དཔལ་ཆོས་དགོན།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།


ལོ་རྒྱུས་དང་གསལ་བཤད།[རྩོམ་སྒྲིག]

རྒྱལ་རྩེ་དཔལ་ཆོས་དགོན་ནི་སྤྱི་ལོ་༡༤༡༨ལོར་ཆོས་རྒྱལ་རབ་བརྟན་ཀུན་བཟང་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀྱིས་ཕྱག་བཏབ། སྤྱི་ལོ་༡༤༢༧ལོར་སྐུ་འབུམ་མཆོད་རྟེན་བཞེངས་མཆོད་རྟེན་འདི་ཉིད་ནང་པ་སངས་རྒྱས་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་བྱེ་བྲག་བཀྲ་ཤིས་སྒོ་མང་མཆོད་རྟེན་དེ་མཐོ་ཚད་ལ་ སྤྱི་ཁྲི་༣༢.༤ཡོད་ཅིང་ལྷ་ཁང་བརྒྱ་དང་བརྒྱད་ཡོད་པའི་ནང་ངོ་མཚར་ལྷན་པའི་ལྡེབས་རིས་དང་སྐུ་བརྙན་གྲགས་ཅན་འབུམ་ཙམ་བཞུགས་སོ། ༡༩༩༦ལོར་རྒྱལ་ཁབ་རིམ་པའི་གཙོ་གནས་རིག་དངོས་སྲུང་སྐྱོབས་སྡེ་ཚན་ནང་ཚུད། སྤྱི་ལོ་༡༩༦༢ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་ སྐྱོབ་སྡེ་ཚན་དུ་གཏོགས། དཔལ་འཁོར་ཞེས་པ་ནི་དགོན་པ་འདིའི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་མན་ངག་གི་སྙན་བརྒྱུད་འཛིན་པའི་གྲྭ་ཚང་ཡོད་པའི་རྒྱུ་མཚན་ལས་བསྡུས་མིང་དུ་ དཔལ་འཁོར་ཞེས་ཐོགས། བོད་རབ་བྱུང་བདུན་པའི་ལྕགས་བྱི་སྤྱི་ལོ་༡༤༢༠ལོར་གཙུག་ལག་ཁང་ཀ་ཆེན་བརྒྱད། ཁྱམས་ཀ་བ་ཞེ་བརྒྱད། གློ་འབུར་ཤར་ནུབ་ཀ་བ་དྲུག་རེ་བཅས་ཀྱི་རྨང་བཏིངས། ཤིང་སྦྲུལ་སྤྱི་ལོ་༡༤༢༥ལོར་དབུས་སུ་བླ་མ་ཕོ་བྲང་དང་། ཆོས་སྡེའི་ཁོར་ཡུག་ཏུ་ལྕགས་རི་ཆེན་པོ་ཕྱོགས་རེ་ལ་གཞུ་འདོམ་ཉིས་ བརྒྱ་བརྒྱད་ཅུ་རེ་ཡོད་པ་ལ་ལྕོག་བཅུ་དྲུག་གིས་བརྒྱན་ཅིང་། ཕྱོགས་བཞིར་སྒོ་མོ་ཆེ་བཞི་དང་ལྡན་པ་ལ་ལྗོན་ཤིང་གི་ར་བས་བསྐོར་བ་བཅས་བཞེངས། ཆོས་སྡེ་འདི་རྒྱ་ཆེ་ཞིང་དགེ་འདུན་ཞལ་གྲངས་མང་ལ་ས་སྐྱ་དང་། དགེ་ལུགས་པ། བུ་སྟོན་སོགས་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་འཛིན་པའི་དགོན་གནས་ཤིག་ཡིན་པས་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་གོ་གནས་དང་མིང་གྲགས་གང་ཙམ་ཡོད།

ཆོས་སྡེ་འདིའི་ཐུན་མོང་མ་ཡིན་པའི་ཕྱི་ཨར་སྐྲུན་གྱི་ཁྱད་ཆོས་དང་ནང་ངོ་མཚར་ཆེ་བའི་སྐུ་བཪྙན་ལྡེབས་བྲིས་སོགས་ཀྱིས་ཡུལ་གྲུ་ཁག་གི་སྒྱུ་རྩལ་ལ་ཉམས་ཞིབ་ཆེ་བའི་མཁས་པ་དང་གནས་སྐོར་བ་མང་པོའི་ཡིད་དབང་འཕྲོག་པར་བྱེད། དགོན་པའི་མཐོ་ཚད་ཐོག་བརྩེགས་གསུམ་དང་ལྡན་ཞིང་། རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་ཇོ་བོ་བྱང་ཆུབ་ཆེན་པོ་སྐུ་ཚད་སྤྱི་ཁྲེ་བརྒྱད་ཀྱིས་རྫོགས་པ་སོགས་བཞུགས་ལ་ད་དུང་བཟོ་བཀོད་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་འདྲ་མིན་སྣ་ཚོགས་དང་ལྡན་པའི་གོས་སྐུ་དུ་མ་བཞུགས་ཡོད། ལོ་རྒྱུས་ཀྱི་ཡིག་ལམ་ལྟར་ན་ཇོ་བོ་འདི་བཞེངས་པར་རག་གན་འདེགས་རྒྱ་ཉིས་ཁྲི་བརྒྱད་སྟོང་ཙམ་སོང་སྐད། དེ་བཞིན་ཤར་གྱི་གློ་འབུར་ལས་གནས་བརྟན་ལྷ་ཁང་ནང་བཞུགས་པའི་གནས་བརྟན་ཁག་གི་འཇིམ་བཪྙན་རྣམས་བཟོ་འབྲས་ཐོན་ལ་གསོན་ཉམས་བྱོན་གཙང་ལེགས་པས་གངས་ཅན་གྱི་ལྗོངས་སུ་སྙན་གྲགས་ཤིན་ཏུ་ཆེ་ཞིང་འཇིམ་སྐུ་དེ་དག་ལས་བོད་ཀྱི་འཇིམ་བཟོ་བའི་སོར་མོའི་འདུ་བྱེད་ཀྱི་ཁྱད་རྩལ་རྨད་དུ་བྱུང་བ་མངོན་རྒྱུ་ཡོད། དགོན་འདིར་རིག་གནས་གསར་བརྗེའི་སྐབས་རྒྱལ་ཡོངས་ཁྱོན་དང་འདྲ་བར་གཏོར་བཤིག་ཚབས་ཆེན་ཕོག་ཡོད། བོད་རབ་བྱུང་བདུན་པའི་མེ་ལུག་སྤྱི་ལོ་༡༤༢༧ལོར་བཀྲ་ཤིས་སྒོ་མང་མཆོད་རྟེན་རྒྱ་ཁྱོན་ཆོས་རྒྱལ་ཉིད་ཀྱི་ཁྲུ་ལ་གཞལ་ཏེ་ཕྱོགས་རེ་ལ་ཆ་ཕྲན་བརྒྱ་དང་བརྒྱད་རེ་ཡོད་པ་ཕྱོགས་བཞི་པདྨའི་གདན་ཐེམ་སྐས་རིམ་པ་གསུམ། ཁྲི་འདེགས། སེང་གེ། གླང་ཆེན། རྟ་མཆོག རྨ་བ། ནམ་མཁའ་ལྡིང་དང་། བུམ་པ། ཆོས་འཁོར་བཅུ་གསུམ། གསེར་ཟངས་ཀྱི་རྒྱ་ཕིབས་བཅས་ཁྱོན་བསྡོམས་ཐོག་བརྩེགས་བཅུ་གསུམ་ཙམ་ཡོད་པས་མཐོ་ཚད་སྤྱི་ཁྲེ་སུམ་ཅུ་སོ་གཉིས་ལྷག་ཙམ་ཡོད་པ་དང་། མཆོད་རྟེན་གྱི་ཐོག་ཚད་ལྔ་ཟུར་བརྒྱད་ཀྱི་བཀོད་པ་ལྡན་པ་དང་། ཐོག་ཚད་དྲུག་ཡན་སྒོར་མོའི་དབྱིབས་སུ་གྲུབ་པ། ཕྱོགས་བཞིའི་སྒོ་ཐོད་དང་རྩེ་མོའི་རྒྱ་ཕིབས་ཀྱི་མཐའ་རྒྱན་དུ་ཆུ་སྲིན་དང་། འབྲུག་ཁ་སྤྲོད་སེང་གེ་གནམ་མཆོངས་སོགས་བཟོ་བཀོད་ཀྱིས་བརྒྱན་ནས་བཞེངས། མཆོད་རྟེན་འདིའི་སྟེང་དུ་ལྷ་ཁང་བདུན་ཅུ་དོན་བདུན་ཡོད་པ་དེ་དག་གི་ནང་རྟེན་དུ་གསེར་ཟངས་དང་འཇིམ་པ་གང་རུང་ལས་བཞེངས་པའི་སྐུ་བཪྙན་འབུར་དོད་དང་། བྲིས་མ་བཅས་བསྡོམས་པས་རྣམ་གྲངས་འབུམ་ཚོ་བརྒལ་བ་སོགས་ཡོད། དཔལ་འཁོར་མཆོད་རྟེན་ནམ་སྐུ་འབུམ་དུ་གྲགས་པའི་མཆོད་རྟེན་འདི་ཉིད་དཔལ་ཆོས་དགོན་གྱི་གཙོ་བོའི་འཛུགས་སྐྲུན་ཞིག་ཡིན་པ་མ་ཟད་དགོན་གནས་འདིའི་འཛུགས་སྐྲུན་ནང་གི་མཆོག་དང་རྩེ་མོར་གྱུར་པ་ཞིག་ཀྱང་ཡིན་པ་སོགས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་བཀོད་པས་སྐྱེ་རྒུའི་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་བྱེད་པོར་གྱུར།


ཆོས་ལུགས།[རྩོམ་སྒྲིག]

དཔལ་ཆོས་ནི་བོད་ཀྱི་གྲུབ་མཐའ་དགེ་ལུགས་པའི་་དགོན་སྡེ་གཅིག་རེད།

པར་རིས་བར་འཁྱམས།[རྩོམ་སྒྲིག]


ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

བོད་པའི་དགོན་སྡེའི་ཐོ།

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]