པཎ་ཆེན་སྐུ་ཕྲེང་བདུན་བསྟན་པའི་ཉི་མ་

ཡོང་ཁུངས་Wikipedia

གཙང་ཉང་སྨད་པ་སྣམ་སྐྱིད་གཤོངས་སུ་ཡབ་དཔལ་ལྡན་དུན་གྲུབ་དང་ཡུམ་འཆེ་མེད་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་ཆུང་བཅུ་གསུམ་པའི་ཆུ་སྟག(༡༧༨༢)ལོའི་བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་སྐུ་བལྟམས། ལོ་དེར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་ནས་པན་ཆེན་སྐུ་གོང་མ་དཔལ་ལྡན་ཡེ་ཤེས་ཀྱི་སྤྲུལ་སྐུ་སྟེ་པཎ་ཆེན་སྐུ་ཕྲེང་བདུན་པར་ངོས་འཛིན་འཛད། ལོ་འཇུག་ཏུ་ཡང་སྲིད་རིན་པོ་ཆེ་སྣམ་ཐར་པ་དགོན་དུ་གདན་དྲངས། ཤིང་སྤྲུལ(༡༧༨༥)ལོར་དབུ་སྐྱེས་གཙུག་ཕུད་བཞེས་ཏེ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ཞེས་པའི་མཚན་གསོལ། དགུང་ལོ་བདུན་པ་ས་སྤྲེལ(༡༧༩༡)ལོར་གོར་ཥ་པས་བོད་དུ་དམག་བཏེགས་པས་དཔའ་བོ་ཨམ་བན་ནས་པཎ་ཆེན་རིན་པོ་ཆེ་དབུས་སུ་ཕེབས་རེ་ཞུས་པ་ལྟར་ལྷ་སར་ཕེབས་ཏེ་རྒྱལ་དབང་ཡབ་སྲས་གསེར་ཞལ་ལྷན་དུ་འཛོམས། དགུང་ལོ་ཉི་ཤུ་པ་ལྕགས་བྱ(༡༨༠༡)ལོར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆེོག་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་རྒྱལ་དབང་རིན་པོ་ཆེ་མཆོག་དང་། ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས། ཡོངས་འཛིན་གོ་གི་བ་བློ་བཟང་བསྟན་བཅས་མཁས་གྲུབ་དང་པ་རྣམས་ལས་མདོ་སྔགས་རིག་གནས་སྐུན་ལ་སྦྱངས་པ་འཛད། དགུང་ལོ་ཉེར་ལྔའི་ཐོག་རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་ངོས་འཛིན་གནང་། དེ་ནས་མ་འགྱངས་པར་རྒྱལ་དབང་དགུ་པར་རབ་ཆུང་སྡོམ་པ་ཕུལ་ཏེ་མཚན་བློ་བཟང་བསྟན་པའི་འབྱུང་གནས་ངག་དབང་ལུང་རྟོགས་རྒྱ་མཚོ་ཞེས་གསོལ། ཆུ་བྱ(༡༨༡༣)ལོར་པཎ་ཆེན་རིན་པོ་ཆེས་མཁན་པོ་མཛད་དེ་རྒྱལ་དབང་ཕྱོགས་ལ་དགེ་ཚུལ་གྱི་སྡོམ་པ་ཕུལ། ཆུ་རྟ(༡༨༢༢)ལོར་རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་དབུ་སྐྱེས་གཙུག་ཕུད་བཞེད་ནས་ཡོངས་རྫོགས་དགེ་བསྙེན་གྱི་བསླབ་སྡོམ་ཕུལ་ཏེ་མཚན་ངག་དབང་ངག་དབང་བློ་བཟང་བློ་བཟང་རྒྱ་མཚོ་ཞེས་གསོལ། དགུང་ལོ་ང་གསུམ་ལ་རྒྱལ་དབང་མཆོག་སྤྲུལ་རིན་པོ་ཆེར་བསྙེན་རྫོགས་ཀྱི་སྡོམ་པ་གནང། ལྕགས་གླང(༡༨༤༡)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་མཛད། དེ་ནས་རྒྱལ་དབང་ཡང་སྲིད་རིན་པོ་ཆེའི་དབུ་སྐྱེས་གཙུག་ཕུད་བཞེས་ནས་མཚན་ངག་དབང་སྐལ་བཟང་བསྟན་པའི་སྒྲོན་མེ་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་རེ་གསུམ་ལ་ཕེབས་པ་རབ་ཆུང་བཅུ་བཞི་པའི་ཤིང་འབྲུག(༡༨༤༤)ལོར་ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས་སྲིད་སྐྱོང་གནས་དབྱུང་གནང་ཚབ་ཟླ་བརྒྱད་པའི་ཚེས་དྲུག་ནས་ཕྱི་ལོའི་ཟླ་བཞི་པའི་ཚེས་ཉེར་དྲུག་བར་ལུགས་གཉིས་ཀྱི་སྲིད་སྐྱོང་ཐུགས་འགན་ཡོངས་སུ་བཞེས། མེ་རྟ(༡༨༤༦)ལོར་རྒྱལ་དབང་མཁས་གྲུབ་རྒྱ་མཚོ་མཆོག་ལ་སོ་ཐར་རབ་བྱུང་གི་བསླབ་སྡོམ་ཕུལ། ལྗགས་རྩོམ《ཤམ་བྷ་ལའི་སྨོན་ལམ་གྱི་འགྲེལ་པ》 《ཡོངས་འཛིན་བློ་བཟང་བྱམས་པའི་རྟོགས་བརྗོད》 《རྗེ་བཙུན་བློ་བཟང་བྱམས་པའི་རྟོགས་བརྗོད》 《རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཟབ་དང་རྒྱ་ཆེ་བའི་ཆོས་ཀྱི་གསན་ཡིག་བེེཌཱུརྱའི་ཕྲེང་བ》 《གསུང་རབ་ཀུན་གྱི་སྙིང་པོ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་ཡིག་གཞན་ཕན་གྱི་ཁྲིད་ཡིག་གཞན་ཕན་སྙིང་པོ》 《དཔལ་གསང་བ་འདུས་པའི་དབང་དོན་དངོས་གྲུབ་བང་མཛོད》 《རྣམརྒྱལ་མའི་སྒྲུབ་དཀྱིལ་འཆི་མེད་བདུད་རྩེ》 《ཚད་མའི་ལམ་ཁྲིད་རིག་པའི་སྒོ་བརྒྱ་འབྱེད་པའི་ལྡེ་མིག》 《བསྐལ་བཟང་སངས་རྒྱས་སྟོང་གི་མཆོད་ཆོག་མཆོག་ཐུན་དངོས་གྲུབ་ཀྱི་འདབ་བརྒྱ་མངོན་པར་གྲོལ་བའི་ཉིན་བྱེད་དབང་པོ》 《དྲི་ལན་གྱི་རིམ་པ》སོགས་གཅིག་ཏུ་བསྒྲིགས་པ་སོགས་ཕྱག་རྩོམ་པོ་ཏི་དགུ་ཙམ་མཛད། དགུང་ལོ་བདུན་ཅུ་དོན་གཉིས་ལ་ཕེབས་པ་རབ་ཆུང་བཅུ་བཞི་པའི་ཆུ་གླང་(༡༨༥༣)ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་རིལ་པོའི་མཆོད་སྡོང་བཀྲ་ཤིས་ལྷུན་པོར་རབ་ཆུང་བཅུ་དྲུག་པའི་མེ་རྟ་ལོ་བར་བཞུགས།