པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་

ཡོང་ཁུངས་Wikipedia

གཙང་ཐོབ་རྒྱལ་བྲུལ་ཚང་ཞེས་པར་ཡབ་བོན་རིགས་བསྟན་འཛིན་དབང་རྒྱལ་དང་ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་ཆུང་བཅུ་བཞི་པའི་ཤིང་ཡོད་(༡༨༥༥)ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་སྐུ་འཕྲུངས། དགུང་ལོ་གསུམ་ཐོག་པན་ཆེན་བསྟན་པའི་ཉི་མ་མཆོག་སྤྲུལ་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་དགོན་པའི་ཁྲིར་ཕེབས་ནས་སྲིད་སྐྱོང་རྭ་སྒྲེང་ཨ་ཆི་ཧོ་ཐོག་ཐུས་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་དྲུང་དུ་རབ་ཆུང་གི་སྡོམ་པ་བཞེས། དགུང་ལོ་བདུན་ནས་ཉི་ཤུ་རྩ་གཅིག་བར་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་མཛད། ས་སྐྱའི་འདུལ་འཛིན་ཆེན་པོ་མེ་ཏྲེ་ངྷརྨ་ཝ་རྟ་དཔལ་བཟང་པོའི་དྲུང་ནས་པཎ་ཆེན་ཤཱཀྱ་ཤྲིའི་སྡོམ་རྒྱུན་གྱི་བསྙེན་རྫོགས་སྔ་འགྱུར་གྱི་ཆོས་བཀའ་ཁ་ཤས་གསན། ཤིང་ཕག(༡༨༧༥)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་གཤེགས་འཕྲལ་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས་བཀའ་རྩོམ་མཛད། དགུང་ལོ་ཉེར་གསུམ་ལ་ཕེབས་སྐབས་ཕུར་ལྕོག་ཡོངས་འཛིན་བྱམས་པ་རྒྱ་མཚོའི་དྲུང་ནས་བླ་ཆེན་བརྒྱུད་ཀྱི་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་བཞིར་ཕེབས་སྐབས་དབུས་སུ་ཕེབས་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དབུ་སྐྲ་གཙུག་ཕུད་བཞེས་ཏེ། མཚན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། རྡོ་རྗེ་འཆང་བློ་བཟང་བསྟན་པའི་རྒྱལ་མཚན། ཕུར་ལྕོགས་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས་སོགས་ཡོངས་འཛིན་དུ་མར་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་ཞིང་། ཕྱག་རྩོམ་ཡང《སྙན་དངགས་མེ་ལོང་མའི་ལེའུ་གསུམ་གྱི་དཔར་རྗོད་》 《རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་དཔལ་བཟང་པོའི་རྣམ་ཐར་དད་ལྡན་པད་ཚལ་བཞད་པ》 《མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་དང་མགོན་དཀར་བཅས་ཀྱི་བསྐང་གསོ་ཆོག་བསྒྲིགས》 《ཐུབ་པའི་དབང་པོའི་འཁྲུངས་རབས་བཞིའི་གསུང་བཤད་སྔིན་འགྲོ》སོགས་པོད་འབྲིང་གསུམ་ཙང་གཞུགས། རབ་ཆུང་བཅོ་ལྔ་པའི་ཆུ་རྟ(༡༨༨༢)ལོར་བཀྲ་ཤིས་ལྷུན་པོའི་དགེ་འདུན་གྱི་འདུལ་ཁྲིམས་དང་། བླ་བྲང་ཞབས་འབྲིང་ལས་བྱེད་པའི་བྱེད་སྒོ་བཅས་ལ་ཞིབ་འཇུག་གནང་། མཐར་ལོ་དེའི་བོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་སྐུ་མྱ་ངན་ལས་འདས། སྐུ་གདུང་ཧྲིལ་པོ་མཆོད་སྡོང་ཆེན་པོ་བཀྲ་ཤིས་ལྷུན་པོར་རབ་ཆུང་བཅུ་དྲུག་པའི་མེ་རྟ་ལོ་བར་བཞུགས།