཁུངས་ནི་འཇང་རིགས་ཡིན་པར་བཤད་པ་སོགས་ཡོད་དེ། དོན་དངོས་ཀྱི་བོད་མིའི་འབྱུང་ཁུངས་ངོ་མ་ནི་སྤྲ་དང་སྤྲེའུ་ཡིན་པར་བཤད་མ་དགོས་པའི་ཐོག་འཇང་དང་། སོག་པོ། རྒྱ་དཀར་ནག་སོགས་ཀྱི་མི་རིགས་ཀྱང་ཉེ་འདབ་ས་འབྲེལ་གྱི་རྐྱེན་པས་ཅིས་ཀྱང་འདྲེས་སྲིད་པ་ཞིག་ཡིན་པས། དེ་དག་ཀྱང་རང་རེའི་མི་རིགས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་གྲུབ་ཆ་ཆུང་ཆུང་ཞིག་ཡིན་ཆོག་པར་སེམས། འོན་ཀྱང་དེ་ཙམ་གྱིས་བོད་མི་རིགས་ཀྱི་འབྱུང་ཁུངས་སྤྲ་སྤྲེལ་ལ་གཏུགས་རྒྱུའི་འགལ་རྐྱེན་གང་ཡང་བཟོ་དོན་མེད་པ་ཡིན་ནོ།། དེང་སང་ཚན་རིག་པས། སྤྲ་སྤྲེལ་དག་རིམ་གྱིས་སྤུ་དང་མཇུག་མ་བྱི་བ་ལས་མི་རུ་གྱུར་པར་འདོད་ལ། དེ་ལས་ཡར་འདེད་ན་རྒྱ་མཚོའི་ནང་གི་སེལ་རྡུལ་ལ་ཐུག་པར་བཤད་པ་དེས། བོད་ཀྱི་མི་རིགས་འདི་སྤྲ་རྒྱུད་འཕེལ་བ་ལས་བྱུང་བར་ང་ཚོས་སྔར་ནས་བཤད་ཟིན་པ་དེ་ཉིད་བསྲེགས་བཅད་བརྡར་བའི་གསེར་བཞིན་ཡིད་ཆེས་དང་རིན་ཐང་ཆེ་རུ་སོང་བ་ཡིན། མི་ནི་སྤྲ་རྒྱུད་ལས་ཆད་པའི་རིག་པའི་གཞུང་ལུགས་དེ་ཐོག་མར་བོད་ནས་བྱུང་བ་ལྟར། སྤྲ་རིགས་མི་རུ་གྱུར་པའི་མིའི་འགྲོ་བ་ཡང་ཐོག་མར་བོད་ནས་བྱུང་བར་མངོན་ཏེ། སྤྲ་སྤྲེའུ་རྣམས་ནི་རི་བྲག་ཡོད་ས་དང་ལྷག་པར་འབྲས་ལྡན་གྱི་ནགས་ཚལ་རྣམས་སུ་སྡོད་པ་ལས་རང་དགར་སྤང་ལྗོངས་དང་། བྱེ་ཐང་། འཁྱག་གླིང་རྣམས་སུ་འཚོ་སྡོད་མི་ཐུབ་ཅིང་། འཛམ་གླིང་ན་ནགས་ཚལ་གྱི་ཐོག་མ་ནི་བོད་ནས་བྱུང་སྟེ། འཛམ་གླིང་འདིར་རྒྱ་མཚོ་དང་འཁྱག་རོམ། ས་རྡོ་རི་བྲག་གི་རྣམ་པ་ཅན་ལས་རིམ་གྱིས་རྩི་ཤིང་གི་རིགས་སྐྱེ་བའི་འགོ་ཚུགས་པ་སྔ་ཤོས་ནི་ཤིང་འཛམ་བུ་ཞེས་པ་དེ་ཡིན། ཤིང་དེ་ནི་ཡལ་ག་དང་ལོ་མས་ཁེབས་པ། འབྲས་བུས་དུད་པ། མྱང་ན་ཞིམ་པ། བལྟས་ན་མཛེས་པ་ཞིག་ཡིན་པས་འཇིག་རྟེན་འདིར་ངོ་མཚར་ཆེ་བར་མཐོང་ནས་དེའི་མིང་གི་ཆེ་བ་དང་ལྡན་པར་གླིང་འདི་ལའང་འཛམ་བུ་གླིང་ཞེས་མིང་བཏགས། ཤིང་དེའང་མཚོ་མ་དྲོས་པའི་འགྲམ་ན་རྐང་གཅིག་རང་སྐྱེས་པ་མིན་པར་བོད་ཀྱི་ལྷོ་ཕྱོགས་རྫ་ཡུལ་ནས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ལུང་ལག་ཐམས་ཅད་ཁྱབ་ནས་ཡོད་ཀྱང་འཛམ་གླིང་སྤྱི་ཡོངས་ནས་བལྟས་ན་མཚོ་མ་དྲོས་པའི་འགྲམ་དུ་སྐྱེས་པར་བཤད་པ་ལ་འགལ་བ་ཅི་ཡང་མེད། ཡང་ན་དེ་སྐབས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ནགས་ཚལ་དེ་དག་རྫ་ཡུལ་ནས་ནུབ་ཀ་ཤི་སྨིར་བར་སྦྲེལ་ནས་ཡོད་ཀྱང་། ཕྱིས་ཧི་མ་ལ་ཡའི་རི་རྒྱུད་འབུར་དུ་དོན་པ་ནས་སྟོད་ཁུལ་དུ་ས་གཤིས་ལ་འགྱུར་བ་ཐེབས་ཏེ་རྩི་ཤིང་སྐྱེ་བའི་ནུས་པ་ཉམས་པའང་སེམས། ང་ཚོའི་མེས་པོ་སྤྲ་རིགས་དེ་དག་འཚོ་སྡོད་བྱ་ཡུལ་གྱི་ནགས་ཚལ་དེ་དག་ཏུ་བྱ་དང་རི་དྭགས་ཀྱང་མང་པོ་ཡོད་པས་ནགས་མ་བྱ་ཚོགས་ཅན་ཞེས་ཀྱང་ཟེར། ནགས་ཚལ་དེར་སྤྲ་ཁྱུ་མང་དུ་འཕེལ་བ་ལས་འཚོ་ཐབས་དཀའ་བ་བྱུང་སྟེ། སྤྲ་ཁྱུ་འགའ་རེ་ཉེ་འཁོར་གྱི་ཐང་དུ་འོང་ནས་ས་འོག་གི་རྩྭ་ལྡུམ་རྐོ་བ་དང་། རི་དྭགས་ཤི་བ་སོགས་ཀྱི་ཤ་ཡང་ཟ་དགོས་བྱུང་། དེ་འདྲའི་དཀའ་སྡུག་གི་ཀྱག་ཀྱོག་མང་པོའི་ཁྲོད་དུ་ནང་སེམས་ཀྱི་སྟེང་ལ་ཉམས་མྱོང་དང་རྣམ་དཔྱོད་ཆེ་རུ་ཕྱིན་པས་ལོ་ཏོག་སྤོ་འཛུགས་ཀྱི་གསོག་འཇོག་ཤེས་པར་གྱུར་པ་དང༌། ཕྱི་ལུས་ཀྱི་བཀོད་པའང་མིའི་གཟུགས་སུ་འགྱུར་འགོ་ཚུགས། དེ་ནི། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།། ནགས་སུ་རི་དྭགས་ལྟ་བུར་གནས་པ་ཡི།། གློ་དང་མི་རྒོད་ལྟ་བུས་བོད་ཡུལ་གང་།།ཞེས་དང་། མཛོདལས་ཀྱང་། དེ་ནས་རིམ་བཞིན་རོ་ལ་ཆགས།། ལེ་ལོས་གསོག་འཇོག་བྱས་ནས་ནི།། འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྐོས།། ཞེས་པ་དང་ཡང་མཐུན་ནོ།།དེ་ལྟར་གནས་པའི་དུས་སྐབས་དེའི་ཡས་མས་ཞིག་ནས་ད་ནི་མ་འོངས་པར་འཚོ་བའི་མདུན་ལམ་ཐག་གཅོད་བྱེད་པར་ཡངས་ཤིང་རྒྱ་ཆེ་ལ་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་ཤིག་ལ་བརྟེན་དགོས་པར་མཐོང་ནས། ཀ་ཁོལ་མ་ལས་བཤད་པ་ལྟར་སྤྲ་མི་མང་པོ་ཞིག་ཚན་པ་ཚན་པར་བྱས་ཏེ་མཐོ་སྒང་འདི་དང་ཁ་གྱེས་ནས། ཤར་ལྷོ་ནུབ་བྱང་གང་སར་མདུན་བསྐྱོད་བྱེད་བཞིན། ས་བབ་འཕྲོད་ལ། ཐོན་ཁུངས་འབེལ་པོ་ཡོད་པའི་ལུང་པ་དང་ཐུག་དུས་དེར་འཚོ་སྡོད་བྱས། དེ་ལྟར་རང་གི་ཁོར་ཡུག་དང་ཁ་ཟས་སོགས་ཀྱི་ཁྱད་པར་ལས། ཁ་དོག་གི་ཆ་ནས་སྐྲ་རྣམས་སེར་པོ་གྱུར་པ་མ་ཟད་ཤའི་མདོག་ཀྱང་སེར་ཤས་ཆེ་བའི་རིགས་གཅིག་དང་། སྐྲ་རྣམས་གནག་ལ་འཛིངས་པ་མ་ཟད་ལུས་ཀྱི་མདོག་ཀྱང་ནག་པོ་ཡིན་པའི་རིགས་གཅིག །དབྱིབས་ཀྱི་ཆ་ནས་སྣའི་གཟིང་མཐོ་བའམ་སྣ་ལྡོང་བའི་རིགས་གཅིག་དང་། ཡང་སྣ་ལྡོང་པའི་ལྡོག་ཕྱོགས་ཉག་པའམ་སྟོང་པའི་རིགས་གཅིག་སྟེ། རྩ་བའི་རིགས་ཆེ་བ་བཞི་བྱུང་། དེ་དག་རྣམ་པ་གཅིག་ཏུ་ན། སེ། རྨུ། ལྡོང་། སྟོང་ཏེ་བཞི་པོ་རྒྱུད་པ་རྣམས་ལས། དང་པོ་སེ་ནི་ཡོ་རོབ་ཀྱི་མི་རིགས་དང་། གཉིས་པ་རྨུ་ནི་ཨ་ཕི་རི་ཀའི་མི་རིགས། གསུམ་པ་ལྡོང་ནི་རྒྱ་གར་གྱི་མི་རིགས། བཞི་པ་སྟོང་ནི་བོད་དང་སོག་པོ་རྒྱ་ནག་སོགས་ཡིན་ནོ་སྙམ་སྟེ། དེས་ན་འཛམ་གླིང་ཧྲིལ་པོ་འདིར་འཆིས་སོ་ཅོག་གི་མི་ཡི་འགྲོ་བ་མཐའ་དག་པའི་ཐོག་མའི་འབྱུང་ཁུངས་ནི། སེ་རྨུ་ལྡོང་སྟོང་སྟེ་རུས་ཆེན་བཞི་པོ་འདི་ཉིད་ཁོ་ན་ལ་ཐུག་པར་པའང་སེམས་ཏེ། རྒྱུ་མཚན་ད་དུང་སྤྲོས་པས་ཆོག་གོ །དེང་སང་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་འཛམ་གླིང་ཧྲིལ་པོ་འདིའི་ཐོག་མའི་མིའི་འབྱུང་ཁུངས་ནི་ཨ་མི་རི་ཁའི་མི་ཡིན་ཚུལ་ཡང་བཤད་པར་སྣང་མོད། ཁུངས་དང་རྒྱུ་མཚན་ནི་གསལ་པོ་ཤེས་མ་བྱུང་།