བླ་བྲང་དགོན།

ཡོང་ཁུངས་Wikipedia


བླ་བྲང་ནི་བོད་ཀྱི་གྲུབ་མཐའ་དགེ་ལུགས་པའི་་དགོན་སྡེ་གཅིག་རེད། == ལོ་རྒྱུས། ==༄༅།།བླ་བྲང་དགོན་པ། བླ་བྲང་བཀྲ་ཤིས་འཁྱིལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ནུམ་ཁུལ་དང་།བསང་ཆུའི་བྱང་ངོགས་སུ་ཆགས་ཡོད།སྤྱི་ལོ་༡༧༠༩ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོས་ཡུལ་ལྗོངས་མཛེས་པའི་ས་འདིར་དགོན་པ་ཕྱག་བཏབ་གནང་ཞིང་།ལོ་ངོ་༢༨༠ལྷག་ཙམ་གྱི་རིང་བཟོ་བསྐྲུན་དང་རྒྱ་བསྐྱེད་རྒྱུན་མ་ཆད་པར་བཏབ་བས་གྲྭ་ཚང་ཆེན་པོ་དྲུག་དང་།ལྷ་ཁང་དང་ནས་ཆེན་བཞི་བཅུ་ཞེ་བརྒྱད།གྲྭ་ཤག་ལྔ་བརྒྱ་ལྷག་ཙམ་ཡོད་པའི་བསྟན་པའི་གནས་གཞི་ཆེན་པོ་ཞིག་ཏུ་གྱུར་ཏེ་ཨ་མདོ་ཁུལ་དུ་“དབུས་གཙང་ཆོས་ཀྱི་ཞིང་ཁམས་གཉིས་པ་”ཞེས་པའི་མཚན་སྙན་གྱི་གྲགས་པ་འབར་ལ།དབུས་གཙང་གི་འབྲས་སྤུངས་དང་།སེ་ར།དགའ་ལྡན།བཀྲ་ཤིས་ལྷུན་པོ་དང་མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་བཅས་རང་རྒྱལ་གྱི་བོད་བརྒྱུད་ནས་བསྟན་གྱི་དགེ་ལུགས་པའི་གདན་ས་ཆེན་པོ་དག་གི་ནང་དུ་གཏོགས་ཤིང་།དགོནཔའི་ནང་དུ་ཨེ་ཤ་ཡའི་རྒྱན་གཅིག་གུང་ཐང་མཆོད་རྟེན་བཞུགས་ཡོད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཚམ་སྙན་གྲགས་ཆེ་བ་ནི་གྲྭ་ཚང་ཆེན་པོ་དྲུག་སྟེ།རྨད་བྱུང་ཐོས་བསམ་གླིང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་།དུས་འཁོར་གྲྭ་ཚང་།ཨེ་ཝ་ཆོས་འཁོར་གླིང་།སྨན་པ་གྲྭ་ཚང་གསོ་རིགས་གཞན་ཕན་གླིང་།ཀྱེེ་རྡོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་།རྒྱུད་སྟོང་གྲྭ་ཚང་གསང་ཆེན་རྡོ་རྗེ་གླིང་བཅས་ཡིན།གྲྭ་ཚང་དེ་དག་གི་ནང་རྨད་བྱུང་ཐོས་བསམ་གླིང་ནི་དགོན་པ་སྤྱིའི་ལྟེ་གནས་ཡིན་པས་འདུ་ཁང་སྔོན་མ་དང་ཚོགས་ཆེན་འདུ་ཁང་།འདུ་ཁང་ཕྱི་མ་བཅས་གསུམ་གྱིས་གྲུབ་ཡོད་ཅིང་།ཚོགས་ཆེན་འདུ་ཁང་དུ་གྲྭ་བ་མི་གྲངས་༤༠༠༠མཉམ་དུ་ཚོགས་འཚོགས་ཐུབ།དགོན་ནང་གཙུག་ལག་ཁང་གི་བཞེངས་ལུགས་བོད་ལུགས་དང་།རྒྱ་ནག་གསེར་མཁར།རྒྱ་བོད་འདྲེས་མ་བཅས་ཡིན།རྨད་བྱུང་ཐོས་བསམ་གླིང་གི་ཚོགས་ཆེན་འདུ་ཁང་གིས་ལྟེ་བར་མཚོན་པའི་མཐའ་འཁོར་དུ་གཙུག་ལག་སྣ་ཚོགས་ཀྱི་སྐར་མའི་འཁོར་གྱིས་ཟླ་བ་བརྒྱན་པའི་བརྗིག་ཆགས་ཉམས་འགྱུར་གྱི་ཚུལ་དུ་མཆིས།གཙུག་ལག་ཁང་ཡོད་ཚད་ཀྱི་བཟོ་སྐྲུན་རྒྱུ་ཆས་རྡོ་དང་ཤིང་ངམ་ས་དང་ཤིང་རིགས་གཉིས་སུ་འདུས།འདུ་ཁང་དང་ལྷ་ཁང་གི་གྱང་ནི་སྔོན་མོ་རྡོ་ལས་གྲུབ་པ་དེ་འདྲེན་བྱེད་མིག་གི་དགའ་སྟོན་དུ་གྱུར་པས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བཟོ་སྐྲུན་ལ་ཕྱི་ནས་ཤིང་མི་མཐོང་བ་དང་ནང་ནས་རྡོ་མཐོང་རྒྱུ་མེད་པའི་ཁྱད་ཆོས་”ཡོད་པར་གྲགས།གཙུག་ལག་ཁང་གི་ཐོག་སྟེང་ཕྱོགས་བཞི་ལ་སྤེན་བད་ཉིས་བརྩེགས་དང་སྤེན་རྒྱན་གྱི་གྱང་དམར་པོ་དེ་ནི་གཅིག་ནས་ཁང་བརྩེགས་ཀེར་ལྗིད་ཚད་ཡངས་སུ་འགྲོ་བ་དང་གཉིས་སུ་བརྗིད་ཆགས་ལྟ་ན་སྡུག་པའི་ཆོས་ཀྱི་ངོ་མཚར་མཚོན་ཡོད།བླ་བྲང་བཀྲ་ཤིས་འཁྱིལ་ལ་དགོན་པ་གཞན་ལས་ཁྱད་ཆོས་གསལ་པོ་ཡོད་པ་ནི་གསུང་དང་ཐུགས་ཀྱི་རྟེན་རྣམ་གྲངས་མང་ཞིང་ཉར་ཚགས་ཡག་པོ་བྱས་ཡོད་པ་དེ་ཡིན།ལྷག་པར་དུ་བསམ་ཡིད་ལས་འདས་པའི་འཇིག་རྟེན་ན་དཀོན་པའི་རྟེན་ཁྱད་ཁར་ཅན་སྟེ།ཚོན་མདངས་སྣ་ཚོགས་ཀྱི་སྐར་རྡོ་དང་བྱ་རྔ་མོང་གི་འགྱུར་རྡོ།བྱི་རུའི་སྡོང་པོ།བོད་ཡིག་གི་སའི་གོ་ལའི་དཔེ་དབྱིབས།བེེཊྰུཏརྱ་རྡོ་རྗེ་ལམ།མརྒད།པད་རག་སོགས་རིན་པོ་ཆེས་བརྒྱན་པའི་མཆོད་རྟེན།རུས་རྒྱན།འབྲུག་གི་མགོ་རུས།

སྦྲུལ་དཀར་པོའི་རྭ།རྟ་མཆོག་གི་རྭ།གླིང་གེ་སར་རྒྱལ་པོའི་ཁྲབ་རྨོག་དང་རལ་གྲི་སོགས་དང་།འཇམ་དབྱངས་བཞད་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་མནབས་བཟའ་དང་།མཆོད་ཆས།གསེར་ཞྭ།གོང་མས་གནང་བའི་གསེར་ཡིག་དང་གསེར་ཐམ།ཆོ་ལོ་སོགས་འདྲེན་བྱེད་ལམ་དུ་མི་ཤོང་བ་དེ་ཡིན།གཞན་ཡང་རྒྱ་གར་ནས་ཉོང་པའི་ཚོགས་ཁྲོ་ཆེན་མོ་སོགས་གནའ་རྫས་རྩ་ཆེ་བ་བགྲངས་ལས་འདས་པས་རང་རྒྱལ་གྱི་རིག་གནས་སྒྱུ་རྩལ་ནོར་བུའི་བང་མཛོད་ནང་གི་རྩ་ཆེའི་དངོས་རྫས་ཡིན།

བླ་བྲང་བཀྲ་ཤིས་འཁྱིལ་ནི་བརྗིག་ཆགས་སྟོང་གི་གཙུག་ལག་ཁང་དང་མཛེས་སྡུག་འབུམ་གྱི་ཚོན་རིས།བགྲང་ལས་འདས་པའི་ནོར་བུས་མཚན་སྙན་དགུང་དུ་གྲགས་པ་མ་ཟད།རྒྱལ་བའི་གསུང་གི་རྟེན་དང་རིག་གནས་དཔེ་མཛོད་ཕུན་སུམ་ཚོགས་པའང་རང་རྒྱལ་གྱི་དེ་མཚུངས་དགོན་སྡེ་གཞན་གྱིས་འགྲན་ཐབས་མེད་དོ།། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ནི་ཀན་སུའུ་ཞིང་ཆེན་གྱི་བསང་ཆུ་རྫོང་དུ་ཆགས་ཡོད་པ་དང་། དེ་ནི་རབ་བྱུང་བཅུ་གཉིས་པའི་ས་མོ་གླང་སྤྱི་ལོ་༡༧༠༩ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་མཆོག་གིས་དགུང་ལོ་རེ་དྲུག་བཞེས་པའི་ཐོག་གསར་དུ་བཏབ།

བཏབ་སའི་གནས་ནི་དགེ་བཅུའི་ཡོན་ཏན་མཐའ་དག་ཡོངས་སུ་ཚང་ཞིང་ཕྱོགས་དང་ཕྱོགས་མཚམས་སུ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་ཉེ་བར་མཛེས་པ། ཚད་མའི་སྐྱེས་བུ་དུ་མས་ལུང་བསྟན་མེ་ཏོག་དཀར་པོ་ཆར་དུ་བསྙིལ་བའི་སྙན་པ་མངོན་པར་མཐོ་བ། སྔར་ནས་རང་ཆས་སུ་གྲགས་པའི་མིང་ལ་བཀྲ་ཤིས་འཁྱིལ་ཞེས་གྲགས་པའི་གནས་མཆོག་དེ་ཉིད་ཡིན་ནོ།

  དགོན་པ་དེའི་ཕྱོགས་བཞི་རི་ཡི་འདབ་མས་བསྐོར་ཞིང་ཡན་ལག་བརྒྱད་ལྡན་གྱི་བསང་ཆུ་བསིལ་མ་གཡུ་འབྲུག་སྔོན་མོ་བཞིན་དུ་གནས་མཆོག་འདིར་བརྒྱུད་དེ་ཤར་བྱང་ཕྱོགས་ལ་དལ་མོར་འབབ་བཞིན་ཡོད། དེ་ཡང་བསང་ཆུ་ཞེས་ཐོགས་དོན་གནས་དེ་དང་མི་རིང་བའི་བསང་ཁོག་ཡུལ་ནས་བརྒྱུད་འོངས་པས་རེད། དགོན་པའི་མདུན་གྱི་རི་ངོས་ན་ལྗོན་ཤིང་གི་ཕྲེང་བ་ཚར་དུ་མངར་བ་མཆིས་པས་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་མདུན་རི་ནགས་ཚལ་སྤུངས་འདྲ་ཞེས་ཀྱང་བྲིས་འདུག རྒྱབ་ཀྱི་རི་ལ་ནགས་མེད་ཀྱང་འཇམ་ཤིང་མཉེན་པའི་རྩྭ་སྔོན་པོས་ཁེབས་འདུག རི་བོ་དེའི་དབྱིབས་ལ་བཤད་ཚུལ་འདྲ་མིན་མང་ཡང་བོད་ཀྱི་དེབ་ཐེར་ནང་དུ་རྒྱབ་རི་གླང་ཆེན་ཉལ་འདྲ་ཞེས་བྲིས་འདུག མདུན་རིའི་ངོས་ཀྱི་ལྫོན་ཤིང་གི་གསེབ་ནས་བྱ་དང་བྱེའུས་སྐད་སྙན་བར་མེད་དུ་སྒྲོག་པ་དང་། ཞོགས་པའི་དྲི་བཞོན་གྱི་བུ་མོས་ལྗོན་ཤིང་གཞོན་ནུ་རྣམས་ཀྱི་མགུལ་ནས་འཁྱུད་དེ་འདབ་ཆགས་བྱ་ཡི་དབྱངས་སྙན་དང་བསྟུན་ནས་གར་སྟབས་ལིང་ལིང་བསྒྱུར་ཅིང་མཆིས་པས་ཡུལ་གྲུ་དེར་གནས་སྐོར་ལ་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་རྣམས་ཀྱི་ཡོད་དབང་མེད་དུ་འཕྲོག་གོ

  དགོན་པ་དེར་མཚན་ཉིད་གྲྭ་ཚང་(ཐོས་བསམ་གླིང་)དང་། རྒྱུད་སྨད་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་། ཀྱེེ་རྡོར་གྲྭ་ཚང་། རྒྱུད་སྟོད་པ་གྲྭ་ཚང་བཅས་གྲྭ་ཚང་དྲུག་ཡོད་ཅིང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་སྤྱི་ལོ་༡༧༡༠ལོར་མཚན་ཉིད་གྲྭ་ཚང་གསར་དུ་བཞེངས་པ་དང་། སྤྱི་ལོ་༡༧༡༦ལོར་རྒྱུད་སྨད་པ་གྲྭ་ཚང་བཙུགས། འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོས་སྤྱི་ལོ་༡༧༦༣ལོར་དུས་འཁོར་གྲྭ་ཚང་གསར་དུ་བཙུགས་པ། སྤྱི་ལོ་༡༧༧༢ལོར་མཚན་ཉིད་གྲྭ་ཚང་ཇེ་རྒྱས་སུ་བཏང་། སྤྱི་ལོ་༡༧༨༤ལོར་སྨན་པ་གྲྭ་ཚང་གསར་དུ་བཙུགས། ཀྱེེ་རྡོར་གྲྭ་ཚང་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོས་སྤྱི་ལོ་༡༨༧༩ལོར་གསར་དུ་བཙུགས། དེ་མིན་བླ་བྲང་དགོན་པར་ད་དུང་ལྷ་ཁང་མང་པོ་ཡོད་པ་དཔེར་ན། རྗེའི་ལྷ་ཁང་དང་། ཐུགས་རྗེ་ཆེན་པོའི་ལྷ་ཁང་། བྱམས་ཁང་། ཇོ་ཁང་། གདུགས་དཀར་ལྷ་ཁང་། སྒྲོལ་མའི་ལྷ་ཁང་། སེང་གེ་ང་རོའི་ལྷ་ཁང་། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། ཐུབ་བསྟན་ཕོ་བྲང་། མགོན་ཁང་། གཙང་ཁང་སོགས་ལྟ་བུ་དང་། དགེ་འདུན་སུམ་སྟོང་ལྷག་ཤོང་བའི་ཚོམས་ཆེན་འདུ་ཁང་འགྲན་གྱིས་དོ་མེད་ཅིག་ཀྱང་ཡོད།

  དགོན་དེའི་ནང་བཞུགས་སུ་གསོལ་བའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཡོད་ཅིང་། དགོན་དེའི་ རྟེན་གྱི་གཙོ་བོ་ནི་འདུ་ཁང་ནང་གི་གསེར་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་ཇོ་བོ་ཤྰཀྱ་མུ་ནེ་དང་ཞལ་གྱི་དབྱིབས་ཤིན་ཏུ་ཆ་མཚུངས་པ་འདི་ནི་འཇམ་མགོན་ཁྲི་རིན་པོ་ཆེ་ནས་ལྷ་སའི་ཇོ་བོ་རྣམ་གཉིས་གང་རིགས་ཀྱི་འདྲ་ཅོག་ཅིག་རྟེན་འབྲེལ་གྱིས་གདན་དྲངས་དགོས་ཞེས་སྐུལ་མ་གནང་བ་ལྟར་དཔོན་ཇུ་ནང་གིས་གཞུང་ལ་ཞུས་ནས་གདན་དྲངས་(ཇོ་བོ་དེའི་སྐུ་ཚད་ར་མོ་ཆེའི་ཇོ་བོར་ཆ་བཞག ཞལ་དཀྱིལ་ཕྱག་སྟབས་སོགས་ཤྰཀྱ་མུ་ནེར་ཆ་བཞག་ཡོད་པར་གསུངས་སོ་)དྲི་གཙང་ཁང་ནུབ་མའི་རྟེན་གཙོ་གསེར་ཟངས་ལས་བཞེངས་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་བཟང་པོའི་བཞུགས་སྟངས་ཅན་ཉིས་ཐོག་དང་མཉམ་པ་ཡོད་པ་དང་། གཡས་གཡོན་དུ་རྗེ་རིན་པོ་ཆེ་དང་། མར་མེ་མཛད། ཉེ་བའི་སྲས་བརྒྱད་དང་བཅས་པའི་སྨན་སྐུ་ཐོག་ཚད་དང་མཉམ་པ་འདི་དག་འཇམ་མགོན་ཁྲི་རིན་པོ་ཆེས་བཞེངས་ཤིང་གཟུངས་གཞུག་རབ་གནས་སོགས་བྱམས་ཆེན་དང་མཉམ་དུ་མཛད།

  གཙང་ཁང་ཤར་གྱི་རྟེན་གྱི་གཙོ་བོ་ནི་ཀུན་མཁྱེན་གོང་མ་རྣམ་གཉིས་ཀྱི་སྐུ་གདུང་རིལ་བུར་བཞུགས་པའི་མཆོད་རྟེན་རིན་པོ་ཆེ་གཉིས་ཡིན་ཏེ། དེ་ཡང་ཀུན་མཁྱེན་གོང་མའི་སྐུ་གདུང་རིལ་བུར་བཞུགས་པའི་བྱང་ཆུབ་མཆོད་རྟེན་བང་རིམ་མན་ཆད་དངུལ་དང་། བུམ་པ་ནས་ཉི་ཟླའི་བར་གསེར་བཟང་པོ་འབའ་ཞིག་ལས་བསྒྲུབས་པ་བཟོ་བཀོད་ཁྱད་པར་དུ་འཕགས་པ་འདི་ཉིད་མིའི་དབང་མོ་རྣམ་རྒྱལ་སྒྲོལ་མས་བཞེངས། དེའི་གཡོན་གྱི་སྐྱོན་མགོན་མཆོག་གི་སྐུ་གདུང་རིལ་བུར་བཞུགས་པའི་དངུལ་གྱི་མཆོད་རྟེན་འདི་ཉིད་ཕྱག་མཛོད་དར་ཧན་ཆོས་རྗེ་བློ་བཟང་དར་རྒྱས་ཀྱི་དུས་སུ་བླ་བྲང་ཆེན་མོ་ནས་བཞེངས་ཤིང་། སྐུ་གདུང་ཕྱག་མཉམ་བཞག་མཛད་པའི་མཐིལ་ན་ཀུན་མཁྱེན་གོང་མས་དཔོན་ཇུ་ནང་ལ་གནང་བའི་ཚེམས་རིང་བསྲེལ་སྐྱ་ཁྲོམ་མེ་བ་ཤེལ་གྱི་ཁང་བཟང་གསེར་གྱི་རྒྱ་ཕིབས་དང་བཅས་པ་བཞུགས། དེའི་གཡོན་གྱི་དངུལ་གྱི་མཆོད་རྟེན་འདི་ནི་གནའ་དུས་ཀུན་མཁྱེན་མཆོག་གི་སྐུ་གདུང་རིལ་བུར་བཞུགས་པའི་མཆོད་རྟེན་ཡིན་ལ་ཕྱིས་སུ་སྐུ་གདུང་གོང་གསལ་གྱི་མཆོད་རྟེན་དུ་གདན་དྲངས་ཤིང་ད་ལྟ་ཆོས་སྐུའི་རིང་བསྲེལ་གྱིས་བྱུར་བུར་བཀང་སྟེ་ཡོད་དོ།

  གཞན་ཡང་ལྷ་ཁང་དང་གྲྭ་ཚང་ཁག་ཏུ་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས་ཡོད་པ་དང་། གསུང་རྟེན་གྱི་ཆ་ནས་སྡེ་དགེ་དང་། སྣར་ཐང་། ཅོ་ནེའི་དཔར་མ་བཅས་ཡིན་པའི་བཀའ་འགྱུར་དང་བསྟན་འགྱུར་ཡོད་པ་དང་། གསུང་རྩོམ་གྱི་ཆ་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཀུན་མཁྱེན་རིམ་བྱོན་གྱི་གསུང་འབུམ་སོགས་མཐའ་ཡས་ཏེ་ཞིབ་པར་གཟིགས་འདོད་ན་བླ་བྲང་ན་བཞུགས་པའི་བཀའ་བསྟན་ཁག་གཅིག་གི་དཀར་ཆག་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན་དུ་ཞིབ་པར་གསལ།

  བླ་བྲང་དགོན་བཏབ་ནས་ལོ་ཉིས་བརྒྱ་ལྷག་གི་རིང་ལ་མཁས་བཙུན་བཟང་གསུམ་ལྡན་ཞིང་འཆད་རྩོད་རྩོམ་གསུམ་ལ་མངའ་བརྙེས་པའི་མཁས་པ་སྐར་ཚོགས་ལྟར་གྲངས་མང་བ་དང་། སྒོས་སུ་འཇམ་དབྱངས་སྐུ་ཕྲེང་དང་པོ་དང་གཉིས་པ། གུང་ཐང་བསྟན་པའི་སྒྲོན་མེ། ཞང་བསྟན་པ་རྒྱ་མཚོ། ཤེས་རབ་རྒྱ་མཚོ། ངག་དབང་པཎྡི་ཏ་དཀོན་མཆོག་རྒྱལ་མཚན། གུང་ཐང་བློ་གྲོས། བླ་ཁོ་རིན་པོ་ཆེ། བྲག་དགོན་པ་བསྟན་པ་རབ་རྒྱས། དཔའ་རིས་རབ་གསར་སོགས་མཁས་པའི་ཡང་རྩེར་གསོན་པ་མཁས་མང་རྒྱུ་སྐར་གྱི་ཁྲོད་དུ་ཉི་ཟླ་ལྟར་བྱོན།

ཆོས་ལུགས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

བོད་པའི་དགོན་སྡེའི་ཐོ།

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]