བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ།

ཡོང་ཁུངས་Wikipedia

བེ་རི་འཇིགས་མེད་དབང་རྒྱལ།

རང་རེ་ཁ་བ་གངས་ཅན་པའི་ཡུལ་གྲུར་བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ་ལ། སྔོན་དུས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བཤད་སྲོལ་མི་འདྲ་བ་དུ་མ་ཞིག་མཐོང་སྟེ། མིང་འདི་ཉིད་རྗེས་གྲུབ་ཏུ་འདོད་པ་དང། འདོད་རྒྱལ་དུ་འདོད་པ་གཉིས་ལས། དང་པོ་རྗེས་གྲུབ་ཏུ་འདོད་པ་ཁ་ཅིག་གིས། ཡུལ་གྲུ་འདིའི་ཡབ་མེས་གོང་མ་རྣམ་པས་སྐབས་གཤེན་རབ་བོན་གྱི་བླ་མ་བསྟེན་ནས་རང་གི་མངའ་ཁོངས་ཡོངས་སུ་བོན་གྱི་སྲོལ་རྒྱུན་འཛིན་བའི་ཆོས་ལུགས་ཀྱིས་ཁྱབ་པ་ན། རྒྱལ་ཁབ་ལ་བོན་རྒྱལ་ཁབ་དང་མི་ལ་བོན་མི་ཞེས་པའི་ཐ་སྙད་འདི་བྱུང་ཞིང་། དུས་ཕྱིས་རྒྱལ་ཐོག་སོ་གསུམ་པ་སྲོང་བཙན་གྱི་སྐབས་སུ་བོན་སྟོན་དང་། བཙན་པོའི་བར་རྒྱལ་ཁབ་ཀྱི་བདག་དབང་ཐོག་འདུམ་ཐབས་མེད་པའི་རྩོད་གླེང་བྱུང་བས། བོན་སྲོལ་འབུར་འཇོམས་བྱས་ཏེ་འཕགས་པའི་ཡུལ་ལས་ནང་ཆོས་གདན་འདྲེན་ཞུས་པ་ནས། རང་གི་མངའ་ཁུལ་གྱི་མིང་ལའང་བོན་ཞེས་འདོགས་པ་དེར་མ་མཉེས་ནས་བསྒྱུར་བཅོས་ཀྱིས་རྗེས་འཇུག་ད་ཡིག་བཞག་པས། དུས་ཕྱིས་བོད་ཅེས་པའི་མིང་འདི་བྱུང་བར་བཤད་ལ། དེ་ལྟར་ན་བོད་ཅེས་པ་འདི་ཉིད་ཆོས་ལུགས་ཀྱི་མིང་ཡུལ་གྲུ་དང་རྒྱལ་ཁབ་ལ་ཐོགས་པ་ཞིག་ཡིན་ནོ།། ཡང་འགའ་ཞིག་གིས་གནའ་བོའི་ཡི་གེ་ནང་མཐའ་རྟེན་ད་དང་ན་ལ་ཁྱད་པ་དེ་ཙམ་མེད་དེ། དཔེར་ན་རྒྱལ་པོའམ་བཙན་པོ་ལ་བཙད་པོ་ཟེར་བ་ལྟ་བུ་དུ་མ་བྱུང་བ་ལྟར། བོན་དང་བོད་ཅེས་པ་གནའ་བོའི་སྐབས་གང་བདེར་སྤྱོད་ཆོག་པ་དང་དུས་ཕྱིས་བོད་ཅེས་པ་ཡོངས་ཁྱབ་ཏུ་གྱུར་པར་བཤད། ལ་ལ་ལྷ་ལས་ཕུལ་བྱུང་གི་འགྲེལ་པ་ལས་བཤད་པ་ལྟར། རྩོད་དུས་ཀྱི་བསྐལ་བ་ཚུགས་པའི་སྐབས་སྐྱ་སེང་བུ་ལྔ་དགྲ་ངན་དཔུང་ཚོགས་བཅུ་གཉིས་དང་གཡུལ་བཀྱེས་པས་ཕམ་སྟེ་བྱང་ཕྱོགས་ཁ་བ་ཅན་དུ་བྲོས་པ་ལས། བྲོས་ཅེས་པའི་མིང་ཐོགས། དེ་ཉིད་རིམ་གྱིས་ཟུར་ཆག་ཏེ་བོད་ཅེས་འདོགས་པར་བཤད་ལ། དེ་ལྟར་ན་བོད་ཅེས་པ་འདི་ཉིད་བྲོས་ཅེས་པ་ཟུར་ཆག་ནས་བོད་ཅེས་གྲུབ་བོ་ཞེས་ཟེར་ཏེ། དེ་ལྟར་ན་བོད་ཅེས་པའི་མིང་འདི་ཉིད་ཟུར་ཆག་གི་མིང་དུ་ངོས་འཛིན་བྱེད་དགོས་པ་ཡིན་ནོ།།དེ་ལྟ་ནའང་ལྷ་ལས་ཕུལ་བྱུང་གི་འགྲེལ་པར། དེ་ལྟར་ཡོད་པ་བཤད་པར་ནེའུ་པལ་པ’‘ཎྜིཏ་སྨོན་ལམ་བློ་གྲོས་ཀྱིས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། རི་བྲག་པ་སྐྱ་སེང་གི་བུ་ལྔ་ཚིགས་ཡིན་པར། སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་བ་ལས་བཤད་ཅེས་ཟེར་བ་ནི། སྣར་ཐང་བ་རིག་རལ་གྱིས་རྫུན་ཡིན་ཏེ། དེ་ལས་མ་བཤད་པའི་ཕྱིར་རོ།།ཞེས་དང་། དཔའ་བོ་གཙུག་ཕྲེང་པས། ཀུན་མཁྱེན་བུས་བསྟོད་འགྲེལ་གྱི་ལུང་གིས་བོད་སྤྱིའི་མི་རྣམས་རུ་པ་ཏི་ལས་ཆད་པ་ཞེས་སོགས་མང་དུ་སྣང་ཡང་དག་པར་མ་མཐོང་། ཞེས་དགག་པར་མཛད་འདུག་པས་བོད་ཅེས་པའི་མིང་འདི་རྒྱ་གར་བའི་མི་འགའ་ཞིག་གི་བུད་ཤུལ་ལ་བརྟེན་ནས་བཏགས་པའི་ཨུ་ཚུགས་དགོས་དོན་གང་ཡང་མི་འདུག་སྙམ། ཡང་ཁ་ཅིག་བོད་ཅེས་པའི་མིང་འདིའི་ཐོག་མའི་འབྱུང་ཁུངས་ནི། རྒྱ་གར་ནས་བྱུང་བ་ཡིན་ཏེ་རྒྱ་གར་བས་བོད་ལ་བློ་ཞེས་འདོད་རྒྱལ་ཏུ་འབོད་པ་དེ་ཉིད། ཐོན་མིས་བོད་ཡིག་གཏན་འབེབས་བྱས་པའི་རྗེས་བོད་ཡིག་ནང་འཐུག་པོ་„Ë་དང་ལོག་ཡིག་ཊ་མེད་པས། རྒྱ་ཡིག་ལྟར་འབྲི་ཐབས་མ་བྱུང་ཡང་རྒྱ་གར་བའི་སྐད་ཀྱི་„བྷོ་ཊ་དང་སྒྲ་གདངས་མཐུན་པ་ཡོང་བའི་ཆེད་དུ་བོད་ཅེས་བྲིས་པར་བཤད་ཅིང་། དེ་ལྟ་ན་རྒྱ་གར་བའི་སྐད་ཡིག་ཟུར་ཆགས་པ་ལ་བོད་ཅེས་པའི་མིང་འདི་གྲུབ་པར་འདོད་དགོས། དེ་ལྟ་ནའང་འདིར་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་རྒྱལ་རབས་དེབ་ཐེར་དཀར་པོ་ལས། དེ་ཡང་རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས་རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་གྲགས། རྒྱ་གར་བ་རྣམས་རང་རེ་ལ་བྷོཊ་ཞེས་བྱ་བར་འབོད། དེ་ནི་གནའ་དུས་ཀྱི་ཀློག་ལ་བོད་ཅེས་བརྗོད་ཚེ་བོ་དང་ད་སྒྲ་གཉིས་ཀ་གསལ་བར་ཐོན་པའི་དབང་གིས། བོད། „བྷོ་ཊ། བྷོཊ། ཞེས་རིམ་གྱིས་འགྱུར་ནས། དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་གར་དུ་ཕར་ཟུར་ཆག་པ་ཡིན་གྱི། རྒྱ་གར་བས་ཚུར་བཏགས་པ་ཞིག་ནི་མིན་པར་སེམས། ཞེས་གསུངས་པ་ལྟར་རང་རེས་གདོད་མ་ནས་བོད་ཅེས་འབོད་པ་དེ་རྒྱ་གར་དུ་ཕར་དར་ནས་འབོད་པ་མ་གཏོགས། བོད་ཅེས་པའི་མིང་འདི་རྒྱ་གར་བས་ཚུར་བཏགས་པ་ཞིག་དང་། དེ་ལྟར་བཏགས་པའི་འགྲེལ་བཤད་ཅིག་རྒྱབ་ཐུབ་ན་གཟི་བརྗིད་དང་ཁུངས་བཙུན་པར་བསམ་ནས་འགྲམ་ཆུ་ལྡང་དགོས་དོན་གང་ཡང་མེད་དེ། རང་གི་ཡུལ་ལྗོངས་ཀྱི་མིང་དེ་རང་གི་ཡབ་མེས་ཚོས་བཏགས་པའི་ཁུངས་འཚོལ་ཞིང་དེ་ལྟར་རྙེད་ན་གཟི་བརྗིད་དངོས་དེ་ཉིད་ཅིའི་ཕྱིར་མིན། ཡང་ལོ་རྒྱུས་སྨྲ་བ་ཁ་ཅིག །བོད་ཅེས་པའི་མིང་འདིའི་འབྱུང་ཁུངས་ནི། རྣམ་དབྱེ་བརྒྱད་པ་བོད་སྒྲས་བཏགས་པ་ཡིན་ཏེ། དེ་ཡང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀ་བོད་ཀྱི་ས་ཁྱོན་ལྟོས་གཞི་བྱས་ན། ཤིན་ཏུ་རྒྱ་ཆེ་ཞིང་། དེ་གཉིས་ལ་ལྟོས་ན། བོད་ཀྱི་ས་ཁྱོན་ཧ་ཅང་ཆུང་བས་ས་མཚམས་ཀྱི་མགོ་ནས་ཀ་ཡེ་ཞེས་བོད་པར་བྱེད་ན་མཇུག་ནས་ཨ་ལན་སྟེར་ཐུབ་པས་དེ་ལྟར་བཏགས་པར་འདོད། འདིས་ལྟར་ན་ས་ཁྱོན་ལ་རྟེན་ནས་བཏགས་པར་འདོད་དགོས། བཤད་ཚུལ་འདི་ནི་ཤིན་ཏུའང་མི་རིགས་ཏེ། ཁོང་ལ་བོད་ཅེས་པའི་མིང་འདི་སྲོང་བཙན་སྒམ་པོའི་སྔོན་ནས་བཏགས་ཟིན་པ་ཞིག་ཡིན་ནམ། ཡང་ན་སྲོང་བཙན་གྱི་རྗེས་སུ་བཏགས་པ་ཡིན། ཞེས་འདྲི་བར་བྱ་ཞིང་། སྲོང་བཙན་གྱི་སྔོན་དུ་བཏགས་པ་ཡིན་ན་ནི། དེའི་སྔོན་དུ་ཁྱིམ་མཚེས་རྒྱ་དཀར་ནག་གཉིས་ཡོད་པ་ཧ་གོ་ཙམ་མ་གཏོགས་རྒྱ་དཀར་ནག་གཉིས་དང་དམིགས་བསལ་ཀྱི་འགྲོགས་འདྲིས་ཆེན་པོ་གང་ཡང་མེད་པས། དེ་གཉིས་ཀྱི་ས་ཁྱོན་ཆེ་ཆུང་ཇི་ཙམ་ཡོད་མེད་མི་ཤེས་ཤིང་། དེ་གཉིས་ཀྱི་ས་ཁྱོན་ཆེ་ཆུང་ཇི་ཙམ་ཡོད་མེད་མི་ཤེས་པར། དེ་ལ་ལྟོས་ནས་བོད་དེ་ས་ཁྱོན་ཧ་ཅང་ཆུང་བ་ཡིན་པ་ཤེས་དོན་ག་ལ་ཡོད། དེར་བརྟེན་དེ་ནི་དངོས་ཡོད་ལོ་རྒྱུས་དང་མི་མཐུན་ཞིང་། གལ་ཏེ་སྲོང་བཙན་གྱི་རྗེས་སུ་བོད་ཅེས་པའི་མིང་འདི་བཏགས་པར་འདོད་ན་ཤིན་ཏུ་མི་འཐད་དེ། ཏུན་ཧོང་ནས་འཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆ་ལས། བོད་ཀ་ཡག་དྲུག་གི་རྗེ་གཤེགས་སོ།།ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས།། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།། ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།། ཞེས་བོད་ཀྱི་རྒྱལ་རབས་གོང་མ་མ་སངས་སྤུན་དགུས་དབང་སྒྱུར་བྱེད་པའི་སྐབས་ནས། བོད་ཅེས་པའི་མིང་འདི་འདོགས་པ་བཤད་པས། སྲོང་བཙན་གྱི་སྔོན་དུ་བོད་ཅེས་པའི་མིང་འདི་མེད་པར་བཤད་ཐབས་ག་ལ་ཡོད། རིགས་པའི་ལམ་ནས་ཀྱང་ཤིན་ཏུ་འགལ་ཏེ། སྲོང་བཙན་ཀྱིས་རྒོད་ཀྱི་སྟོང་སྡེ་དྲུག་ཅུའི་དམག་ཤུགས་ལ་བརྟེན་ནས། འཛམ་གླིང་སུམ་གཉིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་རླུང་ལྟར་གྲགས་བཞིན་དུ། ཁྱིམ་མཚེས་རྒྱ་དཀར་ནག་གཉིས་ལ་ལྟོས་ནས་ས་ཁྱོན་ཆུང་བར་བཤད་པ་ནི། ཀླད་རྒྱ་ཆུང་དྲགས་པའི་སྐྱོན་ཡིན་ན་མ་གཏོགས་བཤད་ལུགས་མེད་པ་ཞིག་ཡིན་ནོ།།དེ་ལྟར་ཡིན་བཞིན་དུ་ལོ་རྒྱུས་སྨྲ་བའི་གྲལ་གསེབ་ཏུ་འཚང་བ་ནི། མི་རིགས་རང་གི་ལོ་རྒྱུས་ལ་རྨ་འབྱིན་པའི་མཚོན་ཆ་ཞིག་ལས། ལོ་རྒྱུས་ཀྱི་བདེན་ཁ་གསལ་བའི་ཆེ་མཐོང་རྒྱངས་ཤེལ་ཞིག་ག་ལ་ཡིན་ཏེ་མ་ཡིན་པས། སྐྱེ་བོ་དེ་དག་ཅིས་ཀྱང་ཁ་བཙུམས་ནས་བསྡད་ན་མཛེས་སོ།།ཞེས་ཀྱང་བསྐུལ་ལོ།། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ནི། བོད་ཀྱི་མི་རིགས་འདི་ཐོག་མར་ཆགས་ནས་རྒྱུན་རིང་སོང་བའི་རྗེས་རང་རང་གི་འཚོ་བའི་རྟེན་གཞིའི་ཆེད། རི་ཀླུང་གང་སར་ཕན་ཚུན་ཁ་གྲམ་ནས་འཚོ་སྡོད་བྱས་པར་སྐབས་འགར་རྐུན་ཇག་དང་། དེ་བཞིན་གཅན་གཟན་སོགས་ཀྱི་གནོད་འཚེ་དང་འཇིགས་པ་བྱུང་ཚེ། ལུང་པའི་ཕུ་འདའ་ཡས་མས་དུ་ཀི་དང་ཝ་ཡེས་འབོད་སྐད་ཡང་ཡང་སྒྲོག་པའི་ལུགས་སྲོལ་རྒྱུན་ལྡན་དུ་དར་བ་ལས། བོད་ཅེས་པའི་མིང་འདི་བླ་དྭགས་སུ་བཏགས་པར་བཤད་ཅིང་། འདི་ཉིད་དོན་དངོས་ལ་གནས་མིན་ཇི་ལྟར་ཡང་བོད་ཀྱི་གནའ་རབས་ལོ་རྒྱུས་ལ་ཞིབ་དཔྱད་བྱས་པའི་ལུགས་དང་མཐུན་ཞིང་མཚམས་པར་སྣང་། འདི་ལྟ་ན་བོད་ཅེས་པའི་མིང་འདི་བོད་པའི་སྒྲ་ལ་བརྟེན་ནས་བཏགས་པ་འདོད་དགོས་སོ།། ཉེ་ཆར་རྒྱ་གར་གྱི་མ་ན་ལི་ལོ་རྒྱུས་ཤིག་གི་ནང་དུ། སྔོན་བསྐལ་པ་ཉིས་ལྡན་གྱི་སྐབས་སུ་རྒྱལ་པོ་སྲིད་སྒྲུབ་ཀྱིས་སྲིན་པོའི་རྒྱལ་པོ་དང་གཡུལ་བཀྱེས་ཏེ་ཕམ་པར་བྱས། དེའི་བུ་མོ་སྲིན་མོ་ཧ་ཌི་མ་ཞེས་པ་ཆུང་མར་བསུས་ནས་བུ་གཉིས་སྐྱེས་པ་ལ་ཆེ་བ་སྲིན་པོའི་རྒྱལ་པོར་བསྐོས། ཆུང་བ་བྷོཊ་ཞེས་པར་ཁྱོད་རང་རོ་ཐང་བརྒལ་ནས་གངས་ཧི་མ་ལ་ཡི་ཕ་རོལ་ཏུ་སོང་ལ་དེར་གནས་གཞི་བྱས་ནས་སྡོད་དང་། དེར་མུ་འཐུད་ནས་རྒྱལ་སྲིད་སྐྱོང་བར་ནུས་པའི་ལུང་བསྟན་བཞིན་སོང་། བུ་བྷོཊ་ཞེས་པ་དེ་གང་དུ་སྡོད་པའི་ས་གནས་དེར་„„བྷོ་ཊ་ཞེས་བཏགས་ཤིང་། དེའི་མི་རྒྱུད་རྣམས་ཀྱི་ས་ཁྱོན་རྒྱ་བསྐྱེད་ཇི་ཙམ་བཏང་བ་དེ་ཙམ་དུ་བྷོཊ་ཞེས་པའི་མིང་གིས་ཁྱབ་ནས། མཐར་རྒྱ་ཕྲན་སིལ་མ་བཅུ་གཉིས་ལ་དབང་བསྒྱུར་བྱས་པ་ནས་བོད་ཅེས་པའི་མིང་དེ་ཡང་ཡུལ་ལྗོངས་སྤྱི་ཁྱབ་ཀྱི་མིང་ཞིག་ཏུ་གྱུར་བར་བཤད་ཅིང༌། བཤད་ཚུལ་འདི་ནི་དེ་སྔོན་བོད་ཀྱི་ལོ་རྒྱུས་སྨྲ་བ་སུས་ཀྱང་མཐོང་མ་མྱོང་བའི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་ཕལ་ཆེར་ཡིན་ངེས་ཤིང་། འདི་དང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་བོད་ཀྱི་མི་རྒྱུད་ལྷ་ནས་ཆད་པར་བཤད་པ་དང་ཅུང་ཟད་མཐུན་པར་སེམས་ཏེ། སྲིད་སྒྲུབ་ལྷའི་གདུང་རྒྱུད་ཡིན་པ་རིག་བྱེད་པའི་གཞུང་དུ་གསལ་བས་སོ།།བཤད་ཚུལ་འདི་ལྟ་ན་བོད་ཅེས་པའི་མིང་འདི་མི་བྱེ་བྲག་པ་ཞིག་གི་མིང་ཡུལ་ལྗོངས་སྤྱི་ཁྱབ་ལ་འཕོས་སོང་བར་འདོད་དགོས་པ་ཡིན་ནོ།། གོང་གསལ་བཤད་ཚུལ་འདི་ལྟར་ན་རང་རེ་བོད་ཀྱི་སྣོད་བཅུད་བཀོད་པ་དང་བཅས་པ་ཆགས་ནས་མི་ལོ་ཁྲི་ཕྲག་མང་པོ་སོང་བར་མཚོན་པས། སྲིད་སྒྲུབ་ཀྱི་བུས་བོད་ཀྱི་ཡུལ་ལྗོངས་དབང་བསྒྱུར་བྱས་ཡོད་མིན་ཇི་ལྟར་ཡང་། བསྐལ་པ་ཉིས་ལྡན་གྱི་སྐབས་སུ་མི་ཡུལ་དུ་བྱུང་བའི་སྲིད་སྒྲུབ་ཀྱི་དུས་ཐོག་ཏུ་རང་རེ་བོད་ཀྱི་སྣོད་བཅུད་ཆ་ལག་དང་བཅས་གྲུབ་ཟིན་པའི་བདེན་དཔང་འཕེར་བ་ཡིན་ནོ།། རྒྱ་ནག་ཐང་རྒྱལ་རབས་ཀྱི་ཡིག་ཚང་གསར་རྙིང་དུ། བོད་ལ་ཐུ་„བྷོད་ཅེས་འདོགས་ཤིང་། དེ་ཡང་ཞིབ་ཏུ་བརྩད་བཅད་ན་མེས་དབོན་རྣམ་པའི་སྐུ་རིང་ལ། འཛམ་གླིང་ས་ཁྱོན་ཕལ་ཆེ་བ་བཙན་པོའི་ལུང་རྒྱུག་པ་ལ་བརྟེན་ནས། ཆེན་པོ་བོད་ཅེས་པ་ཕྱེད་སྒྲ་བསྒྱུར་ཕྱེད་དོན་བསྒྱུར་གྱིས་ཏུ་„བྷོད་ཅེས་བཏགས་པ་ཡིན་ཏེ། གནའ་བོའི་རྡོ་རིང་ངོས་སུ་ཏུ་„བྷོད་ཅེས་བྲིས་ཡོད་པ་འདིས་ཤེས་ནུས་ཤིང་། དུས་ཕྱིས་རྒྱ་སྐད་རིམ་གྱིས་ཟུར་ཆག་སྟེ་ཐུ་„བྷོད་ཅེས་པར་འགྱུར་བ་དང། སྐད་སྲོལ་དེ་རིམ་པར་བཞིན(Tibet)ཞེས་དབྱིན་ཡིག་ཐོག་གི་འཛམ་གླིང་སྤྱི་པའི་བོད་ཀྱི་མིང་དུ་ཆགས་པ་ཞིག་ཡིན་ནོ།།འདི་ནི་བོད་མངའ་ཐང་དར་བའི་སྐབས་ཀྱི་ཆེན་པོ་བོད་ཅེས་པ་རྒྱ་སྐད་ཐོག་ཟུར་ཆག་པ་ལས་བྱུང་བའི་བོད་ཀྱི་མིང་དུ་ངོས་འཛིན་བྱེད་དགོས་པ་ཡིན་ནོ།། དུས་ཕྱིས་དུས་རབས་བཅུ་བདུན་ཡས་མས་སུ་རྒྱ་ནག་ཆིང་དང་། མིང་རྒྱལ་རབས་སོགས་ཀྱི་སྐབས་སུ། ཤིས་གཙང་། ཞེས་འབོད་པ་ནི་སྲིད་དོན་གྱི་གཡོ་སྒྱུས་དྲི་མས་བསྲེ་ལྷད་བཅུག་པའི་ཐ་སྙད་འཐུས་ཡོངས་སུ་མི་ཚང་པ་ཞིག་ཡིན་ནོ།། གཉིས་པ་ནི། བོད་ཀྱི་ལོ་རྒྱུས་སྨྲ་བ་ཁག་གཅིག་གིས། བོད་ཅེས་པའི་མིང་འདི་རྒྱུ་མཚན་དང་ཆ་རྐྱེན་གང་ཡང་སྔོན་དུ་མ་སོང་བར་བསྐལ་པ་ཆགས་པ་ནས་གནའ་བོའི་ཡུལ་མི་རྒན་པོ་ཚོས། རང་དབང་འདོད་རྒྱལ་གྱི་སྒོ་ནས་བོད་ཅེས་བརྡ་སྦྱར་བའི་འདོད་རྒྱལ་གྱི་མིང་ཡིན་པ་ལས་འདྲ་འབྲེལ་གང་གི་སྒོ་ནས་ཀྱང་བཏགས་པ་མིན་ཞེས་བརྗོད་དེ། དེབ་དཀར་མཁན་པོས། རྣམ་པར་གཅིག་ཏུ་ན། དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པའང་སྲིད་ཅེས་གསུངས་ཏེ། གོང་གསལ་ལོ་རྒྱུས་ཀྱི་རྒྱུད་རིམ་དངོས་དང་བསྡུར་ནས་བོད་ཅེས་པའི་མིང་འདོགས་བྱུང་ཚུལ་བཤད་པ་དེ་དག་མཐའ་གཅིག་ཏུ་འགོག་པ་མི་སྤོབས་ཀྱང། ཕྱི་མའི་བཤད་པ་འདི་ཉིད་ཅུང་ཟད་འཐད་ཆེས་པར་སེམས་ཏེ། ཏུན་ཧུང་ནས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆར། བོད་ཀ་ཡག་དྲུག་གི་རྗེ་གཤེགས་སོ།། ཞེས་དང་། ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་ལས། བདུན་པ་མ་སངས་སྤུན་དགུས་དབང་བྱས་ཏེ།། ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར།། ཞེས་རང་རེའི་བོད་ཀྱི་སྣོད་བཅུད་འདིའི་བསྐལ་པ་ཡར་ཐོག་གི་སྐབས་ནས་བོད་ཅེས་པའི་མིང་འདི་འདོད་རྒྱལ་དུ་བཏགས་ཟིན་པ་དང། མ་སངས་སྤུན་དགུ་དང་གཉའ་ཁྲི་བཙན་པོ་སོགས་ཀྱི་མངའ་རིས་ཇི་ཙམ་རྒྱ་བསྐྱེད་བཏང་བ་དེ་ཙམ་གྱིས་བོད་ཅེས་པའི་མིང་འདི་ཡང་ཁྱབ་ཇེ་ཆེར་སོང་བ་ནས། ཆོས་རྒྱལ་མེས་དབོན་རྣམ་པའི་སྐབས་ས་ཆེན་པོ་འདིའི་སུམ་ཆ་གཉིས་ལ་བོད་ཅེས་པའི་མིང་འདིས་ཁྱབ་ཅིང༌། དེ་ལའང་ནང་གསེས་བོད་དང་བོད་ཆེན་པོ་གཉིས་སུ་ཕྱེས་པའི་རྒྱལ་པོས་དབང་བསྒྱུར་བྱས་པའི་ས་ཁུལ་ལྟེ་གནས་དང་ཁ་ཐག་ཉེ་བའི་ཡུལ་གྲུ་རྣམས་ལ་བོད་དང་། དེ་ལས་རྒྱང་ཐག་རིང་བའི་མཐའ་མཚམས་ཁུལ་གྱི་ཡུལ་གྲུ་རྣམས་ལ་བོད་ཆེན་པོ་ཞེས་པའི་ཐ་སྙད་སྦྱར་བ་ཡིན་ལ། དེ་ཡང་འདིའི་ཚུན་ཆད་བོད་དང་། འདིའི་ཕན་ཆད་བོད་ཆེན་པོ་ཞེས་པའི་ཐ་ཚིག་མཐའ་གཅིག་ཏུ་ཁ་ཚོན་ཆོད་པའི་ས་མཚམས་ཤིག་གཏན་འཁེལ་བ་མེད་དེ། རེས་འགར་མངའ་རིས་དང་དབུས་གཙང་ལ་བོད་དང་། མདོ་ཁམས་སྒང་དྲུག་ལ་བོད་ཆེན་པོ་ཞེས་བཏགས་པ་དང་། སྐབས་འགར་མངའ་རིས་སྐོར་གསུམ་ལ་བོད་དང་། དབུས་གཙང་ཁུལ་དུ་བོད་ཆེན་པོའི་ཐ་སྙད་སྦྱར་བའང་བཀའ་གདམས་གླེགས་བམ་དུ་སྣང་བས་སོ།། འདི་དང་བོད་ཕྱི་ནང་ཞེས་པའི་ཐ་སྙད་གཉིས་མི་འདྲ་སྟེ། བོད་ཕྱི་མ་དང་ནང་མ་ཞེས་པ་ནི་ཆིང་གོང་མའི་སྲིད་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་རྒྱུའི་ངན་འཆར་འོག །མདོ་སྟོད་སྨད་ཕལ་ཆེ་བ་རྒྱ་དང་ཁད་ཉེ་བས་བོད་ནང་མ་དང་། གཞན་རྣམས་ལ་བོད་ཕྱི་མ་ཞེས་བཏགས་པའི་ཐ་སྙད་མ་རུངས་པ་ཞིག་ཡིན་པའང་འཕྲོས་གླེང་ཙམ་སྟེ། མདོར་ན་གོང་གི་ལོ་རྒྱུས་ཡིག་ཆ་ཁུངས་ལྡན་དེ་དག་ལ་བརྟེན་ནས་བོད་ཅེས་པའི་མིང་འདི་བསྐལ་པ་ཡ་ཐོག་ནས་བྱུང་བའི་གནའ་མི་རྒན་པོ་ཚོས་འདོད་རྒྱལ་དུ་བཏགས་པའི་དངོས་མིང་ཞིག་ཏུ་འཁུམས་སོ།། དེ་ལས་གཞན་ཁ་བ་ཅན་དང་། གངས་ཅན། བསིལ་ལྡན་ཞིང་ཁམས། བོད་ལྗོངས། གངས་ལྗོངས། བསིལ་ལྗོངས་ཞེས་སོགས་ནི། དུས་ཕྱིས་སྙན་ངག་པ་དང་ལོ་རྒྱུས་སྨྲ་བ་ཚོས་ས་བབ་དང་གནམ་གཤིས་ལ་བརྟེན་ནས་བཏགས་པའི་རྗེས་གྲུབ་དང་མངོན་བརྗོད་ཀྱི་མིང་ཡིན་པ་ལ་མཁས་པ་སུས་ཀྱང་རྩོད་པ་མེད་དོ།།