དགའ་ལྡན་སུམ་རྩེན་གླིང་

ཡོང་ཁུངས་Wikipedia

དགའ་ལྡན་སུམ་རྩེན་གླིང་ནི་ད་ལྟའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་གྲོང་གི་བྱང་དུ་ཆགས། རབ་བྱུང་བཅུ་གཅིག་པའི་ས་ལུག་༼སྤྱི་ལོ་༡༦༧༩༽ལོར་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་༼སྤྱི་ལོ་༡༦༡༧-༡༦༨༢༽མཆོག་གནས་འདིར་ཞབས་ཀྱིས་བཅགས་ཤིང་རྙིང་དགོན་ཆེ་བ་གསུམ་དང་ཆུང་བ་དུ་མ་ལྷན་བསྡུས་ཀྱིས་ལྕགས་སྤྲེལ་༼སྤྱི་ལོ་༡༦༨༠༽ལོར་དགོན་འདི་བཏབ་ཅིང་མཚན་འདི་གསོལ་བར་མཛད། ད་བར་ལོ་གསུམ་བརྒྱ་དང་བཞི་བཅུ་ཉེ་བའི་ལོ་རྒྱུས་ཡོད། དགོན་པ་དེ་བཅིངས་འགྲོལ་ཡར་སྔོན་དུ་བདེ་ཆེན་ཡུལ་གྲུའི་བོད་ཀྱི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་བ་ཡིན། ཁྲི་རབས་དང་པོ་ངག་དབང་རྣམ་རྒྱལ་ནས་དེ་སྔའི་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་བར་སྐུ་རབས་བཅོ་བརྒྱད་བརྒྱུད། དགོན་དུ་ཁམས་ཚན་བརྒྱད་ཡོད་དེ། བཙན་བཟང་ཁང་། བྲག་གཡབ་ཁང་། འཇང་ཁང་། རྡོ་མཁར་ཁང་། ཆབ་མདོ་ཁང་། ཕྱག་ཕྲེང་ཁང་། ཡངས་ཐང་ཁང་། རོང་པ་ཁང་བཅས་སོ། བརྟེན་གྲགས་ཆེ་བ་ལ། འདུ་ཁང་དང་། བྱམས་ཁང་དང་། ཇོ་ཁང་བཅས་སུམ་ཐོག་ཅན་དང་། རྗེ་ལྷ་ཁང་གསེར་གྱི་རྒྱ་ཕིབས་ཅན། ཁམས་ཚན་ལྷ་ཁང་། མཆོན་རྟེན་སོགས་མང་། དགའ་ལྡན་ཁྲི་རབས་སོ་གཅིག་པ། སོ་བདུན་པ། རེ་བཞི་བ། རྒྱལ་དབང་གི་ཡོངས་འཛིན་སོགས་སྐྱེས་ཆེན་དམ་པ་གང་མང་འབྱུང་ཡུལ་དུ་གྱུར། ། སྲིད་དང་ཞི་བདེ་ལེགས་ཚོགས་ཀུན་གྱི་འབྱུང་གནས་བཤད་སྒྲུབ་བསྟན་པའི་རོལ་མཚོ་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་ཆེན་པོའི་རྟེན་དང་བརྟེན་པར་བཅས་སྐོར། ཆོས་སྡེ་ཆེན་པོ་འདི་ཉིད་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ཁམས་གསུམ་འགྲོ་བའི་བླ་མ་གོང་ས་རྒྱལ་དབང་ལྔ་བ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་དཔལ་བཟང་པོ་མཆོག་གིས་རང་གི་སྲས་ཀྱི་ཐུ་བོ་འཕྱོང་རྒྱས་པ་དཔོན་སློབ་ངག་དབང་རྣམ་རྒྱལ་མཆོག་བླ་དཔོན་གཅིག་ལྕོགས་དང་། མཁན་ཐོག་དང་པོར་བསྐོས་རྫོངས་གནང་པའི་སྒོ་ནས་བོད་རབ་བྱུང་བཅུ་གཅིག་པའི་ས་མོ་ལུག་གི་ལོར་གསར་དུ་ཕྱག་བཏབ་པར་མཛད་པ་ཡིན་ལ། ཡུལ་ལུང་འདིར་སྔར་སྔ་མོའི་དུས་སུ་གཤེན་རབས་བོན་གྱི་ལུགས་སྲོལ་དར་ཁྱབ་བྱུང་སྟེ་གཏོ་མདོས་དང་། ལྷ་ཀླུའི་གསོལ་མཆོད། ཤི་གསོན་གྱི་རིམ་གྲོར་ཤ་ཁྲག་གི་མཆོད་སྦྱིན་དགེ་བར་རློམ་པ་སོགས་སྲོལ་ངན་དེ་དག་ཕྱིས་ནས་རིམ་བསལ་ཐུབ་པ་བྱུང་ཡོད། ཡུལ་འདིར་ཕྱིས་སུ་གཏེར་རོང་སྟོད་ཕྱོགས་ལ་སྦོམ་བླ་མ་ཞེས་མཚན་སྙན་ཅན་ཞིག་ཕེབས་པ་དེས་རྙིང་མའི་ཆེས་སྐོར་ཉམས་བཞེས་གནང་ཞིང་དེའི་ཞལ་སློབ་དང་རྟེན་གནས་དགོན་པ་ཞིག་ཀྱང་ཡོད་ཚོད། དེ་མིན་ཡུལ་འདིར་གསང་སྔགས་སྔ་འགྱུར་རྙིང་མ་པ་དང་། གསང་སྔགས་གསར་མའི་གྲས་དཔལ་ས་སྐྱ་པ་གཉིས་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་འཛིན་པའི་དགོན་གནས་དང་དགོན་ཤུལ་སོགས་བྱུང་བའི་ལོ་རྒྱུས་གང་ཡང་མི་འདུག། བཀའ་བརྒྱུད་པའི་ཆོས་བརྒྱུད་དར་ཁྱབ་ཆེན་པོ་བྱུང་ཡོད་པ་འོག་ཏུ་གསལ། ། ཆེས་སྡེ་ཆེན་པོ་འདི་ཉིད་ཕྱག་འདེབས་པའི་ཚུལ་ཡང་། རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པའི་རང་གཟུགས་གཏུམ་ཆེན་གསང་བའི་བདག་པོ་མིའི་རྣམ་པར་འཕྲུལ་པ་གུ་ཤྲིར་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་སྔོན་གྱི་ཐུགས་བསྐྱེད་ཁྱད་པར་ཅན་དང་། དཔུང་སྟོབས་བཙན་པོས་བོད་ལྗོངས་ཡོངས་རྫོགས་མངའ་འོག་ཏུ་སྡུད་དེ་བོད་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་བོད་དང་སོག་པོའི་བླ་ཆེན་མི་ཆེན་ཚང་འཛོམས་ཀྱི་ཚོགས་ཆེན་ཐོག་ཁམས་གསུམ་འགྲོ་བའི་བླ་མ་གོང་ས་ལྔ་བ་ཆེན་པོར་རིན་ཐང་བྲལ་བའི་དད་པའི་དངོས་འབུལ་རྒྱ་ཆེན་པོ་དང་བཅས་ཤར་ཕྱོགས་དར་རྩེ་མདོ་ནས་ནུབ་ཕྱོགས་ལ་དྭགས་ཚུན་གྱི་བོད་ལྗོངས་ཆོལ་ཁ་གསུམ་གྱི་ས་སྡེ་མི་གསུམ་ཡོངས་སུ་རྫོགས་པ་ལྷ་འབངས་སུ་ཕུལ་ཞིང་རྒྱལ་པོ་རང་ཉིད་རིགས་བརྒྱུད་དང་བཅས་པ་གཏན་པ་མེད་པའི་སྦྱིན་བདག་ཏུ་འབུལ་སྦྱོར་ཞུལ་པའི་གཏམ་བཟང་གི་དྲིལ་ཆེན་ཡུལ་གྱི་རྒྱ་ཁྱབ་ཏུ་སྙན་པར་བསྒྲགས་པར་མཛད་པ་ནས་བཟུང་བོད་འབངས་ཡོངས་རྫོགས་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆབ་སྲིད་གདུགས་དཀར་ཡུག་གཅིག་གི་གྲིབ་བསིལ་སྣུམ་པོའི་འོག་ཏུ་རང་རང་གི་ཇི་ལྟར་འདོད་པའི་དགའ་བདེའི་དཔལ་ལ་ཅི་དགར་ལོངས་སྤྱོད་ཆོག་པ་སོགས་བདེ་སྐྱིད་ཀྱི་དཔལ་ཡོན་ཀུན་ནས་བཞད་པ་དེ་ལྟར་ཡང་། དེ་སྔོན་རྒྱལ་ཐང་ཁུལ་དུ་ཀརྨ་པའི་ཆོས་བརྒྱུད་འཛིན་པའི་དགོན་གནས་འགའ་ཞིག་བྱུང་འདུག་པ་དེ་དག་གི་འགན་འཛིན་རྣམས་ཀྱིས་འཛིན་སྐྱོང་ཇི་བཞིན་མ་ཐུབ་པ་དང་། མཛད་སྤྱོད་ཚུལ་མཐུན་མ་བྱུང་བ་སོགས་རྐྱེན་ངན་སྣེ་འཛོམས་ཀྱིས་མཐར་ཉམས་ཆག་གྱུར་པར་བརྟེན་ཡུལ་ལུང་འདིའི་སྐྱེ་རྒུའི་བསོད་ནམས་གསོག་པའི་ཞིང་ས་རྣམ་པར་དག་པ་ཞིག་གསར་བསྐྲུན་མཛད་བཞེད་ཡོད་མུས་ཐོག་གཙོ་བོར་འཇམ་དཔལ་རྩ་རྒྱུད་ལས་ལེགས་སྦྱར་གྱི་མཚན་སྒྲ་དང་བཅས། སྐུ་གསུང་ཐུགས་ཀྱི་མཛད་པ་རླབས་པོ་ཆེ་སྤྱི་དང་། ཁྱད་པར་བོད་ལྗོངས་ཆོས་ལྡན་གྱི་ཞིང་འདིར་ལྟ་གྲུབ་གཙང་མར་སྤྱོད་པའི་ཆོས་སྡེ་བཅུ་ཕྲག་བརྒལ་བར་གསར་བསྐྲུན་མཛད་དེ་བསྟན་པ་རིན་པོ་ཆེར་མ་རྟོགས་པ་དང་ལོག་པར་རྟོག་པར་རྟོག་པའི་དྲི་མ་མཐའ་དག་རྒྱང་རིང་དུ་བསྲིངས་ཏེ་འཁྲུལ་བྲལ་ཐུབ་པའི་རིང་ལུགས་དྲི་མ་མེད་པ་ཕྱོགས་ཀུན་ནས་ཆེས་ཆེར་རྒྱས་པར་མཛད་པ་ཚད་མའི་ལུང་གིས་གསལ་བར་བསྟན་པ་ལྟར་བོད་ལྗོངས་མཐའ་དབུས་ཀུན་ཏུ་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་གཙང་མ་འཛིན་པའི་ཆོས་སྡེ་ཆེ་ཆུང་དུ་མ་གསར་དུ་བསྐྲུན་པར་མཛད་པའི་ནང་ཚན་ཡུལ་འདིའི་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་དུ་ཆོས་སྡེ་འདི་ཉིད་གསར་དུ་བསྐྲུན་པར་མཛད་པ་དང་། ཆོས་སྡེ་གསར་བསྐྲུན་གྱི་མཐུན་རྐྱེན་དུ། དོ་དམ་བཟོ་རིགས་ལས་མི་བཅས་ཀྱི་གླ་ཕོག་དང་། གསེར་ཤོག་དང་ཚོད་རྩི་བཅས་ཀྱི་རིན་གོང་འབྲུར་ཕབ་པའི་འབྲུ་རུའི་ཁལ་ཉིས་འབུམ་སུམ་སྟོང་སྐོར་གཞུང་ས་མཆོག་ནས་གསོལ་རས་གནང་འདུག་པ་གོང་ས་ལྔ་བ་ཆེན་པོའི་རྣམ་ཐར། དཔར་མ་དེབ་གཟུགས་དབྱིན་ཇའི་ཨང་གྲངས་ལྔ་བརྒྱ་སུམ་ཅུ་སོ་དྲུག་པའི་ཕྲེང་བཅོ་ལྔ་ནས། རྒྱལ་ཐང་དུ་བསོད་ནམས་གསོག་པའི་ཞིང་རྣམ་དག་མི་འདུག་པས། དགའ་ལྡན་སུམ་རྩེན་གླིང་གྲྭ་པ་ལྔ་བརྒྱ་དང་སུམ་ཅུའི་སྐོར་གྱི་ཞལ་འདོན་གསང་འདུས་གཙོར་བཏོན་གྱིས། ཕྱག་དྲུག་པ་དང་ལས་གཤིན་སོགས་ཆོས་སྐྱོང་དང་། ས་ལམ་རྣམ་གསུམ་བཅས་སྔགས་གྲྭ་བཙུགས། ཞེས་གསུངས་པར་སྣང་།

དགེ་འདུན་པའི་ཞལ་གྲངས[རྩོམ་སྒྲིག]

ཡུལ་མི་ཚོའི་ངག་རྒྱུན་ལ་སུམ་བརྒྱ་སུམ་ཅུ་ཞེས་གྲགས་ཀྱང་གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ནང་དུ་དགེ་འདུན་གྱི་གྲངས་ཚད་དེ་ལྔ་བརྒྱ་སུམ་ཅུ་ཞེས་བཀོད་འདུག། དེ་ནས་དགེ་འདུན་གྲངས་འབོར་རིམ་འཕེལ་གྱིས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་དགེ་འདུན་ཞལ་གྲངས་ཆིག་སྟོང་སུམ་བརྒྱའི་སྐོར་འཕེལ་རྒྱས་བྱུང་འདུག་པ་ནི། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་ལས། རྒྱལ་ཐང་སུམ་རྩེན་གླིང་དགེ་འདུན་ཆིག་སྟོང་སུམ་བརྒྱའི་སྐོར་ལ་ཕྱག་མདུད་དང་བྱིན་རྟེན། སྤྱི་འཇོག་ཏུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མཚལ་དཔར་མ་གླེགས་ཐག་བཅས་ཆ་ཚང་སྤུས་དག་དང་། ཇི་སྲིད་རྒྱལ་བསྟན་ནམ་གནས་བར་ལོ་ལྟར་ས་ག་ཟླ་བའི་ནང་དུ་གསུང་སྒྲོགས་གནང་རྒྱུའི་ཐེབས་བཅས་སྩལ། ཞེས་གསུངས་པར་སྣང་ངོ་། དེ་ནས་ཡུལ་དགོན་གཉིས་ཀ་ཆོས་སྲིད་གང་ཐད་ནས་ཡར་རྒྱས་ཆེ་བོར་བརྟེན་དགེ་འདུན་གྱི་སྡེ་ཡང་ཇེ་རྒྱས་ཇེ་འཕེལ་གྱིས་དགེ་འདུན་ཞལ་གྲངས་ཆིག་སྟོང་ལྔ་བརྒྱའི་སྐོར་རིམ་འཕེལ་འགྲོ་བཞིན་པའི་སྐབས་སུ། བར་ལམ་ཞིག་ནས་ཡུལ་ལུང་འདི་རྒྱ་ནག་གི་མངའ་འོག་ལྟ་བུར་ཚུད་པས་ལོ་ལྟར་དགེ་འདུན་གྱི་འབྲུ་ཕོགས་དེ་བཞིམ་ཡུལ་དེར་ཡོད་པའི་རྒྱ་མིའི་དཔོན་རིགས་དང་ལག་སྒྲེལ་ཐོག་འབུལ་དགོས་པར་བརྟེན་རྒྱ་རིགས་ལས་བྱེད་པས་དགེ་འདུན་གྱི་གྲངས་འབོར་འཕེལ་རྒྱས་ཆེ་ཞིང་ཡུལ་འདིའི་འབྲུ་ཁྲལ་གྱིས་ལྡེང་མིན་སོགས་ཀ་ཀོར་མང་པོ་བཤད་མཐར་དགེ་འདུན་ཞལ་གྲངས་ཆིག་སྟོང་ལྔ་བརྒྱ་སྐོར་ལ་ཚད་འཛིན་བཟོ་དགོས་བྱུང་འདུག་ཀྱང་། དགེ་འདུན་གྲངས་ཚད་ལས་བརྒལ་བའི་གསར་ཞུགས་རྣམས་ལ་དགོན་པ་སྤྱི་གཞུང་དང་། ཁང་ཚན་སོ་སོའི་འཆར་འཕར་གྱི་གཏོང་སྒོ་ཡོད་རིགས་དང་། འབྲུ་དངུལ་གྱི་ཕོགས་དང་འགྱེད་སོགས་དགེ་འདུན་བྱིང་དང་འདྲ་མཚུངས་སུ་འབུལ་སྲོལ་ཡོད་པས་དགེ་འདུན་གྲངས་ཚད་ལས་ལྷག་པ་རྣམས་ལའང་འཚོ་ཆས་ལྡེང་ངེས་ལྷག་དང་བཅས་པ་ཡོད། ཕྱིས་སུ་དགེ་འདུན་གསར་ཞུགས་མང་སྟབས་དགེ་འདུན་ཞལ་གྲངས་ཉིས་སྟོང་ལྷག་སྐོར་བཞུགས། དགེ་འདུན་གྲངས་ཚད་འདི་བཞིན་བཞུགས་པ། སྐྱབས་གཅིག་བཀྲིན་ཟླ་མེད་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་རང་གི་སྐྱོང་ཡུལ་གཞིས་དགོན་ཆ་ཕྲེང་(ཕྱག་ཕྲེང་)བསམ་འཕེལ་གླིང་དུ་ཞབས་ཀྱིས་བཅགས་ཏེ། ལོ་ཤས་རིང་ཡུལ་དེའི་སྐལ་ལྡན་གདུལ་བྱ་རྣམས་ལ་རང་རང་གི་བློ་མོས་དང་འཚམས་པའི་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཚིམས་པར་མཛད་པས་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་གྲུང་པོ་བསྐྲུན་པར་མཛད་པ་སོགས་རྨད་བྱུང་ཆོས་སྲིད་ཀྱི་མཛད་འཕྲིན་ལེགས་གྲུབ་ཐོག། སླར་ཡང་དབུས་འགྱུར་ཆོས་ལྡན་གྱི་ཞིང་དུ་ཆིབས་བསྒྱུར་བསྐྱངས་ཞོར་རང་ཅག་རྒྱལ་ཐང་པའི་དགོན་ཡུལ་སྤྱིའི་བསོད་ནམས་ཀྱི་མགོན་དུ་སུམ་རྩེན་གླིང་དུ་ཞབས་སོར་འཁོད་དེ། ཉིན་གྲངས་ཉི་ཤུའི་སྐོར་དགྱེས་བཞིན་སྤྲོ་བཞུགས་དང་། དགེ་འདུན་ཉིས་སྟོང་སྐོར་ལ་ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་སྒོ་སྐལ་དབང་ཆེན་དང་ལམ་རིམ་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་པོས་སྨིན་གྲོལ་གྱི་ལམ་ལ་འགོད་པ་དང་། ཆོས་སྡེའི་སྒྲིག་ཁོངས་སུ་བཞུགས་བདེང་རྒྱག་(?) གནང་མཛད་ཅིང་ཁང་ཚན་སོ་སོར་ཡང་ཞབས་ཀྱིས་བཅགས་ཏེ་ཆོས་འབྲེལ་རེ་དང་བསྙེན་བཀུར་རེ་བཅས་ཆོས་སྲིད་ཀྱི་མཛད་པ་རླབས་པོ་ཆེ་ཇི་ལྟར་མཛད་ཚུལ་རྗེ་ཉིད་ཀྱི་མཛད་རྣམ་ཆེན་མོར་ལམ་ཙམ་གསལ།

དགོན་པ་ཕྱག་འདེབས་པ་པོ[རྩོམ་སྒྲིག]

ཞལ་ཐང་གི་སྐོར།[རྩོམ་སྒྲིག]

བཟང་གོས་ཚོན་ཚོགས་རྙིང་གྲས་འབའ་ཞིག་ཚེམ་དྲུབ་བྱས་པའི་རྟོགས་བརྗོད་མཛད་བརྒྱ་དཔག་བསམ་འཁྲི་ཤིང་གི་སྐུ་ཐང་སྤུས་ལེགས་གོང་ཤན་དང་ཐང་ཏོག་རང་འགྲིགས་གྲངས་སུམ་ཅུ་སོ་གཅིག གོས་རྒྱུ་དང་སྤུས་ཀ་གོང་མཚུངས་རྗེ་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་སྤུས་ལེགས་གྲངས་བཅོ་ལྔ། པཎ་ཆེན་འཁྲུངས་རབས་ཀྱི་གོས་ཐང་སྤུས་ལེགས་གྲངས་བདུན། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་གིས་རྒྱལ་ཐང་ཁུལ་ནས་དད་འབུལ་ཞབས་བརྟན་འབུལ་མི་ཕྱིར་ལོག་གདོང་དགོན་སྡེའི་དད་རྟེན་དུ་གནང་བ་པོ་ཏ་ལའི་གཟིམ་ཆུང་གི་རྟེན་གྱི་གྲས་སྟོན་པ་ཐུབ་པའི་དབང་པོ་གཙོ་འཁོར་བཅས་འཁོད་པའི་གོས་ཐང་སྤུས་ལེགས་གཅིག ཡང་རྒྱལ་མཆོག་དེ་ཉིད་ཀྱིས་དགོན་སྡེའི་དད་རྟེན་དུ་གནང་བ་ལྟུང་བཤགས་སངས་རྒྱས་སོ་ལྔ་ལ་སྟོན་པའི་འཁྲུངས་རབས་ཀྱིས་བསྐོར་བའི་གོས་ཐང་སྤུས་ལེགས་གཅིག། ཡང་རྒྱལ་མཆོག་དེ་ཉིད་ཀྱིས་དགོན་སྡེའི་དད་རྟེན་དུ་གནང་བ་ཐུབ་དབང་གནས་བརྟན་བཅུ་དྲུག་གཙོ་འཁོར་གྱི་གོས་ཐང་སྤུས་ལེགས་ཉི་ཤུ་རྩ་གསུམ་བཅས་འདི་རྣམས་རྒྱལ་མཆོག་གང་ཉིད་ཀྱི་རྣམ་ཐར་ཆེན་མོར་གསལ། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་རྗེས་འབྲེལ་བྱམས་པ་ཆོས་བསྐོར་སྐབས་རྡོ་གཅལ་ཆེན་པོའི་ལྷོ་ངོས་ནས་འགྲེམས་བྱེད་གཙོ་བོར་དགའ་ལྡན་ལྷ་བརྒྱའི་ཞིང་བཀོད་སྟེང་དུ་རྗེ་བཙུན་བྱམས་པ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ རྗེ་བཙུན་འཇམ་དཔལ་དབྱངས། སྟོན་པ་ཐུབ་པའི་དབང་པོ། གཤམ་དུ་ཆོས་རྒྱལ་ཕྱི་སྒྲུབ་སོགས་འཁོད་པའི་གོས་ཐང་ཐོག་ས་གཉིས་ལྷག་གི་སྤུས་ལེགས་གཅིག ལོ་ལྟར་དགུ་གཏོར་ཆེན་པོའི་གཏོར་རྒྱག་གི་རྗེས་འབྲེལ་མངའ་གསོལ་སྐབས་འདུ་ཁག་གི་རབ་གསལ་སྟེང་ནས་འགྲེམས་བྱེད་གཙོ་བོར་དམ་ཅན་ཆོས་རྒྱལ་ཕྱི་སྒྲུབ་དང་སྟེང་དུ་རྗེ་ཙོང་ཁ་པ་ཆེན་པོ་དང་། འཇམས་དབྱངས། དཔལ་རྡོ་རྗེ་འཇིགས་བྱེད། གཤམ་དུ་མགོན་པོ་ཕྱག་དྲུག་པ་དང་། དགོན་སྡེའི་ཐུན་མོང་མིན་པའི་བཀའ་སྲུང་གནོད་སྤྱིན་ཆེན་པོ་བསེ་ཁྲབ་པ། འཇམ་མགོན་རྒྱལ་བའི་བསྟན་སྲུང་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་བཅས་འཁོད་པའི་གོས་ཐང་ཐོག་ས་གཉིས་ལྷག་ཙམ་ཡོད་པའི་གོས་ཐང་སྤུས་ལེགས་གཅིག ཡང་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཆོག་གིས་དགོན་སྡེར་སྦྱོར་འཇགས་མཛད་པ་བཟང་གོས་ཚོན་ཚོགས་རྙིང་པ་འབའ་ཞིག་ལས་བསྐྲུན་པའི་དྲ་བ་དྲ་ཕྱེད་འདུ་ཁང་གི་མཐོང་འཁོར་ཡོངས་རྫོགས་དང་། ཀ་རིང་གི་གདུང་འཁོར་ཀུན་ཏུ་འཁོར་བར་ལྟུང་བཤགས་སོ་ལྔ་དང་། སྨན་བླ་མཆེད་བརྒྱད ། རྗེ་ཡབ་སྲས་གསུམ། ཉེ་བའི་སྲས་ཆེན་བརྒྱད་སོགས་བླ་མ་ཡི་དམ་ཆོས་སྲུང་ཁག་དང་། མཆོད་ལྷ་སྣ་ཚོགས་བཅས་ཀྱི་སྣང་བརྙན་ལེགས་པར་བཀྲ་བའི་མཛེས་བཀོད་ཕུན་སུམ་ཚོགས་པ་སྲིད་ན་རིན་ཐང་བྲལ་བ་ཞིག་བཅས་བཞུགས། ཞལ་ཐང་ཚོན་བྲིས་མའི་གྲས། བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་སྐབས་སུ་འདུ་ཁང་གི་ཀ་རིང་བར་ནས་འགྲེམས་བྱེད་བདེ་གསང་འཇིགས་གསུམ་གྱི་སྐུ་ཐང་བོད་བྲིས་ཐོག་ཚད་ཕྱེད་གཉིས་སྐོར་ཡོད་པ་སྤུས་ལེགས་གསུམ་དང་། ཡང་དེ་ལས་ཅུང་ཆུང་བ་གསང་བདེ་འཇིགས་གསུམ་གྱི་སྐུ་ཐང་སྤུས་ལེགས་གསུམ། དབྱར་སྟོན་གྱི་བསྐངས་གསོ་ཆེན་མོའི་སྐབས་འདུ་ཁང་གི་ཀ་རིམ་བར་ནས་འགྲེམས་བྱེད་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་། མགོན་པ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་སྒྲུབ། དཔལ་ལྡན་ལྷ་མོ་དམག་ཟོར་མ། རྣམ་ཐོས་སྲས། དགོན་སྡེའི་སྲུང་མའི་གཙོ་བོ་བསེ་ཁྲབ་པ་བཅས་སོ་སོའི་འཁོར་ཡོངས་རྫོགས་བཅས་འཁོད་པའི་ཞལ་ཐང་ཐོག་ཚད་ལྷག་སྐོར་ཡོད་པ་ཆ་ཚང་གསར་རྙིང་གསུམ་སྐོར་ཡོད། མཛད་བརྒྱ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་བོད་བྲིས་མ་སྤུས་ལེགས་ཞལ་གྲངས་སུམ་ཅུ་སོ་གཅིག རྗེ་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་བོད་བྲིས་མ་ཞལ་གྲངས་བཅོ་ལྔ་ཡོད་པ་ཆ་ཚང་གཉིས། རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་བོད་བྲིས་མ་ཞལ་གྲངས་དགུ་ཡོད་པ་ཆ་ཚང་གཅིག། ལྕགས་ར་སྤྲུལ་སྐུ་སྐུ་ཕྲེང་ཞིག་གིས་སྦྱོར་འབུལ་གནང་བ་རྒྱ་ནག་གི་ཚོན་བྲིས་མ་གནས་བརྟན་བཅུ་དྲུག་གི་སྐུ་ཐང་སྤུས་ལེགས་ཞལ་གྲངས་ཉི་ཤུ་རྩ་གསུམ། རྒྱལ་བའི་འཁྲུངས་རབས་དང་། པཎ་ཆེན་འཁྲུངས་རབས་ཆ་ཚང་གསར་རྙིང་གཉིས་སྐོར། རྗེ་གཟིགས་པ་ལྔ་ལྡན་གྱི་སྐུ་ཐང་ཆ་ཚང་།སྨན་བླ་བདེ་གཤེགས་བརྒྱད་ཀྱི་ཞལ་ཐང་ཆ་ཚང་མང་པོ་དང་། གནས་བཅུའི་དགུ་ཐང་དང་ལྔ་ཐང་། ཇོ་སྟོན་རྗེ་གསུམ་གྱི་ཞལ་ཐང་ཆ་ཚང་གྲངས་མང་། རིགས་གསུམ་མགོན་པོ་ཚེ་ལྷ་རྣམ་གསུམ། མགོན་ཆོས་ལྔའི་བདུན་ཐང་དང་ལྔ་ཐང་། བདེ་ཅན་ཞིང་བཀོད། དགའ་ལྡན་ལྷ་བརྒྱའི་ཞིང་བཀོད། གཡུ་ལོ་བཀོད་པ་དང་། པོ་ཏ་ལའི་ཞིང་བཀོད། མངོན་དགའི་ཞིང་བཀོད། སངས་རྒྱས་སྟོང་སྐུ་དང་། ལྟུང་བཤགས་སོ་ལྔ། རྟ་ཕྱག་ཁྱུང་གསུམ། སེང་གདོང་གཙོ་འཁོར་གསུམ་སོགས་ཀྱི་ལྔ་ཐང་དང་སུམ་ཐང་གི་རིགས་མང་པོ་དང་། གཞན་ཡང་བླ་སྐུའི་རིགས་དང་། འོད་དཔག་མེད། མི་འཁྲུགས་པ། རྟ་མགྲིན། སྒྲོལ་ལྗངས་གཙོ་འཁོར། སྒྲོལ་དཀར། མི་གཡོ་བ་སོགས་འདོད་ལྷ་སྣ་ཚོགས་ཀྱི་ཞལ་ཐང་གསར་རྙིང་གཞི་མཚུངས་བཅས་བསྡོམས་ཞལ་ཐང་གྲངས་ལྔ་བརྒྱ་དྲུག་བརྒྱའི་སྐོར་བཞུགས། འདུ་ཁང་ཆེན་པོའི་ནང་གི་རྩིག་ངོས་གཡས་གཡོན་གཉིས་ཀྱི་སྡེབས་བྲིས་ཚོད་བཟང་སྣ་ཚོགས་དང་གསེར་སྦྱངས་བརྟུལ་མ་སྤེལ་མར་གྱིས་བྲིས་པའི་མཛད་བརྒྱ་དཔག་བསམ་འཁྲི་ཤིང་ཆ་ཚང་དང་དེ་འཕྲོས་ལོགས་གཉིས་སུ་གསང་བདེ་འཇིགས་གསུམ་སོགས་ཡི་དམ་ཁག་དང་། སྨན་བླ་བདེ་གཤེགས་བརྒྱད་དང་སངས་རྒྱས་རབས་བདུན་སོགས་སངས་རྒྱས། ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་སོགས་སངས་རྒྱས་བྱང་སེམས་ཁག་གི་སྐུ་བརྙན་དང་འོག་གི་ས་སྟོང་སོ་སོར་མཆོད་ལྷ་སྣ་ཚོགས་དང་མཆོད་རྫས་སྣ་ཚོགས་པས་ལེགས་པར་ཁེངས་པ། ཞལ་ཡར་བསྟན་གྱི་རྩིག་ངོས་སུ་ཆོས་སྐྱོང་མགོན་པོ་ཕྱག་དྲུག་པ་དང་མགོན་དཀར་གཙོ་འཁོར། དམ་ཅན་ཆོས་རྒྱལ་ཕྱི་ནང་གསང་གསུམ་དང་གཙོ་འཁོར། དཔལ་ལྡན་དམག་ཟོར་མ་གཙོ་འཁོར། རྣམ་སྲས་ལྷ་དགུའི་གཙོ་འཁོར། དགོན་སྡེའི་ཐུན་མོང་མིན་པའི་བཀའ་སྲུང་ཁག་དང་། བར་སྟོང་རྣམས་སུ་སྨན་རག་གཏོར་གསུམ་དང་དྲག་པོའི་ཉེར་སྤྱོད་སོགས་ཀྱི་ལེགས་པར་བཀྲ་བའི་སྡེབས་བྲིས་མཛེས་བརྗིད་ཅན་དང་། སེང་གཡབ་ཁའི་སྡེབས་བྲིས་སུ་རྗེ་ཙོང་ཁ་བརྒྱད་ཅུ་དང་ཡི་དམ་ཁག་གི་བླ་བརྒྱུད། རྒྱན་དྲུག་མཆོག་གཉིས་དང་ཇོ་བོ་རྗེ་སོགས་དང་། བར་སྟོང་ཁག་ཏུ་བཀྲ་ཤིས་རྫས་རྟགས། འདོད་ཡོན་སྣ་ལྔ། རྒྱལ་སྲིད་སྣ་བདུན། ཉེ་བའི་རིན་ཆེན་བདུན། ཞི་བའི་ཉེར་སྤྱོད་སོགས་མཆོད་རྫས་སྣ་ཚོགས་པས་ལེགས་པར་མཛེས་པ་ཞིག་ཡོད། སྒོ་འཆོར་ཀ་བ་བཅུ་གཉིས་ཅན་གྱི་སྡེབས་རིས་སུ་རྒྱལ་ཆེན་སྡེ་བཞི་དང་། གཞི་བདག་མཁར་རིའི་སྣང་བརྙན། འདུལ་པའི་དཔེ་རིས། སྲིད་པའི་འཁོར་ལོ་ཆ་ལྔ་པ་ཅན་དང་། དེའི་སྟེང་དུ་སངས་རྒྱས་ཀྱི་སྐུ་བརྙན་དང་། དེའི་མདུན་དུ་ཐར་པ་མཚོད་བྱེད་དཀྱིལ་འཁོར་དཀར་ཟླུམ་བཅས་དང་། པདྨའི་སྟེང་དུ་གླེགས་བར་རལ་གྲི་དང་དེའི་གཡས་གཡོན་དུ་ལོ་ཙྭ་བ་མཚོན་བྱེད་ནེ་ཙོ་ཁ་སྤྲོད། རྣམ་བཅུ་དབང་ལྡན་བཅས་ཚོད་མདངས་ལེགས་པར་བཀྲ་བས་མཛེས་པར་བརྒྱན་པ་ཞིག་ཡོད།

གསུང་རྟེན་གྱི་སྐོར་[རྩོམ་སྒྲིག]

རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་གིས་ལོ་ལྟར་ས་ག་ཟླ་བའི་ནང་དག་སྒྲོག་གནང་རྒྱུའི་མ་ཐེབས་དང་བཅས་དགོན་སྡེར་སྦྱོར་འཇགས་གནང་པའི་རྒྱལ་བའི་བཀའ་འགྱུར་རིམ་པོ་ཅེ་ལི་ཐང་མཚལ་དཔར་མ་སྤུས་ལེགས་ཆ་ཚང་གཅིག་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྣར་ཐང་དཔར་མ་ཆ་ཚང་གསུམ། ལྷ་ལྡན་ཞོལ་དཔར་ཁང་ཆེན་མོའི་དཔར་གསར་གྲས་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གཉིས། ཡུམ་རྒྱས་འབྲིང་བསྡུས་གསུམ་དཔར་མ་དང་བྲིས་མ་ཆ་ཚང་ལྔ་སྐོར། བསྟན་འགྱུར་སྣར་ཐང་དཔར་མ་ཆ་ཚང་གསུམ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་བཞི་ལྔ་སྐོར། གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་ཆ་ཚང་གཉིས། པཎ་ཆེན་བློ་བཟང་ཆོས་རྒྱན་དང་། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། རྗེ་དངུལ་ཆུ་བ། ལྕང་སྐྱ་ངག་དབང་ཆོས་ལྡན། ཆུ་བཟང་བླ་མ། སྤང་ལུང་བློ་བཟང་ཐུགས་རྗེ་རྣམས་ཀྱི་གསུང་འབུམ་ཆ་ཚང་། གཞན་ཡང་གསུང་འབུམ་ཁག་མང་། ལམ་རིམ་བློ་སྦྱོང་གི་སྐོར། སྨན་རྩིས་སོགས་རིག་གནས་ཀྱི་སྐོར། ཆོས་འབྱུང་དང་རྒྱལ་རབས་ཀྱི་སྐོར། ཆོས་འབྱུང་དང་རྒྱལ་རབས་ཀྱི་སྐོར། ཆོས་སྤྱོད་རབ་གསལ། གསང་བདེ་འཇིགས་གསུམ་གྱི་འདོན་ཆོག་དང་ཟབ་ཁྲིད་ཀྱི་སྐོར།། སྨན་བླ་མདོ་ཆོག་ཡིད་བཞིན་དབང་རྒྱལ་དཔེ་རིང་དང་། གཏོར་ཆེན་ཁག་དང་མདོས་རིགས་སོགས་པོ་ཏི་བརྒྱ་ཕྲག་བརྒལ་བར་བཞུགས། གོང་གསལ་གསུང་རྟེན་ཡོངས་སུ་རྫོགས་པར་ན་བཟའ་དཔེ་སྒྲིལ་དང་གླེགས་ཤིང་གླེགས་ཐག་གདོང་འཛར་སོགས་བཟང་ལེགས་བཅས་གཅེས་སྤྲས་ཤིད་ཏུ་ཆེན་པོ་གནང་བའི་ལམ་སྲོལ་བཟང་པོ་ཡོད། འདུ་ཁང་གི་སྒོ་འཆོར་གཡས་གཡོན་གཉིས་སུ་དགོན་སྡེ་གཞུང་གི་འཛིན་ཆས་རིགས་འཇོག་ཡུལ་མཛོད་ཁང་ཆེན་པོ་གཉིས་ཡོད། སྒོ་འཆོར་གྱི་ནུབ་ངོས་ནས་ཐོག་འགྲོའི་རྒྱལ་སྐས་སྲ་བརྟན་བདེ་ཉམས་དོད་པ་ཞིག་ཡོད། སྐས་འཛེག་འདི་ནས་མཁན་པོ་ཆེ་ཚོགས་ཕེབས་སྐབས་དང་བླ་ཆེན་མི་ཆེན་ཕེབས་སྐབས་སོགས་དམིགས་བསལ་ཁག་སྐབས་མ་གཏོགས་ཕེབས་བཞུད་གནང་སྲོལ་མེད། རྒྱུན་དུ་ཐོག་འགྲོའི་སྐས་འཛེག་འདུ་ཁང་ཞལ་ལྷོར་གཟིགས་པའི་གཡོན་ངོས་ཇ་སྒོའི་འཁྲིས་ལྟག་སྒོ་ཞིག་ཡོད་དེའི་ནང་ནས་ཐོག་འགྲོའི་རྡོ་ཆེན་གྱི་རྡོ་སྐས་རྒྱ་ཆེ་སྲ་བརྟན་ཅན་ཞིག་ཡོད་པ་རྒྱུན་དུ་ཐོག་ཁར་རྡོ་སྐས་འདི་བརྒྱུད་ཕེགས་བཞུད་གནང་སྲོལ་ཡོད། རྡོ་སྐས་སྟེང་གི་རབ་གསལ་ཆེན་མོའི་ནང་དུ་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་གསུམ་ཡོད། ཐུབ་དབང་གི་སྐུ་དང་། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། ཚེ་ལྷ་རྣམ་གསུམ། རིགས་གསུམ་མགོན་པོ་སོགས་བླ་སྐུ་དང་སངས་རྒྱས་བྱང་སེམས་ཆོས་སྲུང་བཅས་པའི་སྐུ་རྟེན་གྲངས་མང་། ཞལ་ཐང་གསར་རྙིང་གྲངས་མང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་རྟེན་སྣ་ཚོགས་གྲངས་མང་། བཀའ་གདམས་མཆོད་རྟེན་སོགས་ཐུགས་རྟེན་མང་པོ་བཞུགས། རབ་གསལ་ཆེན་མོའི་སྦུག་ཏུ་མཚན་གཟིམ་ཁང་དང་། དེའི་ནང་ལ་སྐུ་གསུང་ཐུགས་རྟེན་དང་། འཛིན་ཆས་བཅས་ཆ་ཚང་ཡོད། རབ་གསལ་འདིར་ཕྱོགས་ཕན་ཚུན་ནས་བླ་ཆེན་ཁག་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་སྒྲིག་ཞུ་ས་དང་། དགོན་སྡེ་གཞུང་གི་ཞབས་རིམ་འཕར་མ་ཟུར་ཚོགས་དགོས་རིགས་འདིའི་ནང་དུ་ཚུགས་སྲོལ་ཡོད། རབ་གསལ་ཞལ་ལྷོར་བསྟན་པའི་གཡས་ཕྱོགས་ལ་མཁན་རིན་པོ་ཆེ་རིམ་བྱོན་གྱི་གཟིམ་ཆུང་མདོ་སྦུག་གསུམ། གཟིམ་སྤྱོད་དང་འཛིན་ཆས་རྟེན་གསུམ་དང་བཅས་རང་འགྲིགས། རབ་གསལ་གྱི་གཡོན་ཕྱོགས་ལ་བླ་བྲང་ཕྱག་མཛོད་ཀྱི་ལས་ཤག་དང་། མཁན་པོ་སྐུ་འཁོར་བཅས་ཀྱི་གསོལ་ཐབ་དང་གཉེར་ཚང་བཅས་ཡོད། མཁན་པོའི་གཟིམ་ཆུང་གི་བྱང་ཕྱོགས་ལ་དགོན་སྡེའི་མགོན་ཁང་ཆེན་མོ་ཡོད། དེའི་ནང་དུ་ཐུབ་དབང་གི་སྐུ་དང་། འཇམ་དབྱངས། རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་དང་། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་ཞལ་ཕྱག་ཡོངས་རྫོགས་མི་ཚད་ལྷག་ཙམ་གཅིག སྐུ་ཚད་དེ་ལས་ཅུང་ཆུང་བ་གཅིག མགོན་པོ་ཕྱག་དྲུག་པ་དང་། དམ་ཅན་ཆོས་རྒྱལ་ཕྱི་སྒྲུབ། དཔལ་ལྡན་དམག་ཟོར་རྒྱལ་མོ། རྒྱལ་ཆེན་རྣམ་ཐོས་སྲས། རྒྱལ་པོ་སྐུ་ལྔ། དགོན་སྡེའི་ཐུན་མོང་མ་ཡིན་པའི་བཀའ་སྲུང་བསྟན་སྲུང་ཆེན་པོ་བསེ་ཡི་ཁྲབ་ཅན་བཅས་ཀྱི་སྐུ་བརྙན། སྤང་ལུང་བློ་བཟང་ཐུགས་རྗེས་ཕྱག་བཟོ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཆེན་པོ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གྱི་ཞལ་འབག་ཤིན་ཏུ་རྔམས་བརྗིད་ཅན་སྐུ་གསོབ་དང་བཅས་པ། གཞན་ཡང་ཞལ་འབག་སྣ་ཚོགས་གྲངས་མང་བཅས་བཞུགས། དྲག་པོའི་སྤྱན་གཟིགས་ཁག་དང་། ཁྲབ་རྨོག་མདའ་མདུང་རལ་གྲི་ཞགས་པ་སོགས་གོ་མཚོན་དང་། མདའ་དར་མེ་ལོང་སོགས་ཕྱི་ནང་གི་རྟེན་རྫས་ཀྱིས་ལེགས་པར་བལྟམས་པའི་མགོན་ཁང་འཇིགས་ཟིལ་ཅན་དེའི་མདོར་འཁྱམས་རྒྱ་ཆེན་པོ་བཅས་ཡོད། དེ་ནས་གཡས་བསྐོར་ལ་ཕེབས་ན་འོག་ཐོག་གཙང་ཁང་ནང་གི་ལྷ་ཆེན་གསུམ་གྱི་ཞལ་རས་ལྷ་ཁང་ཁག་དང་དེ་ནས་ཕར་ཙམ་ཕེབས་ན་ཤར་རྒྱུད་ནས་བླ་བྲང་གི་གསོལ་ཐབ་བར་མཛོད་ཆེན་ཁག་གཉིས་དང་གསང་སྤྱོད་བཅས་ཡོད། བླ་བྲང་གི་གསོལ་ཐབ་ཀྱི་ཉེ་འཁྲིས་ནས་ཐོག་འགྲོའི་སྐས་འཛེག་དེ་བརྒྱུད་ནས་སུམ་ཐོག་ཏུ་འབྱོར་ཞིང་། རབ་གསལ་ཆེན་མོའི་སྟེང་དུ་རྔ་ཁང་ཐེམ་སྐས་རིམ་པ་ལྔ་པ་ཅན་ཞིག་ཡོད་དེའི་དང་དུ་དགེ་འདུན་པར་ཚོགས་བརྡའ་འབུལ་བྱེད་རྔ་བོ་ཆེ་སྲབ་མཐུག་ཁྲུ་ཕྱེད་གསུམ་སྐོར་དང་འཁོར་རྒྱ་མིའི་གཞུ་འདོམ་བཞི་ཙམ་ཡོད་པ་དྲིལ་ཆུང་དུ་བ་བཏགས་པའི་རྔ་བོ་ཆེ་ཤིན་ཏུ་ལེགས་པ་གཅིག། རྔ་ཁང་གི་ཐོག་ཏུ་རྒྱ་ཕིབས་ཆུང་བ་ཞིག་ཀྱང་ཡོད། རྒྱུན་དུ་ཚོགས་བརྡའ་བཏང་སྐབས་ཇ་མ་ཆེན་མོ་གང་རུང་གིས་དགོན་སྡེའི་ཐུན་མོང་མ་ཡིན་པའི་བརྡུང་སྲོལ་ལྟར་དུས་ཚོད་སོ་སོར་འཕྱུགས་མེད་ཐོག་ཚོགས་བརྡ་རྔ་བོ་ཆེ་དགེ་འདུན་ཡོངས་རྫོགས་ཕེབས་རྗེས་ཟིན་ངེས་བར་བརྡུང་དགོས། རྔ་བརྡའི་གཞུག་རྫོགས་པ་དང་། དུང་གཉིས་ཁ་སྤྲོད་དུ་ལངས་ཏེ་དུང་དཀར་གཤོག་པ་ཅན་དལ་གྱིས་བུད་པ་དང་དབུ་མཛད་ཆེན་མོའི་ཞལ་འདོན་དབུ་བསྐུལ་བ་བཅས་དུས་མཉམ་པ་དགོས། རྔ་བོ་ཆེ་བརྡུང་བཞིན་པའི་ཚེ་ནད་གདོན་གྱིས་གཙེས་པ་སོགས་རྔ་བོ་ཆེའི་འོག་ཏུ་འཛུལ་ན་ནད་དང་གནོད་པ་ཞི་བ་སོགས་ངག་བགྲོས་ངོ་མཚར་ཅན་མང་པོ་བཤད་རྒྱུ་ཡོད། ཐོག་ཁ་དེ་གའི་ཤར་རྒྱུད་ཁུལ་དུ་དགོན་སྡེའི་སྤྱི་འཐུས་སོགས་ཚོགས་འདུ་ཚུགས་ཡུལ་ཚོགས་འདུ་ཁང་རྒྱ་ཆེན་པོ་དང་། གཉེར་ཚང་གསོལ་ཐབ་ཁང་རྒྱ་ཆེན་པོ་བཅས་ཡོད། བྱམས་ཁང་གི་ཡང་ཐོག་གི་དབུས་སུ་གོང་ས་རྒྱལ་དབང་མཆོག་གི་གཟིམ་ཆུང་དང་། ནང་དུ་རྗེ་ཡབ་སྲས་གསུམ་དང་། ཐུབ་དབང་གི་ལི་སྐུ། རྡོ་རྗེ་རྣལ་འབྱོར་མའི་སྐུ་བྱིན་ཅན། རིགས་གསུམ་མགོན་པོ་སོགས་སྐུ་རྟེན་གྲངས་མང་། གསེར་དངུལ་བཏུལ་མ་འབའ་ཞིག་གིས་བྲིས་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ་སྲིད་ན་དཀོན་པ་ཆ་ཚང་། རྒྱལ་བ་བསྐལ་བཟང་རྒྱ་མཚོ་མཆོག་གི་གཟིགས་དཔེ་དབུ་འཇུག་པ་ཤོག་སེར་མ། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་གནང་བ་གོང་ས་ལྔ་པ་ཆེན་པོའི་སྐུ་གཟན་དང་། བསྐལ་བཟང་རྒྱ་མཚོ་མཆོག་རང་གི་སྐུ་གཟན་གཅིག་དང་། ནམ་བཟའ་སོགས་འཇོག་ཡུལ་རྟེན་སྒམ་ཁག གསུང་འབུམ་སྣ་ཚོགས་ཀྱི་པོ་ཏི་གྲངས་མང་། བཀའ་གདམས་མཆོད་རྟེན་གྲངས་མང་། གོང་ས་རྒྱལ་དབང་མཆོག་གི་བཞུགས་ཁྲི་རིམ་པོ་ཆེ་དང་ཁྲི་ཆས་རང་འགྲིགས་གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ལྗོངས་ཆོས་སྲིད་གཉིས་ཀྱི་བདག་པོར་མངའ་གསོལ་བའི་མཛད་ཆེན་དང་སྟབས་བསྟུན་རྒྱལ་ཐང་ཁུལ་ནས་སྔར་ལམ་ཁྲི་འབུལ་ལེགས་འབུལ་ཞུས་པར་ཕྱིར་སྩལ་ཁྲི་འབུལ་སྡེ་པ་ཡང་ཐང་མཁར་འགོ་སྡེ་པ་བློ་བཟང་ཚུལ་ཁྲིམས་ཅན་གྱི་གདོང་དགོན་སྡེའི་དད་རྟེན་གནང་བ་གོང་ས་ཆེན་པོའི་སྐུ་བེར་དང་བཞུགས་ཁྲིའི་ཉེར་སྤྱད་ཆ་ཚང་བཅས་བཞུགས། རྒྱལ་བའི་གཟིམ་ཆུང་གི་གཡས་ཕྱོགས་ཀྱི་ལྷ་ཁང་དེ་བཞིན་དེ་སྔོན་གནས་བཅུ་ལྷ་ཁང་ཡིན་ཀྱང་དེའི་ནང་དུ་གཞུགས་པའི་གནས་བརྟན་གཙོ་འཁོར་རྣམས་འདུ་ཁང་ཆེན་མོའི་ཀ་བའི་ཐོག་སོ་སོར་དྲ་མིག་ངོ་མཚར་ཅན་ཤེལ་ཕྲ་བཅས་གསར་བསྐྲུན་བྱས་ཏེ། གནས་བརྟན་གཙོ་འཁོར་རྣམས་ཀ་བའི་ཐོག་སོ་སོར་བཞུགས་སུ་གསོལ་ནས་ལྷ་ཁང་དེའི་ནང་དུ་སྟོན་པ་ཐུབ་པའི་དབང་པོ་ནས་སྐྱབས་མཆོག་རྗེ་ཕ་བོང་ཁ་བ་བདེ་ཆེན་སྙིང་པོར་ཐུགས་གི་བར་ལམ་རིམ་བརྒྱུད་པའི་བླ་མ་ཡོངས་རྫོགས་ཀྱི་སྐུ་བརྙན་གསར་བསྐྲུན་གྱིས་བཞུགས་སུ་གསོལ་བས་ཕྱིས་སུ་ལམ་རིམ་ལྷ་ཁང་ཞེས་གྲགས། རྒྱལ་བའི་གཟིམ་ཆུང་གི་གཡོན་ཕྱོགས་ནས་རྩེ་ཐོག་ཏུ་འགྲོ་བའི་སྐས་འཛེག་དེ་ནས་འགྲོ་ན་རྩེ་ཐོག་རྒྱ་ཕེབས་འོག་ཏུ་འབྱོར། རྒྱ་ཕེབས་འོག་གི་མཆོད་ཁང་དེར་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་ཀྱི་དཀྱིལ་འཁོར་བཟོ་བཀོད་ཕུན་སུམ་ཚོགས་པ་གསུམ་དང་། སྨན་བླ་བདེ་གཤེགས་བརྒྱད་ཀྱི་བློས་བསླངས་ཀྱི་དཀྱིལ་འཁོར་ཚད་ལྡན་སྤུས་ལེགས་གཅིག་བཅས་མཇལ་རྒྱུ་ཡོད། ཐོག་རྒྱ་ཕེགས་འོག་ནས་འོག་སྒོ་འཆོར་བར་གྱི་ཤིང་ཆའི་རིགས་ཡོངས་རྫོགས་ལ་ཤིང་ཚོན་མདོག་ལེགས་དང་གསེར་ཤོག་དང་གསེར་རིས་སོགས་ལ་རྒྱ་རྩིས་ལེགས་པར་ཁ་བསྒྱུར་བྱས་པས་མི་རབས་མང་པོ་སོང་ཡང་ཚོན་ཁའི་རིགས་རྣམས་གསར་དུ་བཅོས་པ་ལྟ་བུ་ཁྲ་ལམ་མེར་མཇལ་སྣང་ཡོད། འདུ་ཁང་གི་ཕྱི་ལོགས་ཀྱི་རྩིག་པའི་རྩ་ནས་འགྲམ་སྟེགས་ལྟ་བུའི་བསྐོར་ལམ་མཐོ་ཚད་ཕུ་ཊི་གསུམ་སྐོར་ཡོད་པ་སྲ་བདེ་ཅན་ཞིག་ཡོད། མདུན་གྱི་རྡོ་གཅལ་རྒྱ་ཆེ་བའི་ལྷོ་ངོས་ནས་འདུ་ཁང་དང་ཞལ་སྤྲོད་ཀྱི་ཆོས་ར་ཐོག་འཁོར་ཅན་ཐུག་ཏུ་གསེར་ཟངས་ཀྱི་གཉྫིར་ཆེ་ལེགས་གཅིག་དང་། དེའི་ནང་དུ་མཁན་པོ་བཞུགས་ཡུལ་ས་ཁྲི་མཐོ་བ་ཞིག་དང་སྡེབས་རིས་ཚོན་བཟང་བཀྲ་བ་བཅས་ཡོད། ཆོས་ར་དེར་སྨོན་ལམ་ཆེན་མོའི་སྐབས་དམ་བཅའ་ཚུགས་ཡུལ་དང་། ལོ་ལྟར་དགུ་གཏོར་འཆམ་རྒྱག་སྐྱབས་རོལ་མོ་བ་དང་དུང་པ་བཅས་སྡོད་སྲོལ་ཡོད། རྡོ་གཅལ་གཡས་གཡོན་གཉིས་སུ་དར་ཆེན་ཤིན་ཏུ་རིང་བ་གཉིས་དང་། རྡོ་གཅལ་གྱི་དཀྱིལ་ནས་ཅུང་ཟད་ནུབ་ཕྱོགས་ལ་ཉེ་བར་ལི་ང་གི་སྤོས་ཕོར་དཔང་ལ་མི་ཚད་གཅིག་ལྷག་དང་འཁོར་རྒྱ་མི་ཚད་ལྡན་གྱི་འདོམ་བཞིས་འཁོར་ཐུབ་ཙམ་ཡོད། འདིའི་ནང་དུ་སྔར་བསངས་གཏོང་སྲོལ་ཡོད་འདུག་ཀྱང་འདུ་ཁང་གི་ཚོད་རྩི་སོགས་ལ་གནོད་སྐྱོན་ཡོང་དྭོགས་ཀྱིས་སྤོས་ཕྲན་བུ་སྤར་བ་ལས་བསངས་བཏང་མི་ཆོག་པའི་དམ་བསྒྲགས་གནང་འདུག སྤོར་ཕོར་འདི་སྔར་ཀར་དགོན་ཞིག་ནས་བྱུང་བོར་གྲགས།

མཆོད་རྫས་ཀྱི་སྐོར་[རྩོམ་སྒྲིག]

དྲ་བ་དྲ་ཕྱེད་སྲིད་ན་དཀོན་པ་ཞིག་ཡོད་པ་སྔར་ཞལ་ཐང་གྲས་སུ་བརྗོད་ཟིན། འདུ་ཁང་གི་ཀ་རིང་བཅུ་གཉིས་དང་། མཐོང་འཁོར་གྱི་ཀ་ཐུང་ཇི་ཡོད། གཙང་ཁང་གི་ཀ་བ་རྣམས། ཆོས་རའི་ཐོག་འཁོར་གྱི་ཀ་བ་སོགས་ལ་བཟང་གོས་མཁའ་འགྲོ་བཀྲས་བཏགས་དང་། རྒྱན་བཞི། བཅད་ལྡན། རྒྱ་འདྲ་སོགས་ཀྱི་ཀ་འཕན་གཞི་མཚུངས་ཆ་ཚང་གསུམ་རེ། གོས་རྒྱུ་གོང་མཚུངས་ལྷན་གྲུབ་བྱས་པའི་འཕན་མགོ་ཛི་པར་ཅན་ཆ་ཚང་། གསེར་ཟངས་ལས་བསྐྲུན་པའི་འཕན་མགོ་ཚང་བཅས་གོས་རྒྱུ་གོང་མཚུངས་རྒྱལ་མཚན་ནམ་ཕྱེ་ཕུར་ཆ་ཚང་གསུམ་རེ། གོས་ཅན་མ་ནི་དང་ཧོར་གོས། ཁ་ཐིག། བཅད་ལྡན་སོགས་གོས་གསར་རྙིང་སྣ་ཚོགས་གྱི་འཕན་དང་རྒྱལ་མཚན་གདུང་ཁེབས་ལྕེ་རྩེག འཕན་མགོ་བཅས་གཞི་མ་མཚུངས་གྲས་ཀ་བ་རིང་ཐུང་ཡོངས་ལ་ཁེབས་པ་ཆ་ཚང་བཅས། འདིའི་གྲས་སུ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་གིས་སྔ་རྗེས་གནང་བའི་མཆོད་རྫས་མང་རབ་ཅིག་ཡོད་པ་རྣམས་རྒྱལ་མཆོག་ཉིད་ཀྱི་རྣམ་ཐར་ཆེན་མོར་གསལ་བར་འདིར་ཞིབ་པར་མ་བཀོད། འདུ་ཁང་དང་གཙང་ཁང་ནང་ངོས་ཀྱི་ཐོག་ཡོངས་ལ་གནམ་དར་བཟང་གོས་རྡོ་རྗེ་སག་ལམ་བཅས་ཀྱི་གནམ་དར་གསར་རྙིང་ཆ་ཚང་མང་པོ་ཡོད། སྟེང་ཤོད་བར་གསུམ་དུ་བཞུགས་པའི་སྐུ་བརྙན་ཡོངས་ལ་རྒྱུ་གོང་མཚུངས་དང་རྒྱ་སེར་གསར་རྙིང་བཅས་ཀྱི་ན་བཟའ་ཆ་ཚང་སོགས་དང་བ་འདྲེན་པ་བཅས་ཡོད། གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད་ཁག་དང་། རབ་གནས་ཆེན་མོའི་སྐབས་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་ཆ་ཚང་གསར་རྙིང་བཞི་ལྔའི་སྐོར་དང་། རྟེན་ཁེབས་གྲངས་མང་། བདག་འཇུག་ཆེན་མོའི་སྐབས་ཀྱི་དབང་རྫས་གཙུག་ཏོར་དང་། རིགས་ལྔའི་ཅོད་པན། དར་བརྐྱངས། བཟང་གོས་གསར་རྙིང་སྣ་ཚོགས་ལས་བཟོས་པའི་སྟོད་ལྷེ་དང་སྤང་ཁེབས་བཅས་ཆ་ཚང་དྲུག་ཅུའི་སྐོར་གསར་རྙིང་ཆ་ཚང་གསུམ་སྐོར། དགུ་གཏོར་སྐབས་ཀྱི་འཆམ་གོས་རྒྱན་གཞི་དང་བཅད་ལྡན་མ་ནི་སོགས་ལས་བཟོས་པ་གསར་རྙིང་ཆ་ཚང་གསུམ་རེ་གྲངས་སུམ་ཅུའི་སྐོར་དང་ཞྭ་ནག་དང་དེའི་འཆམ་གོས་གསར་རྙིང་ཆ་ཚང་གསུམ་སྐོར། གཏོར་རྒྱག་སྐབས་འཕྱར་དར་བཟང་གོས་ཚོན་ཚོགས་ཅན་གྱི་རྩེ་མོར་ལྕགས་དཀྲོལ་མའི་ཐོག་གསེར་རི་དང་མཚལ་གྱི་མེ་རི་རྩེ་གསུམ་ཅན་རང་འགྲིགས་ཆ་ཚང་ཉི་ཤུའི་སྐོར། དེ་མཚུངས་འཕྱར་དར་པ་དང་སྤོས་འཛིན་པ་སོགས་ཀྱི་རྟེན་ཁེབས་གོས་ཆེན་རྒྱ་སེ་དང་རྒྱ་འདྲ་སོགས་ལ་སེ་ཤན་ཚོན་ཚོགས་ཀྱི་འཛར་ལྡན་ཅན་ཆ་བཅོ་ལྔ་སྐོར། གཞན་ཡང་འཆམ་པ་རྣམས་ཀྱི་རྒྱབ་དར་དང་། དུང་དང་རྒྱ་གླིང་གི་རྒྱན་འཕན་ལག་ཁག་སོགས་རེ་རེ་ནས་བརྗོད་ཀྱིས་མི་ལང་བ་བཅས་ཡོད།

མཆོད་ཆའི་སྐོར་[རྩོམ་སྒྲིག]

འདུ་ཁང་གི་གྲལ་དབུའི་རྟེན་གཙོ་གོང་ས་ལྔ་པ་ཆེན་པོའི་འདྲ་སྐུ་རིན་པོ་ཆེའི་སྤྱན་སྔར་གསེར་སྦྱངས་ཏོ་ལ་བརྒྱ་ལྷག་ལས་བསྐྲུན་པའི་གསེར་ཀོང་ཆེ་ལེགས་གཅིག་དང་། རྒྱ་དངུལ་ལས་གྲུབ་པའི་དངུལ་ཀོང་རྒྱུན་འཛུགས་ཆེ་ལེགས་ཆ་གཉིས། ཟངས་དམར་ལས་གྲུབ་པའི་ཁ་ཞབས་དངུལ་དང་སྟོང་གི་ཁ་བསྒྲིལ་ཡོད་པའི་རྒྱུན་འཛུགས་མཆོད་ཀོང་ཆེ་ལེགས་ཆ་གསུམ། ཧོར་ཏིང་དང་ལི་ཏིང་ཤིན་ཏུ་ཆེ་བ་སྤུས་ལེགས་བདུན་ཚར་བཅུའི་སྐོར། རྒྱ་དངུལ་ལས་གྲུབ་པའི་ཏིང་ཆེ་ལེགས་བདུན་ཚར་བཅོ་ལྔ་སྐོར། དངུལ་ཏིང་དང་ལི་ཏིང་ཟངས་དང་རག་གི་ཏིང་དང་མཆོད་ཀོང་ཆེ་ཆུང་སྣ་ཚོགས་གྲངས་ཤིན་ཏུ་མང་པོ་ཡོད། ཟངས་དང་རག་གི་ཆབ་བུམ་ར་མ་ལུག་མང་པོ་དང་། རྒྱ་དངུལ་དཀྲོལ་ཚགས་དང་ཚ་གསེར་ཅན་གྱི་ཆབ་བླུགས་ཆེ་ལེགས་ཆ་གཉིས། སྟེང་ཤོད་བར་གསུམ་གྱི་ལྷ་ཁང་ཁག་ཏུ་དངུལ་ཀོང་དངུལ་ཏིང་དངུལ་གྱི་མཎྡལ། ལི་དང་ཟངས་རག་གི་མཆོད་ཀོང་དང་ཆུ་ཏིང་ཆེ་ཆུང་སྣ་ཚོགས་གྲངས་ལས་འདས་པ་ལྟ་བུ་ཡོད། རྒྱ་དངུལ་ལས་གྲུབ་པའི་ཁྲུས་བུམ་དང་ཁྲུས་གཞོང་ཆེ་ལེགས་མེ་ལོང་དང་བཅས་པ་ཆ་ཚང་གསུམ། སྒྲུབ་མཆོད་ཁག་གི་ཡོ་བྱད་རྒྱ་དངུལ་ལས་བསྐྲུན་པའི་རྣམ་བུམ་དང་ལས་བུམ་དཀྲོལ་ཚགས་ཚ་གསེར་ཅན་ཆེ་ལེགས་ཆ་ཚང་གཉིས། ཡང་དངུལ་གྱི་རྣམ་བུམ་ལས་བུམ་དང་ལས་བུམ་ཚ་གསེར་མེད་པ་ཆ་ཚང་གཅིག རྒྱ་དངུལ་ལས་གྲུབ་པའི་ཆུ་བཞི་དཀྲུགས་སྣོད་རང་འགྲིགས་ཆ་ཚང་གསུམ། རབ་གནས་ཆེན་མོའི་སྐབས་ཀྱི་ཁྲུས་བུམ་ཁག་དང་ཁྲུས་གཞོང་ཁག རྫས་སྡེར་ཁག མེ་ལོང་ཆེ་ལེགས་བཅས་རྒྱ་དངུལ་ལས་གྲུབ་པ་ཆ་ཚང་གསུམ། རྒྱ་དངུལ་ལས་བསྐྲུན་པའི་མེ་ལོག་ཞབས་སྟེགས་དང་པ་ཊྲིའི་རི་མོ་ཅན་ཆེ་ལེགས་བཞི། བདག་འཇུག་ཆེན་མོའི་སྐབས་རྡོར་སེམས་བསྒོམ་བཟླས་ཀྱི་འགོར་མཆོད་གཡོག་པས་གདོང་གྲལ་ནས་ཡར་འདེགས་བྱེད་རྒྱ་དངུལ་ལས་བསྐྲུན་པའི་མཎྡལ་དཀྲོལ་ཚགས་འབུར་དོད་དང་ཚ་གསེར་ཅན་ཆེ་ལེགས་གཅིག་དང་། རྒྱུ་དབྱིབས་གོང་མཚུངས་ཚ་གསེར་མེད་པ་གཉིས། རྒྱ་དངུལ་ལས་གྲུབ་པའི་གསེར་སྐྱེམས་ཕུན་ཀོང་དང་ཕུད་གཞོང་ཕུད་དམ་རང་འགྲིགས་དཀྲོལ་ཚགས་དང་ཚ་གསེར་ཅན་སྤུས་ལེགས་ཆ་ཚང་གཅིག རྒྱུ་གོང་མཚུངས་ཚ་གསེར་མེད་པ་རང་འགྲིགས་ཆ་ཚང་གཉིས་བཅས། དུས་སྟོན་ཁག་དང་དུས་ཆེན་ཁག་བཅས་ལ་མཆོད་གཤོམ་ཀྱི་མདུན་ནས་སྒྲིགས་བྱེད་རྒྱ་དངུལ་ལས་བསྐྲུན་པའི་བཀྲ་ཤིས་རྟགས་བརྒྱད་དང་། རྫས་བརྒྱད། རྒྱལ་སྲིད་རིན་ཆེན་སྣ་བདུན། འདོད་ཡོན་སྣ་ལྔ་བཅས་དཀྲོལ་ཚགས་དང་ཞབས་སྟེགས་པདྨ་བཅས་བརྐྱངས་ཁྲུ་ཕྱེད་དོ་ལྷག་སྐོར་ཡོད་པ་ངོ་གྲངས་སུམ་ཅུའི་སྐོར་ཡོད། བསྒྲལ་ཆོག་སྐབས་ཀྱི་མཚོན་ཆ་དགུ་བསྐོར་གྲས་ཡུ་བ་རྣམས་རྒྱ་དངུལ་ལས་བྱས་པ་ཆ་ཚང་གཉིས། དགུ་གཏོར་གར་འཆམ་པ་རྣམས་ཀྱི་ཕྱག་མཚན་རྣམ་གྲངས་ཡོངས་རྫོགས་རྒྱ་དངུལ་ལས་བསྐྲུན་པ་སྤུས་ལེགས་ཆ་ཚང་། ཞྭ་ནག་འཆམ་པ་རྣམས་ཀྱི་ཕྱག་མཚན་དངུལ་གྱི་ཀ་པ་ལི་དང་། ཕུར་བུ། གསེར་སྐྱེམས་ཕུད་ཀོང་བཅས་གསར་རྙིང་ཆ་ཚང་གཉིས། རྒྱ་དངུལ་ལས་བསྐྲུན་པའི་སྤོས་འཛིན་དཀྲོལ་ཚགས་ཚ་གསེར་ཅན་ཆ་ལྔ། མཆོད་ཁང་སྟེང་ཤོད་བར་གསུམ་དུ་རྒྱ་རག་གི་སྤོས་ཕོར་སྤུས་ལེགས་ཆེ་ཆུང་བསྡོམས་གྲངས་བཅོ་ལྔ་སྐོར། ཀ་ཡོལ་ཡུ་རིང་མ་དཀར་སང་དང་ཚོན་ཁྲ་ཅན་སྤུས་ལེགས་གྲངས་སུམ་ཅུའི་སྐོར་དང་རྒྱ་དངུལ་དང་ཟངས་རག་ཐོག་ཚ་གསེར་བཏང་བའི་ཡུ་སྐྱག་(སྐྱོགས་)སྤུས་ལེགས་དང་འཐོར་འབྲུ་བླུགས་སྣོད་ནས་སེ་སྤྱི་བླུགས་རང་འགྲིགས་ཆ་ཚང་བཅོ་ལྔའི་སྐོར། དེ་འབྲེལ་བཞུགས་ཁྲིའི་ཉེར་སྤྱད་རྒྱབ་ཡོལ་དང་གོས་ཁ་གཏིང་དཀར་རྡོ་རྗེ་བཅས་རང་འགྲིགས་ཆ་ཚང་གྲངགས་བཅོ་ལྔ་སྐོར་བཅས་ཡོད།

རོལ་མོའི་ཡོ་བྱད་སྐོར།[རྩོམ་སྒྲིག]

སྦུག་ཆལ་(སྦུབ་ཆལ་) ཧ་སང་མ་ཞེས་པ་ངོ་མཚར་ཅན་ཞིག་ཡོད། སྦུག་ཆལ་འདི་དགུ་གཏོར་ཆེན་མོའི་གར་འཆམ་སྐབས་མ་གཏོགས་བརྡུང་སྲོལ་མེད་ལ། དགུ་གཏོར་གར་འཆམ་སྐབས་དབུ་མཛད་ལས་ཐོག་པས་བརྡུང་དགོས་ཤིང་ཐོག་མར་བརྡུང་བའི་ཚེ་སྐད་སྒྲ་ལེགས་ཉེས་ལ་བརྟེན་ནས་ལོ་གཅིག་གི་རྟགས་རྟེན་ལེགས་ཉེས་ཀྱང་མཚོད་ནུས་པ་སོགས་ངག་བགྲོས་ཡ་མཚན་ཅན་མང་པོ་བཤད་སྲོལ་ཡོད། སྦུག་ཆལ་འདི་སྔར་ཀར་དགོན་ཞིག་ནས་བྱུང་བར་གྲགས། ཡང་སྦུག་ཆལ་མཛོ་བརྒྱ་མ་ཞེས་པ་སྤུས་ལེགས་གཅིག་ཡོད། སྦུག་ཆལ་འདི་གཉིས་དགོན་སྡེའི་ཁྱད་ནོར་ལྟ་བུ་རྩ་འགངས་ཤིན་ཏུ་ཆེ་བོར་མཛད་པ་རེད། གཞན་ཡང་རྒྱ་ཧོར་བལ་དང་གྲ་སྦུབ་སོགས་སྦུབ་ཆལ་རྙིང་གྲས་སྤུས་ལེགས་ཆེ་ཆུང་བསྡོམས་གྲངས་ཉིས་བརྒྱ་སྐོར་ཡོད། སིལ་སྙན་ཛ་ལན་རྡ་ར་ཞེས་པ་སྤུས་ལེགས་གཅིག འདི་སྨོན་ལམ་སྐམ་ཚོགས་སྐབས་མ་གཏོགས་བཀྲོལ་སྲོལ་མེད། མི་ནི་དང་ཧོར་སོགས་ཀྱི་སིལ་སྙན་རྙིང་གྲས་ངོ་གྲངས་སུམ་ཅུའི་སྐོར་ཡོད། རྒྱ་དངུལ་ལས་བསྐྲུན་པའི་དུང་ཆེན་སྤུས་ལེགས་གསར་རྙིང་གཉིས། ཟངས་ཀྱི་དུང་ཆེན་རག་དཀྲོལ་ཚགས་ཚ་གསེར་ཅན་སྤུས་ལེགས་ཆ་གཅིག ཡང་ཟངས་ཀྱི་དུང་ཆེན་རག་ཤན་ཅན་ཆ་གཉིས། གསེར་སྦྱངས་ལས་བསྐྲུན་པའི་རྒྱ་གླིང་སྤུས་ལེགས་ཆ་གཅིག དངུལ་ལས་བསྐྲུན་པའི་རྒྱ་གླིང་ཚ་གསེར་ཅན་ཆ་གཉིས། རག་གི་རྒྱ་གླིང་ར་མ་ལུག་ཆ་གསུམ་བཅས། རྒྱ་དངུལ་ལས་གྲུབ་པའི་རྐང་གླིང་ར་མ་ལུག་ཆ་བཅུ་སྐོར། དུང་དཀར་གྱི་གཤོག་པ་དངུལ་དཀྲོལ་ཚགས་ཐོག་ཚ་གསེར་དང་ཕྲ་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་སྤུས་ལེགས་ཆ་གཅིག མཆོད་རྔ་ཆེ་ལེགས་ཆ་གཅིག ལག་རྡ་རྒྱ་རྩི་དང་གསེར་རིས་མ་སྤུས་ལེགས་ཆ་ཉི་ཤུ་སྐོར། ཡང་དུང་དཀར་རག་གི་གཤོག་པ་ཅན་ཚ་གསེར་ཡོད་པ་ཆ་གསུམ། འཁར་རྔ་སྤུས་ལེགས་ཆེ་ཆུང་བསྡོམས་གྲངས་ལྔ་དྲུག རྒྱ་ནག་དང་སྡེ་དགའེའི་དྲིལ་བུ་རྡོ་རྗེ་རང་འགྲིགས་གྲངས་ཉིས་བརྒྱ་སྐོར། བ་སོ་དང་ཙནྡན་སེང་ལྡེང་སོགས་ལས་གྲུབ་པའི་ཌ་མ་རུ་ངོ་གྲངས་ཉི་ཤུའི་སྐོར། དངུལ་དང་ཟངས་རག་བཅས་ཀྱི་ཀ་ཏོ་ར་ཆེ་ཆུང་བསྡོམས་ངོ་གྲངས་བརྒྱ་ལྷག་སྐོར་བཅས་ཡོད། འདུ་ཁང་ཆེན་མོའི་ཤར་ལྷོའི་ཕྱོགས་སུ་རང་ཁང་ཤིན་ཏུ་རྒྱ་ཆེ་བ་དང་། དེའི་སྦུག་ཏུ་ཇ་མར་སོགས་འཇོག་ཡུལ་མཛོད་ཁང་ཆེན་པོ་དང་ཇ་མ་གཉིས་ཀྱི་སྡོད་གནས། དེའི་མདོར་གསོལ་ཐབ་ཤིན་ཏུ་རྒྱ་ཆེན་པོ་དང་། ཇ་ཐུག་གི་ཚོགས་ཁྲོ་ཤིན་ཏུ་ཆེ་ལེགས་ཁག་མང་དང་། ཚོགས་ཆུ་གསོག་སྣོད་ཟངས་ཆེན་ཆེ་ལེགས་ཁག་དང་། ཇ་ཕྲ་གྲངས་མང་། ཐུག་ཟོ་དང་རག་སྐྱོགསས་ཆེ་ཆུང་སྤུས་ལེགས་གྲངས་མང་དང་ལྕགས་ཀྱི་ཐུག་སྐྱོགས་ཆེ་ཆུང་གྲངས་མང་། མདོར་ན་རུང་ཁང་གི་མཁོ་བྱེད་གང་ཅིར་ཕུན་སུམ་ཚོགས་པའི་གསོལ་ཐབས་གསོལ་ཐབ་ཆེན་མོ་ཡོད། གསོལ་ཐབ་ཀྱི་སྒོ་ནུབ་ཏུ་བསྟན་པའི་ཁ་སྤྲོད་དུ་འདུ་ཁང་གི་ལྟག་སྒོ་ཞལ་ཤར་བསྟན་དེ་ཇ་སྒོ་ཞེས་གྲགས། རུང་ཁང་ཆེན་མོའི་རྒྱབ་ཏུ་བླ་བྲང་གི་ཆོབས་ར་གཟན་ཁང་དང་བཅས་རྒྱ་ཆེ་བ་ཞིག་ཡོད། ཚོག་ཆེན་འདུ་ཁང་ཞལ་ལྷོར་བསྟན་པའི་གཡས་ཕྱོགས་ཀྱི་ཉེ་འཁྲིས་སུ་རྗེའི་ལྷ་ཁང་ཆེན་པོ་ཐོགས་ལྔ་བརྩེགས་དེའི་སྟེང་དུ་གསེར་ཟངས་ལས་བསྐྲུན་པའི་རྒྱ་ཕིབས་ཆེ་ལེགས་གཅིག གསེར་ཟངས་ཀྱི་གཉྫི་ར་ཆ་གཅིག གསེར་ཟངས་ཀྱི་རྒྱལ་མཚན་སྤུས་ལེགས་ཆ་གཉིས། ཐུག་དང་ཐུག་སྐྱོགས་དཀྲོལ་མ་རང་འགྲིགས་ཆ་བཞི། རྣམ་བཅུ་དབང་ལྡན་སོགས་སྤེན་རྒྱན་གྲངས་མང་། ལྷ་ཁང་དེའི་ནང་དུ་གསེར་ཟངས་ལས་གྲུབ་པའི་འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་རིན་པོ་ཆེ་ཐོག་ཚད་བཞི་པ་ཅན་སེང་ཁྲི་དང་བཅས་པ་དེའི་གཟུངས་བཞུགས་སུ་འདོད་དགུ་ཡིད་བཞིན་འཇོ་བའི་གཏེར་བུམ་ཁག་དང་། སྲིད་འདིར་རྙེད་པར་དཀའ་བའི་རྟེན་རྫས་ཁག་དང་། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་། རྗེ་ཙོང་ཁ་པ་ཆེན་པོ་དང་རྗེ་བཙུན་འཇམ་དཔལ་དབྱངས་སོགས་ཀྱི་སྐུ་དཔར་འབུམ་ཕྲག་མང་པོ། གཟུངས་ཆེན་སྡེ་ལྔ་སོགས་གཟུངས་བཞུགས་སུ་འོས་པའི་རིགས་ཀྱིས་བྱུར་བུར་བལྟམས་པའི་རྟེན་མཆོག་མཐོང་ཐོས་དྲན་རེག་ཙམ་གྱིས་མངོན་མཐོ་དང་ངེས་ལེགས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་རྟེན་ཁྱད་པར་ཅན་ཞིག་བཞུགས། རྟེན་མཆོག་འདིའི་ཕྱག་འཛུབ་རེ་རེའི་ནང་དུ་བཀའ་འགྱུར་པོ་ཏི་རེ་གཟུངས་སུ་བཞུགས། རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་གསེར་ཟངས་ལས་བསྐྲུན་པ་སྐུ་ཚད་འདི་བཞིན་ཁམས་ཁུལ་གཞན་དང་བོད་དབུས་སུའང་མེད་པར་བརྗོད་ཆོག་པའི་ཚོད་དུ་གདའ་འོ། དེའི་གཡས་གཡོན་དུ་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་དབང་པོ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འཁོར་དག་པ་རྣམ་བརྒྱད། གཙུག་གཏོར་རྣམ་རྒྱལ་མ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། དམ་ཅན་ཆོས་རྒྱལ་ཕྱི་སྒྲུབ་བཅས་ཀྱི་བརྙན་ཐོག་ཚད་མ་བཅས། གསུང་རྟེན་སྣར་ཐང་དཔར་མ་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་འབུམ་ཁག་མང་། གཙུག་ལག་ཁང་དེའི་ནང་གི་རྩིག་པའི་ལོགས་སུ་གསེར་སྦྱང་བཏུལ་མས་བྲིས་པའི་མཛད་བརྒྱ་དཔག་བསམ་འཁྲི་ཤིང་དང་རྗེ་ཙོང་ཁ་བརྒྱད་ཅུ་སོགས་སྡེབས་རིས་ཀྱིས་ཁྱབ་པར་ཡོད། མདུན་སྒྲིག་གསེར་ཀོང་ཆེ་ལེགས་གཅིག་དང་རྒྱ་དངུལ་ལས་གྲུབ་པའི་རྒྱུན་འཛུགས་ཀྱི་མཆོད་ཀོང་ཆེ་ལེགས་ཆ་གཅིག གཞན་ཡང་དངུལ་ཀོང་། དངུལ་ཏིང་། དངུལ་གྱི་མནྜལ་ཆེ་ཆུང་གྲངས་མང་། ཟངས་དང་རག་ལི་སོགས་ཀྱི་མཆོད་ཀོང་དང་ཆུ་ཏིང་ཆེ་ཆུང་གྲངས་མང་། ཁྲུས་བུམ་དང་ཁྲུས་གཞོང་མེ་ལོང་རང་འགྲིགས་མང་རབ་བཅས་ཡོད། སྒོ་འཆོར་གྱི་ནུབ་ངོས་ནས་ཐོག་འགྲོའི་སྐས་འཛེག་དང་བར་ཐོག་དེར་ཞལ་རས་ལྷ་ཁང་དང་བོར་འཁྱམས་རྒྱ་ཆེན་པོ་ཡོད། བར་ཐོག་དེ་དང་ཡང་ཐོག་སོ་སོར་ཚོགས་ཆེན་དགེ་བསྐོས་གཉིས་ཀྱི་ལས་ཤག་ཁག་དང་འཛིན་ཆས་ཆ་ཚང་དང་། ལྷ་ཁང་གི་མདུན་རྡོ་བཅལ་གྱི་ནུབ་ངོས་སུ་སྐུ་གཉེར་རྣམས་ཀྱི་ལས་ཤག་དང་འཛིན་ཆས་གསང་སྤྱོད་བཅས་ཡོད། དགོན་པའི་ནུབ་ཕྱོགས་ཀྱི་ལྕགས་རིའི་ནང་ངོས་ཀྱི་ཉེ་འཁྲིས་སུ་བྲག་ལ་ལྕོག་(དགྲ་ལྷ་བཅོལ་)ཅེས་པའི་མགོན་ཁང་ནང་དུ་ཐུབ་དབང་གི་སྐུ་དང་། རྗེ་ཡབ་སྲས་གསུམ། འཇམ་དབྱངས། དཔལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། མགོན་ཆོས་ལྷ་རྣམ་བཞི། གནོན་སྦྱིན་ཆེན་པོ་བསེ་ཡི་ཁྲབ་ཅན། འཇམ་མགོན་རྒྱལ་བའི་བསྟན་སྲུང་ཆེན་པོ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རིགས་ལྔ་དྲག་པོའི་རྩལ་གྱི་སྐུ་བརྙན་མི་ཚད་མ་ལྔ་བཅས་དང་། གསུང་རྟེན་བྱང་ཆུབ་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་སོགས་མང་པོ་དང་། རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གཙོ་འཁོར་གྱི་རྟེན་མདོས་དང་། རུས་པའི་སྐུ་མཁར་སོགས་ཕྱི་ནང་གསང་བའི་རྟེན་རྫས་དང་སྤྱན་གཟིགས་སྣ་ཚོགས་ཀྱིུས་བྱུར་བུར་འགེངས་པའི་རྔམས་བརྗིད་དང་ལྡན་པའི་མགོན་ཁང་ཞིག་ཡོད། མགོན་ཁང་དེའི་ནང་དུ་དགོན་སྡེ་གཞུང་གི་འཆར་ཅན་འཇིགས་བྱེད་ཀྱི་བསྙེན་ཆེན་བཞུགས་མི་རྣམས་ཀྱི་མཚམས་ཁང་དང་། གསོལ་ཐབ་གཉེར་ཚང་བཅས་དང་རྒྱུན་འཛུགས་མགོན་པོ་བ་རྣམས་ཀྱི་ལས་ཤག་དང་ཐབ་ཚང་གཉེར་ཚང་གསང་སྤྱོད་བཅས་ཡོད། དགོན་སྡེའི་ཡན་ལག་ལྟ་བུ་ཁམས་ཚན་བརྒྱད་ཀྱི་སྐོར། ཁམས་ཚན་ཞེས་པའི་མིང་དེ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་ཆེན་མོ་སོགས་ཡིག་རྙིང་ཁུངས་ལྡན་ཕར་ཆེར་ཁམས་ཚན་ཞེས་གསལ་བ་དང་། ཡང་དེང་སང་གི་མཁས་དབང་མང་པོའི་བྲིས་སྲོལ་དང་། གསར་ཤོག་ཁག་ལ་ཁང་ཚན་ཞེས་བྲིས་སྲོལ་འདུག་ཀྱང་དོན་དངོས་གནས་དེ་གོ་ཐུབ་པ་བྱུང་ན་གང་བྲིས་ཀྱང་འགལ་བ་ཆེར་མི་འདུག་སྙམ། ཁོ་བོས་ཀྱང་ཅི་རིགས་སུ་བྲིས་སོ། = ====

གཏེར་མ་ཁམས་ཚན་ནམ་ཁང་ཚན།[རྩོམ་སྒྲིག]

ཁམས་ཚན་བརྒྱད་ཀྱི་དང་པོ་གཏེར་མ་ཁང་ཚན་འདི་ལ་བཙན་བཟང་ཁང་ཚན་ཡང་བརྗོད་པ་རེད། ཁང་ཚན་དེའི་འདུ་ཁང་ཀ་རིང་བཞི་རྩིས་པའི་ཀ་བ་བརྒྱད་ཅུའི་ལ་མལ་དང་སྦུག་ཏུ་གཙང་ཁང་ཀ་རིང་དྲུག་བཅས་ཐོག་ས་བཞི་བརྩེགས། ཐོག་ཏུ་གསེར་ཟངས་ལས་བསྐྲུན་པའི་གཉྫི་ར་ཆེ་ལེགས་ཆ་གཅིག གསེར་ཟངས་ལས་བསྐྲུན་པའི་རྒྱལ་མཚན་ཆེ་ལེགས་ཆ་གཅིག ཐུག་དང་ཐུག་ལྕགས་རྩེ་གསུམ་ཅན་རང་འགྲིགས་ཆ་བཞི་སྐོར། གསེར་ཟངས་ལས་གྲུབ་པའི་རི་དྭགས་ཆོས་འཁོར་ཞབས་སྟེགས་དང་བཅས་པ་སྤུས་ལེགས་གཅིག གསེར་ཟངས་ལས་གྲུབ་པའི་སྤེན་རྒྱན་གྲངས་མང་། འདུ་ཁང་གི་གྲལ་དབུར་རྟེན་གྱི་གཙོ་བར་གསེར་ཟངས་ལས་བསྐྲུན་པའི་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་ཐོག་ཚད་མ་བྱིན་ཅན་གཅིག ཐུབ་དབང་ཚུལ་ཁྲིམས་མ་མི་ཚད་ལྷག་ཙམ་གཅིག ཇོ་བོ་རིན་པོ་ཆེའི་སྐུ་བརྙན་མདའ་ཚད་མ་གཅིག སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་སྐུ་བརྙན་ཐོག་ཚད་མ་གཅིག གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་གཅིག གདུག་དཀར་བཅས་ཀྱི་སྐུ་བརྙན་དང་། གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་མདའ་ཚད་མ་ཆ་ཚང་། ལི་སྐུ་དང་གསེར་ཟངས་སྨན་འདམ་བཅས་ལས་གྲུབ་པའི་འདོད་ལྷ་སྣ་ཚོགས་གྱི་སྐུ་བརྙན་གྲངས་མང་། བཀའ་གདམས་མཆོད་རྟེན་མི་ཚད་ལྷག་ཙམ་ཡོད་པ་གཉིས་དང་། མཆོད་རྟེན་ཆེ་ཆུང་སྣ་ཚོགས་པ་གྲངས་མང་། རྒྱ་དངུལ་ལས་གྲུབ་པའི་བླ་མ་ཁག་གི་གདུང་རྟེན་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་མི་ཚད་ཙམ་ཡོད་པ་ངོ་གྲངས་བཞི་བཅས། གཙང་ཁང་སྦུག་མའི་ནང་དུ་གསེར་ཟངས་ལས་བསྐྲུན་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཐོག་ཚད་གསུམ་པ་ཅན་རིན་པོ་ཆེ་སྣམ་ཚོགས་ཀྱི་ཕྲས་སྤྲས་པ་བྱིན་རླབས་ཀྱི་གཟི་འོད་འབར་བ་གཅིག སྐུ་རྒྱུ་དེ་མཚུངས་ཀྱི་ཉེ་བའི་སྲས་ཆེན་བརྒྱད་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། འཇམ་མགོན་ཙོང་ཁ་པ་ཆེན་པོ་བཅས་ཀྱི་སྐུ་བརྙན་ཁག་དང་། གསེར་སྦྱངས་བཏུལ་མ་འབའ་ཞིག་གིས་བྲིས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་པོད་བརྒྱ་དང་གཅིག་གླེགས་ཤིང་གླེགས་ཐང་གདོང་འཛར་སྒྲིལ་བྱེད་ན་བཟའ་རང་འགྲིགས་སྲིད་འདིར་རྙེད་པར་བཀའ་བ་ཞིག་བཞུགས། འདི་ནི་ཁང་ཚན་འདི་ཉིད་ཀྱི་གཅེས་ནོར་རྩ་འགངས་ཆེ་ཤོས་དང་བདག་ཉར་ཆེས་གཟབ་གནང་བའི་སྲོལ་ཡོད། སྣར་ཐང་དཔར་མའི་བཀའ་འགྱུར་ཆ་ཚང་དང་གླེགས་ཤིང་གླེགས་ཐག་སྒྲིལ་རས་བཅས་ཆ་ཚང་། བསྟན་འགྱུར་ཆ་ཚང་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་བྲིས་མ་དང་དཔར་མ་ཆ་ཚང་བཞི་སྐོར། རྗེ་ཡབ་སྲས་གསུམ་གྱི་གསུམ་འབུམ་ཆ་ཚང་སོགས་གསུང་འབུམ་སྐོར་དང་ཆེས་ཚན་ཐོར་བུ་ཁག་བཅས་པོ་ཏི་གྲངས་ཤིན་ཏུ་མང་པོ་བཞུགས།

ཞལ་ཐང་གྲས། མཛད་བརྒྱ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཞལ་ཐང་གྲངས་སུམ་ཅུ་སོ་གཅིག རྗེ་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་གྲངས་བཅོ་ལྔ། གནས་བཅུའི་ཞལ་ཐང་གྲངས་ཉི་ཤུ་རྩ་གསུམ། རྗེ་གཟིགས་པ་ལྔ་ལྡན། པཎ་ཆེན་འཁྲུངས་རབས་ཆ་ཚང་། སྒྲུབ་མཆོད་ཁག་གི་སྐབས་འགྲེམས་བྱེད་གསང་བདེ་འཇིགས་གསུམ་གྱི་སྐུ་ཐང་ཐོག་ཚད་ལྷག་སྐོར་ཡོད་པ་ཆ་ཚང་གསར་རྙིང་གཉིས་རེ། ལོ་ལྟར་དབྱར་སྟོན་གྱི་བསྐང་གསོ་ཆེན་མོའི་སྐབས་འགྲེམས་བྱེད་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་། མགོན་ཆོས་ལྷ་རྣམ་བཞི། བསྟན་སྲུང་ཆེན་པོ་བསེ་ཡི་ཁྲབ་ཅན་བཅས་ཀྱི་སྐུ་ཐང་ཐོག་ཚད་མ་གསར་རྙིང་གཉིས་རེ། གཞན་ཡང་འདོད་ལྷ་སྣ་ཚོགས་ཀྱི་ཞལ་ཐང་གཞི་མ་མཚུངས་པ་ཆེ་ཆུང་བསྡོམས་གྲངས་ཉིས་བརྒྱ་སྐོར་བཞུགས། འདུ་ཁང་དང་སྒོ་འཆོར་གྱི་རྩི་ངོས་སུ་སྡེབས་རིས་སོགས་སྤྱི་མཚུངས་ལྟར་ཡོད། མགོན་ཁང་དུ་ཇོ་སྟོན་རྗེ་གསུམ་དང་། འཇམ་དཔལ་དབྱངས། རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་དང་། མགོན་ཆོས་ལྷ་རྣམ་བཞི། བསྟན་སྲུང་ཆེན་པོ་བསེ་ཁྲབ་པ། འཇམ་མགོན་རྒྱལ་བའི་བསྟན་སྲུང་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་བཅས་ཀྱི་སྐུ་བརྙན་ཞལ་འབག་སྣ་ཚོགས། སྤྱན་གཟིགས་གོ་མཚོན་མཆོད་ཆས་སོགས་སྤྱི་མཚུངས་ལྟར་ཕུན་གསུམ་ཚོགས་པ་ཡོད། མཆོད་རྫས་གོས་བཟང་སྣ་ཚོགས་དང་བཅད་ལྡན་བཅས་འཕན་དང་འཕན་མགོ་རྒྱལ་མཚན། གདུང་ཁེབས་ལྕེ་བརྩེགས་བཅས་ཆ་ཚང་གསར་རྙིང་གསུམ་གསེར་ཟངས་ལས་གྲུབ་པའི་འཕན་མགོ་ཆ་ཚང་། གསེར་དངུལ་ཟངས་རག་སོགས་ཀྱི་རྒྱུན་འཛུགས་སོགས་མཆོད་ཀོང་དང་ཅུ་ཏིང་ཆེ་ཆུང་སྣ་ཚོགས་གྲངས་མང་། རྒྱ་དངུལ་ལས་གྲུབ་པའི་མཎྜལ་དཀྲོལ་ཚགས་འབུར་དོད་ཅན་ཆེ་ལེགས་གསུམ། རྒྱ་དངུལ་ལས་བསྐྲུན་པའི་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་རིན་ཆེན་སྣ་བདུན། འདོད་ཡོན་སྣ་ལྔ་བཅས་ཞབས་སྟེགས་པདྨ་དང་བཅས་ཁྲུ་ཕྱེད་དོ་ཙམ་དཀྲོལ་ཚགས་འབུར་དོད་ཅན་ངོ་གྲངས་ཉི་ཤུ་རྩ་བརྒྱད་སྐོར། རྒྱ་དངུལ་ལས་གྲུབ་པའི་རྣམ་བུམ་ལས་བུམ་ཆེ་ལེགས་དཀྲོལ་ཚགས་ཅན་ཆ་ཚང་གཉིས་རེ། ཟངས་ཀྱི་རྣམ་བུམ་ལས་བུམ་མཆུ་ཞབས་དངུལ་དང་ཏོང་གི་རྒྱད་ཅན་ཆ་ཚང་ཁ་ཤས། རབ་གནས་ཆེན་མོའི་སྐབས་ཀྱི་ཡོ་བྱད། རྒྱ་དངུལ་ལས་གྲུབ་པའི་ཁྲུས་བུམ་ཁྲུས་གཞོང་རྫས་སྡེར་སོགས་ཆ་ཚང་། དབང་རྫས་གཙུག་ཏོར་ཅོད་པཎ་སྟོད་ལྷེ་སྤང་ཁེབས་རྟེན་ཁེབས་བཅས་ཆ་ཚང་གསར་རྙིང་གསུམ། རྒྱ་ཧོར་གྲ་སོགས་ཀྱི་སྦུབ་ཆལ་གསར་རྙིང་དང་ཆེ་ཆུང་བསྡོམས་གྲངས་དྲུག་ཅུའི་སྐོར། སིལ་སྙན་གསར་རྙིང་གྲངས་ཉི་ཤུའི་སྐོར། ལོ་ལྟར་ལྕགས་མཁར་ཆེན་མོ་དང་གཏོར་རྒྱག་སྐབས་ཀྱི་ཡོ་བྱད། རྒྱ་དངུལ་ལས་གྲུབ་པའི་གསེར་སྐྱེམས་ཡོ་བྱད་དཀྲོལ་ཚགས་ཚ་གསེར་ཅན་སྤུས་ལེགས་ཆ་ཚང་། དངུལ་གྱི་སྤོས་འཛིན་དཀྲོལ་ཚགས་ཚ་གསེར་ཅན་ཆ་གཉིས། བསྒྲལ་ཆོག་སྐབས་ཀྱི་མཚོན་ཆ་དགུ་བསྐོར་ཡུ་བ་རྣམས་དངུལ་དཀྲོལ་ཚགས་ཅན་གྱི་བྱས་པ་ཆ་ཚང་། འཕྱར་དར་བཟང་གོས་ཀྱི་འཕན་ལག་དང་རྩེ་མོར་ལྕགས་དཀྲོལ་ཚགས་ཀྱི་རྩེ་གསུམ་མེ་རི་འབར་བས་བརྒྱན་པ་ཆ་ཚང་བཅུ། རྒྱ་དངུལ་ལས་གྲུབ་པའི་དུང་ཆེན་ཆ་གཅིག རྒྱ་དངུལ་ལས་གྲུབ་པའི་རྒྱ་གླིང་ཆ་གཉིས། རྒྱ་དངུལ་ལས་གྲུབ་པའི་རྐང་གླིང་དཀྲོལ་ཚགས་ཚ་གསེར་ཅན་ཆ་གཉིས། ཟངས་ཀྱི་དུང་ཆེན་རག་དཀྲོལ་ཚགས་ཀྱིས་བརྒྱན་པ་ཆ་གཉིས། རག་གི་དུང་ཆེན་ཆ་གཅིག རག་གི་རྒྱ་གླིང་ཆ་གཉིས། རག་དང་ཟངས་ཀྱི་རྐང་གླིང་ར་མ་ལུག་ཆ་ལྔའི་སྐོར། མཆོད་རྔ་ཆེ་ལེགས་ཆ་གཅིག ལག་རྔ་སྤུས་ལེགས་རྒྱ་རྩི་དང་གསེར་རིས་ཅན་ཆ་བཅུ། དུང་དཀར་གཤོག་པ་ཅན་ཆ་གཉིས། རྡོ་རྗེ་དྲིལ་བུ་རང་འགྲིགས་ཆ་ཚང་བརྒྱ་སྐོར། གོས་འབོལ་དང་གོས་ཁ་སོགས་ཁྲི་ཆས་ཆ་ཚང་གྲངས་མང་། འདུ་ཁང་དང་སྟེང་ཤོད་ཀྱི་གཟིམ་ཆུང་ཁག་དང་བཅས་པར་བཞུགས་གདན་དང་ཁ་གདན་གཙང་རུམ་ཆ་ཚང་གསར་རྙིང་གཉིས། རྒྱ་རུམ་སྤུས་ལེགས་ཆ་ཚང་གཅིག་བཅས་ཡོད།

བྲག་གཡབ་ཁང་ཚན།[རྩོམ་སྒྲིག]

བྲག་གཡབ་ཁང་ཚན་གྱི་འདུ་ཁང་གི་ཐོག་ཏུ་གསེར་ཟངས་ལས་གྲུབ་པའི་གཉྫི་ར་ཆེ་ལེགས་གཅིག གསེར་ཟངས་ལས་གྲུབ་པའི་རྒྱལ་མཚན་ཆ་གཅིག ཐུག་དང་སྤེན་རྒྱན་སོགས་ཁང་ཚན་སྤྱི་མཚུངས་དང་། འདུ་ཁང་གི་ནང་དུ་གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ཆེ་ལེགས་གསུམ། ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་སྐུ་བརྙན་བྱིན་ཅན་གཅིག ཐུབ་པའི་དབང་པོའི་སྐུ་བརྙན་ཆེ་ལེགས་གཅིག བཀའ་འགྱུར་བླ་མ་རིན་པོ་ཆེ་སྐུ་གོང་མ་གཉིས་ཀྱི་འདྲ་སྐུ་གཉིས། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་སྤྲས་པའི་དངུལ་གདུང་་གཉིས། རྒྱ་དངུལ་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་གཅིག བཀའ་གདམས་མཆོད་རྟེན་གྲངས་མང་། གསེར་ཟངས་དང་ལི་མ་སྨན་འདམ་བཅས་ལས་གྲུབ་པའི་འདོད་ལྷ་སྣ་ཚོགས་ཀྱི་སྐུ་བརྙན་གྲངས་མང་། ཞལ་ཐང་གསར་རྙིང་དང་ཆེ་ཆུང་སྣ་ཚོགས་པའི་གྲས་ཤིན་ཏུ་གྲངས་མང་བཞུགས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྣར་ཐང་དཔར་མ་ཆ་ཚང་གཅིག ལྷ་ལྡན་ཞོལ་དཔར་ཁང་ཆེན་མོའི་དཔར་གསར་བཀའ་འགྱུར་ཆ་ཚང་གཅིག ཡུམ་རྒྱས་འབྲིང་བསྡུས་གསུམ་ཆ་ཚང་བཞི་སྐོར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་རྟེན་མང་རབ་གཅིག་བཞུགས། མགོན་ཁང་དུ་དཔལ་རྡོ་རྗེ་འཇིགས་བྱེད་དང་། མགོན་ཆོས་ལྷ་རྣམ་བཞི། བསྟན་སྲུང་ཆེན་པོ་བསེ་ཁྲབ་པ། འཇམ་མགོན་རྒྱལ་བའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ཤུགས་ལྡན་བཅས་ཀྱི་སྐུ་བརྙན་དང་། ཞལ་ཐང་ཞལ་འབག་སྣ་ཚོགས་སྤྱན་གཟིགས་དང་གོ་མཚོན་སོགས་མགོན་ཁང་སྤྱི་མཚུངས་ཡོད། གསེར་དངུལ་ཟངས་རག་ལི་སོགས་ཀྱི་མཆོད་ཀོང་ཆེ་ཆུང་དང་རྒྱུན་འཛུགས་ཆུ་ཏིང་བཅས་གྲངས་མང་། རྒྱ་དངུལ་ལས་གྲུབ་པའི་བཀྲ་ཤི་རྫས་རྟགས་དང་རྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ་བཅས་སོ་སོའི་ཞབས་སྟེགས་དང་བཅས་པར་དཀྲོལ་ཚགས་འབུར་དོད་ཅན་གྲངས་ཉི་ཤུ་རྩ་བརྒྱད་སྐོར། དཀྱིལ་འཁོར་སྒྲུབ་མཆོད་ཁག་དང་། རབ་གནས་ཆེན་མོའི་སྐབས་སུ་དགོར་པའི་ཡོ་བྱད་ཆ་ཚང་སྤུས་ལེགས་ཡོད། བཟང་གོས་གསར་རྙིང་སྣ་ཚོགས་ཀྱི་ཀ་འཕན་དང་འཕན་མགོ་ཕྱེ་ཕུར་བཅས་ཆ་ཚང་གཉིས་རེ། གསེར་ཟངས་ལས་གྲུབ་པའི་འཕན་མགོ་ཆ་ཚང་གཅིག དབང་རྫས་ཆ་ཚང་སུམ་ཅུའི་སྐོར་གསར་རྙིང་ཆ་ཚང་གཉིས། རྟེན་ཁེབས་གྲངས་མང་། སྦུབ་ཆལ་དང་སིལ་སྙན་གསར་རྙིང་གྲངས་མང་། རྒྱ་དངུལ་ལས་གྲུབ་པའི་རྣམ་བུམ་ལས་བུམ་དང་ཆུ་བཞི་དཀྲུགས་སྣོད་རང་འགྲིགས་ཆ་ཚང་གཉིས། རྒྱ་དངུལ་ལས་གྲུབ་པའི་དུང་ཆེན་ཆ་གཉིས། ཟངས་ཀྱི་དུང་ཆེན་ཆ་གསུམ། རྒྱ་དངུལ་ལས་གྲུབ་པའི་རྐང་གླིང་ཆ་གཉིས། ཟངས་དང་རག་གི་རྐང་གླིང་ཆ་གསུམ་སྐོར། ཚོགས་གདན་གཙང་རུམ་ཆ་ཚང་། གོས་འབོལ་དང་གོས་ཁ། རྒྱབ་ཡོལ། ཡུ་རིང་ཡུ་སྐྱག་སོགས་ཁྲི་ཆས་བཅས་ཕལ་ཆེར་ཁང་ཚན་ཚང་མ་འདྲ་མཚུངས་ལྟ་བུ་ཡོད་པས་ཁང་ཚན་དང་པོའི་སྐབས་སུ་ཅུང་ཟད་རྒྱས་པར་བརྗོད་ཟིན་པས་འདི་མན་རྣམ་གྲངས་ཙམ་ལས་རྒྱས་པར་འཆད་མི་དགོས་པར་སེམས།

རྡོ་མཁར་ཁང་ཚན།[རྩོམ་སྒྲིག]

རྡོ་མཁར་ཁང་ཚན་གྱི་འདུ་ཁང་གི་ཐོག་ཏུ་གསེར་ཟངས་ལས་གྲུབ་པའི་གཉྫི་ར་ཆེ་ལེགས་གཅིག གསེར་ཟངས་ལས་གྲུབ་པའི་རྒྱལ་མཚན་ཆ་གཅིག་ཐུག་དང་ཐུག་ལྕགས་རང་འགྲིགས་བཞི་སྐོར། འདུ་ཁང་ནང་དུ་རྟེན་གཙོ་ཐུབ་དབང་གི་སྐུ་བརྙན་མི་ཚད་གཉིས་ལྷག་ཙམ་དང་། གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། ལི་མ་དང་གསེར་ཟངས་སྨན་འདམ་སོགས་ལས་གྲུབ་པའི་འདོད་ལྷ་སྣ་ཚོགས་ཀྱི་སྐུ་བརྙན་ཆེ་ཆུང་མ་ངེས་པ་གྲངས་མང་། སྣར་ཐང་དཔར་མའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་ཆ་ཚང་ཁ་ཤས། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་། གཞན་ཡང་གསུང་འབུམ་ཁག་མང་སོགས་གསུང་རབ་མང་དུ་བཞུགས། བླ་མ་གོང་མ་ཁག་གི་འདྲ་སྐུ་དང་། རྒྱ་དངུལ་ལས་གྲུབ་པའི་གདུང་རྟེན་ཁག་སོགས་མཆོད་རྟེན་གྲངས་མང་། ཞལ་ཐང་ཆེ་ཆུང་སྣ་ཚོགས་པ་གསར་རྙིང་གྲངས་ཤིན་ཏུ་མང་པོ་བཞུགས། རྒྱ་དངུལ་ལས་གྲུབ་པ་དང་ཟངས་རག་གི་དུང་ཆེན་རྒྱ་གླིང་རྐང་གླིང་སྦུབ་སིལ་རྡོ་དྲིལ་སྒྲུབ་མཆོད་ཁག་དང་རབ་གནས་ཆེན་མོའི་སྐབས་ཀྱི་ཡོ་བྱད་མཆོད་ཆས་བཅས་ཁང་ཚན་སྤྱི་མཚུངས་ལྟར་ཡོད། ཁང་ཚན་འདིའི་ཁྱད་ནོར་ལྟ་བུ་གོས་མཁའ་འགྲོ་བཀྲས་བཏགས་ཀྱི་མཆོད་རྫས་ཆ་ཚང་སྲིན་འདིར་དཀོར་པ་ཞིག་ཡོད། མགོན་ཁང་དུ་རྡོ་རྗེ་འཇིགས་བྱེད། མགོན་ཆོས་ལྷ་རྣམ་བཞི། བསྟན་སྲུང་ཆེན་པོ་བསེ་ཡི་ཁྲབ་པ་བཅས་ཀྱི་སྐུ་བརྙན་དང་། གོན་མཚོན་སྤྱན་གཟིགས་སོགས་ཁང་ཚན་སྤྱི་མཚུངས་ལྟར་ཡོད།

རྒྱལ་སྡེའམ་ཆབ་མདོ་ཁང་ཚན།[རྩོམ་སྒྲིག]

རྒྱལ་སྡེ་ཁང་ཚན་འདི་ལ་ཆབ་མདོ་ཁང་ཚན་ཞེས་ཀྱང་གྲགས། འདུ་ཁང་གི་སྟེང་དུ་གཉྫི་ར་དང་རྒྱལ་མཚན་སོགས་དང་། འདུ་ཁང་ནང་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་བྱིན་ཅན་དང་། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། ཆབ་མདོ་འཕགས་པ་ལྷའི་སྐུ་བརྙན་དང་དེའི་བཞུགས་ཁྲི། གསེར་ཟངས་དང་ལི་མ་སྨན་འདམ་སོགས་ལས་གྲུབ་པའི་འདོད་ལྷ་སྣ་ཚོགས་ཀྱི་སྐུ་བརྙན་ཆེ་ཆུང་གྲངས་མང་། ཞལ་ཐང་གསར་རྙིང་ཆེ་ཆུང་སྣ་ཚོགས་པ་གྲངས་མང་། བཀའ་གདམས་མཆོད་རྟེན་ཆེ་ཆུང་གྲངས་མང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གཅིག་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་རྟེན་མང་རབ་ཅིག་བཞུགས། སྦུབ་སིལ། རྒྱ་གླིང་དུང་ཆེན་རྐང་གླིང་རྡོ་དྲིལ་སོགས་རོལ་མོའི་རིགས་དང་། སྒྲུབ་མཆོད་ཁག་དང་རབ་གནས་སྐབས་ཀྱི་མཆོད་ཆས་དབང་རྫས་བཟང་གོས་ལས་གྲུབ་པའི་མཆོད་རྫས་ཀྱི་རིགས་དང་དངུལ་དང་ཟངས་རག་ལི་སོགས་ཀྱི་མཆོད་ཀོང་དང་ཆུ་ཏིང་གྲངས་མང་། མགོན་ཁང་དུ་ནག་པོ་སྐོར་གསུམ་དང་རྣམ་སྲས་བསེ་ཁྲབ་པ་བཅས་ཀྱི་སྐུ་བརྙན་དང་གོ་མཚོན་སྤྱན་གཟིགས་སོགས་སྤྱི་མཚུངས་ལྷར་ཡོད།

ཕྱག་ཕྲེང་ཁང་ཚན།[རྩོམ་སྒྲིག]

ཕྱག་ཕྲེང་ངམ་ཆ་ཕྲེང་ཁང་ཚན་འདི་ལ་དགའ་ལྡན་ཆོས་འབྱུང་བཻ་སེར་ནང་ཕྱ་འཕྲིན་ཞེས་གསལ། གཙུག་ལག་ཁང་གི་སྟེང་དུ་ཐུག་རྒྱལ་མཚན་སོགས་སྤྱི་མཚུངས་དང་། ནང་དུ་རྟེན་གཙོ་རྒྱ་དངུལ་ལས་བསྐྲུན་པའི་རྒྱལ་བ་མི་འཁྲུགས་པའི་སྐུ་བརྙན་མི་ཚད་ལྷག་ཙམ་བྱིན་ཅན་གཅིག ཐུབ་དབང་གི་སྐུ་བརྙན་གཅིག རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ཆ་ཚང་སོགས། གསེར་ཟངས་དང་ལི་མ་སྨན་འདམ་སོགས་ཀྱི་སྐུ་བརྙན་སྣ་ཚོགས་མང་དུ་བཞུགས། ཞལ་ཐང་སྣ་ཚོགས་གྲངས་མང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གཅིག་དང་། རྗེ་ཡབ་སྲས་གསུམ་ཀྱི་གསུང་འབུམ་སོགས་གསུང་རྟེན་གྲངས་མང་། བཀའ་གདམས་མཆོད་རྟེན་གྲངས་མང་། མཆོད་རྫས་ཁག་དང་དབང་རྫས། མཆོད་ཀོང་དང་ཆུ་ཏིང་དཀྱིལ་འཁོར་སྒྲུབ་མཆོད་ཁག་དང་རབ་གནས་ཀྱི་ཉེར་མཁོ། སྦུབ་སིལ་དུང་རྒྱ་རྐང་གླིང་རྡོ་དྲིལ་སོགས་རོལ་མོའི་བྱེ་བྲག་དང་། ཚོགས་གདན་སོགས་ཁང་ཚན་ཕལ་ཆེར་འདྲ་མཚུངས་ཡོད་པས་ཞིབ་འགོད་མ་བྱས།

འཇང་ཁང་ཚན།[རྩོམ་སྒྲིག]

འཇང་ཁང་ཚན་གྱི་ཐོག་ཏུ་ཐུག་རྒྱལ་མཚན་སྤེན་རྒྱན་སོགས་སྤྱི་ཡོངས་ལྟར་དང་། ནང་དུ་རྟེན་གཙོ་ཐུབ་དབང་གི་སྐུ་དང་རྗེ་ཡབ་སྲས་ཀྱི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་དང་། མཆོད་ཆས་མཆོད་རྫས་དང་དབང་རྫས། སྦུབ་སིལ་དུང་རྒྱ་གླིང་རྡོ་དྲིལ་སོགས་རོལ་མོའི་བྱེ་བྲག ཚོགས་གདན་སོགས་འཛིན་ཆས་ཕལ་ཆེར་ཁང་ཚན་སྤྱི་མཚུངས་ལྟར་ཡོད། ཁང་ཚན་འདིའི་ཁྱད་ནོར་ལྟ་བུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འཇང་ས་ཐང་(ས་དམ་)གྱི་ཁྲོ་དཔར་ཐོག་མཚལ་དཔར་མ་རྒྱ་ཤོག་སྤུས་ལེགས་ཁམས་དྭངས་ཆ་ཚང་གཅིག་བཞུགས། ས་དམ་གྱི་ཁྲོ་དཔར་དེ་སྔར་སྔ་མོ་ཞིག་ནས་རྒྱ་འཇང་གི་ཟིང་འཁྲུགས་སྐབས་སུ་གཏོར་བརླགས་སོང་ཟིན་པས་བཀའ་འགྱུར་རིན་པ་ཆེ་དེ་ཉིད་སྲིད་འདིར་རྙེད་པར་དཀའ་བའི་ཚུལ་སོགས་ངག་བགྲོས་ཁུངས་ལྡན་མང་པོ་ཡོད་།

ཡང་ཐང་ཁང་ཚན།[རྩོམ་སྒྲིག]

ཡང་ཐང་ཁང་ཚན་གྱི་ཐོག་ཏུ་གསེར་ཟངས་ལས་གྲུབ་པའི་གཉྫི་ར་ཆེ་ལེགས་གཅིག གསེར་ཟངས་ལས་གྲུབ་པའི་རྒྱལ་མཚན་ཆ་གཅིག། ཐུག་དང་ཐུག་ལྕགས་རང་འགྲིགས་ཆ་གསུམ་སྐོར། འདུ་ཁང་ནང་རྟེན་གཙོ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་དང་། ཐུབ་དབང་གི་སྐུ་བརྙན། ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས་ཀྱི་འདྲ་སྐུ་བྱིན་ཅན་གཅིག གསེར་ཟངས་དང་ལི་མ་སྨན་འདམ་བཅས་ལས་གྲུབ་པའི་འདོད་ལྷ་སྣ་ཚོགས་ཀྱི་སྐུ་བརྙན་ཆེ་ཆུང་བསྡོམས་གྲངས་ཤིན་ཏུ་མང་པོ་བཞུགས། བཀའ་གདམས་མཆོད་རྟེན་གྲངས་མང་དང་། གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་དང་བྱང་ཆུབ་མཆོད་རྟེན་གྲངས་མང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྣར་ཐང་དཔར་མ་ཆ་ཚང་དང་། ཞོལ་དཔར་གསར་མ་ཆ་ཚང་གཅིག རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་རྟེན་པོ་ཏི་ཤིན་ཏུ་གྲངས་མང་། སྦུབ་སིལ་དང་། དངུལ་ལས་གྲུབ་པ་དང་ཟངས་རག་གི་དུང་ཆེན་དང་རྒྱ་གླིང་རྐང་གླིང་སོགས་དང་རྡོ་དྲིལ་གསར་རྙིང་ཆ་ཚང་གྲངས་མང་བཅས་དང་། མཆོད་རྫས་གོས་གསར་རྙིང་སྣ་ཚོགས་ཀྱི་ཀ་འཕན་དང་རྒྱལ་མཚན་འཕན་མགོ་རང་འགྲིགས་ཆ་ཚང་གཉིས་གསུམ་སྐོར། རྒྱ་དངུལ་དང་ཟངས་རག་སོགས་ཀྱི་མཆོད་ཀོང་དང་ཆུ་ཏིང་གྲངས་མང་། དཀྱིལ་འཁོར་སྒྲུབ་མཆོད་སྐབས་དང་རབ་གནས་ཆེན་པོ་སྐབས་ཀྱི་ཡོ་བྱད་ཆ་ཚང་བཅས་དང་། མགོན་ཁང་དུ་དཔལ་རྡོ་རྗེ་འཇིགས་བྱེད་དང་། མགོན་ཆོས་ལྷ་རྣམ་བཞི། བསེ་ཡི་གོ་ཁྲབ་ཅན། འཇམ་མགོན་རྒྱལ་བའི་བསྟན་སྲུང་ཆེན་པོ་རྒྱལ་ཆེན་རྡོ་རྗེའི་མཚན་ཅན་བཅས་ཀྱིུ་སྐུ་བརྙན་དང་། གོ་མཚོན་སྤྱན་གཟིགས་སོགས་མགོན་ཁང་སྤྱི་མཚུངས་ལྟར་ཡོད།

རོང་པ་ཁང་ཚན།[རྩོམ་སྒྲིག]

རོང་པ་ཁང་ཚན་གྱི་ཐོག་ཏུ་གསེར་ཟངས་ལས་གྲུབ་པའི་གཉྫི་ར་ཆེ་ལེགས་གཅིག། གསེར་ཟངས་ཀྱི་རྒྱལ་མཚན་ཆ་གཅིག གསེར་ཟངས་ལས་གྲུབ་པའི་རི་དྭགས་ཆོས་འཁོར་ཞབས་སྟེགས་དང་བཅས་པ་སྤུས་ལེགས་གཅིག སྤེན་རྒྱན་གྲངས་མང་། འདུ་ཁང་དུ་རྟེན་གཙོ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ཐོག་ཚད་མ་བྱིན་ཅན་ཆ་ཚང་། གསེར་ཟངས་ལས་གྲུབ་པའི་ཇོ་བོ་རིན་པོ་ཆེའི་སྐུ་བརྙན་མདའ་ཚད་མ་གཅིག བླ་མ་བ་སོ་ཟླ་བ་ཞེས་པའི་འདྲ་སྐུ་གཅིག ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་བརྙན་གཅིག རྒྱ་གར་ཤར་ལི་མ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྐུ་བརྙན་བྱིན་ཅན་གཅིག རྒྱ་དངུལ་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་དང་རྣམ་རྒྱལ་མཆོད་རྟེན་གསུམ་བཞིའི་སྐོར། གསེར་ཟངས་དང་ལི་མ་སྨན་འདམ་སོགས་ལས་གྲུབ་པའི་འདོད་ལྷ་སྣ་ཚོགས་ཀྱི་སྐུ་བརྙན་གསར་རྙིང་དང་ཆེ་ཆུང་སྣ་ཚོགས་གྲངས་མང་། བཀའ་གདམས་མཆོད་རྟེན་དང་རྣམ་རྒྱལ་མཆོད་རྟེན་གྲངས་མང་། འདུ་ཁང་སྦུག་གི་གཙང་ཁང་དུ་གསེར་ཟངས་ལས་བསྐྲུན་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཐོག་ཚད་གཉིས་ལྷག་གཅིག་དང་། སྐུ་རྒྱུ་དེ་མཚུངས་ཀྱི་ཉེ་བའི་སྲས་ཆེན་བརྒྱད་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ རྗེ་ཙོང་ཁ་པ་ཆེན་པོ་བཅས་ཀྱི་སྐུ་བརྙན་མི་ཚད་ལྷག་ཙམ་བཅས་བཞུགས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྣར་ཐང་དཔར་མ་ཆ་ཚང་དང་། ཞོལ་དཔར་མ་ཆ་ཚང་གཅིག ཡུམ་རྒྱས་འབྲིང་བསྡུས་གསུམ་ཆ་ཚང་ཁ་ཤས། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་རྟེན་པོ་ཏི་གྲངས་མང་། གསེར་དངུལ་ཟངས་རག་སོགས་ཀྱི་མཆོད་ཀོང་ཆེ་ཆུང་དང་ཆུ་ཏིང་ཆེ་ཆུང་གྲངས་མང་། སྒྲུབ་མཆོད་ཁག་དང་རབ་གནས་ཆེན་མོའི་སྐབས་ཀྱི་མཆོད་ཆ་དང་དབང་རྫས་སོགས་ཁང་ཚན་སྤྱི་མཚུངས་དང་། བཟང་གོས་གསར་རྙིང་སྣ་ཚོགས་ཀྱི་མཆོད་རྫས་ཀ་འཕན་དང་རྒྱལ་མཚན། འཕན་མགོ་བཅས་ཆ་ཚང་གཉིས་སྐོར། སྦུབ་སིལ་དང་རྒྱ་གླིང་དུང་ཆེན། རྐང་གླིང་རྡོ་དྲིལ་སོགས་སྤྱི་མཚུངས་ཕུན་སུམ་ཚོགས་པ་ཡོད། མགོན་ཁང་དུ་རྡོ་རྗེ་འཇིགས་བྱེད་དང་མགོན་ཆོས་ལྷ་རྣམ་བཞི། བསྟན་སྲུང་ཆེན་པོ་བསེ་ཁྲབ་པ་བཅས་ཀྱི་སྐུ་བརྙན་དང་། གོ་མཚོན་སྤྱན་གཟིགས་འཛིན་ཆས་བཅས་ཁང་ཚན་སྤྱི་མཚུངས་ལྟར་ཡོད། དེ་བཞིན་བླ་སྤྲུལ་རྣམ་པའི་བླ་བྲང་སོ་སོ་དང་གྲྭ་ཤག་སོ་སོར་ཡང་སྐུ་གསུང་ཐུགས་རྟེན་འཛིན་ཆས་ཉེར་མཁོའི་དངོས་དཔྱད་རྒྱུ་ནོར་སོགས་བློའི་ཡུལ་ལས་འདས་པ་ལྟ་བུ་ཡུལ་ལུང་གི་མཛེས་རྒྱན་དུ་གྱུར་པ་ཞིག་ཡོད། གཞན་ཡང་ཆོས་སྡེ་འདི་ཉིད་གསར་དུ་ཆགས་པ་ནས་བཟུང་རྒྱ་དམར་གྱི་སྲུང་དམག་དམར་པོས་ངན་དགུ་ཚང་བའི་ཆེས་གདུག་རྩུམ་ཅན་གྱི་བྱ་སྤྱོད་དངོས་སུ་ལག་ལེན་བསྟར་ཏེ་གཏོར་བཅོམ་མ་བྱས་པའི་བར་དུ་ཉམ་ཆག་ཕྲ་མོ་ཙམ་ཡང་བྱུང་མ་མྱོང་བས། སྔར་སྔ་མོའི་རྟེན་དང་དངོས་རིགས་རྙིང་གྲས་དང་། དགོན་ཡུལ་གཉིས་ཀ་ཆོས་སྲིད་གང་ཐད་ནས་ཡར་རྒྱས་ཇེ་ཆེར་འགྲོ་བཞིན་པས། ཕྱིས་སུ་གསར་བསྐྲུན་བགྱིས་པའི་རྟེན་གསུམ་དང་མཆོད་རྫས་དངོས་སྤྱད་སོགས་མང་རབ་ཅིག་ཡོད་ཚོད་འདུག་ཀྱང་། རང་རེའི་ཡུལ་མི་ཉུང་ཤས་ལས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕེབས་མ་ཐུབ་ཅིང་ཕྱི་རྒྱལ་དུ་འབྱོར་བ་རྣམས་ཀྱང་ཡུལ་ཕྱོགས་ངེས་མེད་དུ་ཁ་འཐོར་དུ་གནས་དགོས་པ་བཅས་ལ་བརྟེན་རང་རེའི་ཡུལ་དགོན་གཉིས་ཀྱི་དངོས་ཡོད་ཀྱི་གནས་ཚུལ་ལོ་རྒྱུས་ཞིབ་རྒྱས་ཤིག་འགོད་ཐུབ་པ་བྱུང་མ་སོང་བ་བཅས་རེ་ཞིག་དེ་ཙམ་ཡིན།

རྗེ་ལྷ་ཁང་གི་གཡས་ཕྱོགས་སུ་དགེ་འདུན་གྱི་རྒྱུན་ཇ་སོགས་གཏོང་སྒོའི་འགན་བཞེས་མཛད་པོ་རྒྱབ་ཤག་གསར་པའི་ལས་ཁང་ཀ་བ་བཞི་བཅུའི་ས་མལ་ཐོག་ས་སུམ་བརྩེགས། ཐོག་ཏུ་ཐུག་དང་རྒྱལ་མཚན་བཅས་པ་དེའི་ནང་དུ་རྒྱབ་ཤག་སྡེ་པ་གཉིས་ཀྱི་ལས་ཤག་དང་། གཉེར་པ་གཉིས་ཞབས་གྲས་ཚོང་དཔོན་བརྒྱད་བཅས་ཀྱི་སྡོད་ཤག་ཁག་དང་། ཚོགས་འདུ་ཁང་ཆེན་མོ། གསོལ་ཐབ་དང་གཉེར་ཚང་། འབྲུ་མར་ཇ་སོགས་འཇོག་ཡུལ་མཛོད་ཁང་ཁག་མང་དང་། ཆིབས་ར་བཅས་ཡོད། དེའི་ཁ་སྤྲོད་དུ་རྒྱབ་ཤག་རྙིང་པའི་ལས་ཁང་ཡང་གོང་དང་མཚུངས་པ་ཡོད། རྒྱབ་ཤག་གསར་པའི་གཡས་ངོས་སུ་སྤྱི་སོ་གསར་རྙིང་གི་ལས་ཁང་རྒྱ་ཁྱོན་དང་ཁང་མིག་སོགས་རྒྱབ་ཤག་གསར་རྙིང་དང་མཚུངས་པ་ཡོད། དགོན་སྡེའི་བྱང་ངོས་ལྕགས་རིའི་ནང་འགྲམ་དུ་དགུ་གཏོར་གར་འཆམ་པ་རྣམས་ཀྱིས་འཆམ་སྦྱོང་ཚུགས་ཡུལ་བ་ར་ཞེས་པའི་ཁང་ཆེན་ཐོག་ས་ཉིས་བརྩེགས་མདུན་ངོས་འཆམ་གྱི་སྦྱོང་བརྡར་བྱེད་ས་ར་སྐོར་ལྕགས་རིས་བསྐོར་བ་རྒྱ་ཆེན་པོ་ཞིག་ཡོད།

དགོན་པའི་ལྕགས་རི་[རྩོམ་སྒྲིག]

ལྕགས་རི། དགོན་པའི་མཐའ་བསྐོར་ཀུན་ཏུ་འཁོར་བའི་ལྕགས་རི་སྲ་བརྟན་ཐོག་ཚད་གཉིས་ལྷག་གི་ཤར་ཕྱོགས་དང་། ཤར་ལྷོ། ལྷོ་ཕྱོགས། ལྷོ་ནུབ། ནུབ་ཕྱོགས་བཅས་ལ་རྒྱལ་སྒོ་ཤིན་ཏུ་ཆེ་བ་ཕྱི་ནང་གཉིས་པ་ཅན་ཁག་ལྔ་སོ་སོའི་ཐོག་ཏུ་ལྕོག་རེ་དང་བཅས་པ་ཡོད། རྒྱལ་སྒོ་ཆེན་པོ་དེ་རྣམས་དགོང་མོ་ས་རུབ་མཚམས་སུ་གྲྭ་ཚང་ཐོག་ཁ་ནས་སྒོ་དུང་ཞེས་པའི་དུང་ཆེན་ཞིག་འབུད་གཏོང་བྱེད་དེ་རྒྱལ་སྒོ་དེ་ཚོར་སྒོ་ལྕགས་བརྒྱབས་ནས་ལྡེ་མིག་རྣམས་གྲྭ་ཚང་ཐོག་ཁར་བླ་བྲང་སར་འབུལ་བསྐྱེལ་ཞུ་དགོས། སྔ་དྲོ་ནམ་གསལ་མ་གསལ་ཙམ་ལ་རྒྱལ་སྒོ་དེ་རྣམས་ཕྱེ་ཐུབ་པ་དགོས། རྒྱལ་སྒོ་དེ་རྣམས་བསྡམས་དབྱེ་ཐབ་གཡོག་སོགས་ཀྱིས་བྱ་སྲོལ་ཡོད། དགོན་པའི་ལྕགས་རིའི་ལྷོ་ནུབ་མཚམས་ཀྱི་ལྕགས་རིའི་ཕྱིའི་ཉེ་འཁྲིས་སུ་རྡོ་རྩིག་གི་མཆོད་རྟེན་ཐོག་ཚད་གསུམ་སྐོར་ཡོད་པ་གསེར་ཟངས་ཀྱི་ཏོག་དང་འགྲམ་སྐྱོར་དང་ཐོག་རྒྱུ་ཤིང་ལས་བྱས་པ་ཆར་སྐྱོབ་རྒྱ་ཕིབས་ཀྱི་དབྱིབས་འདྲ་བ་ཆེ་ལེགས་གཅིག་དང་། ཕྱོགས་དེ་ན་མདའ་རྒྱང་གཉིས་ཙམ་སར་བྱེ་མ་ཐང་གི་འགོར་མཆོད་རྟེན་ཆེན་པོ་དེ་མཚུངས་གཅིག་བཅས་བཞུགས།

གཞན་ཡང[རྩོམ་སྒྲིག]

ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་བ་རྒྱལ་ཐང་རྫོང་གི་བྱང་ཕྱོགས། ཐག་རིང་རྩྭ་ཐང་གི་ཕ་མཐའི་རི་ཚོགས་མང་པོའི་ཁྲོད་དུ། ཉི་འོད་འོག་ཏུ་གསེར་གྱི་རྒྱ་ཕིབས་ལ་འོད་ཟེར་ལམ་ལམ་དུ་འཚེར་ཞིང༌། བོད་ཀྱི་མཁར་རྫོང་གི་རྣམ་པ་ཅན་གྱི་བཀོད་པ་དག་ནི་“པོ་ཏ་ལ་ཆུང་བ་”ཞེས་པའི་མཚན་སྙན་དང་ལྡན་པའི་སུམ་རྩེན་གླིང་རེད།  རྒྱལ་ཐང་རྫོང་དང་སུམ་རྩེན་གླིང་བར་ལ་ལམ་ཐག་ལེ་དབར་ལྔ་ཙམ་ལས་མེད་པས། སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་སོང་ན། ལམ་རིན་སྒོར་གཅིག་གཉིས་ལས་གཏོང་མི་དགོས་པས། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་རེད། གཞུང་ལམ་གཡས་གཡོན་གཉིས་སུ་ནས་སྐམ་བྱེད་ཀྱི་ཤིང་སྒྲོམ་མང་པོ་བསླངས་ནས་བཞག་འདུག སུམ་རྩེན་གླིང་ནི་རི་བོ་ཞིག་གི་དབུ་རྩེར་ཆགས་པའི་ཁར། རི་འདབས་ཡོངས་ལ་སྟར་དུ་ཆགས་པའི་བོད་ལུགས་ཀྱི་གྲོང་སྡེ་མང་པོ་ཡོད་པས། ཐག་རིང་ནས་བལྟས་ན་དགོན་པ་དང་གྲོང་སྡེ་གཉིས་ཕལ་ཆེར་འབྱེད་དཀའ་ཙམ་འདུག དུས་རབས་བཅུ་དྲུག་པའི་དུས་མཇུག་ཙམ་ལ་རི་བོ་དགེ་ལྡན་པའི་རིང་ལུགས་བདེ་ཆེན་ཁུལ་དུ་དར་སྤེལ་བྱུང༌། འཇང་ཡུལ་གྱི་དམུ་རུས་ས་སྐྱོང་རྒྱལ་པོ་སྟེ། ཡོངས་གྲགས་སུ་འཇང་ས་དམ་རྒྱལ་པོ་ཞེས་པས་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ཡུན་ནན་ས་ཁུལ་དུ་གདན་འདྲེན་ཞུས་ནས་བསྟན་པ་སྤེལ། ༡༦༧༤ལོར་ཡུལ་དེའི་བཀའ་བརྒྱུད་པ་དང་དགེ་ལུགས་པའི་བར་འཐབ་ལས། བཀའ་བརྒྱུད་པ་རྣམས་ཕམ་ནས་རྒྱལ་ཐང་དང་བདེ་ཆེན་ཁུལ་གྱི་རང་ཁོངས་ཀྱི་དགོན་པ་རྣམས་སྒོ་བརྒྱབ་ནས་དེའི་དངོས་རྫས་རྣམས་ཀྱིས་སུམ་རྩེན་གླིང་བཞེངས་སྐད་འདུག བཤད་རྒྱུན་ལྟར་ན། དགོན་པ་འདི་རི་བོའི་སྟེང་བཞེངས་དགོས་དོན་ནི་དེར་བཞུར་རྒྱུན་ཆད་པ་མེད་པའི་ཆུ་མིག་ཅིག་ཡོད་པས་རེད། སུམ་རྩེན་གླིང་ནི་སྤྱི་ལོ་༡༦༧༩ལོར་རྒྱལ་དབང་ལྔ་པ་ཆེན་མོས་གསར་འདེབས་མཛད་ཅིང་ལོ་གཉིས་ཀྱི་དུས་ཡུན་ལ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང༌། པོ་ཏ་ལའི་བཟོ་བཀོད་ལ་དཔེ་བལྟས་ནས་བཞེངས་པ་རེད། དགོན་པའི་ས་ཁྱོན་མུའུ་༥༠༠ཟིན་ལ་རི་བོའི་ངོས་གྱེན་དུ་རིམ་པར་བཞེངས་བས་མཁར་རྫོང་སྲ་ཞིང་མཐུག་པ་ཞིག་གྲུབ་ཡོད་པར་གྲ་ཡག་སོགས་ཕྱོགས་ཀྱི་སྒོ་ཆེན་ལྔ་དང༌། གྲྭ་ཚང་དང་སྤྱི་ཁང་གཉིས་དགོན་པའི་དབུས་ཀྱི་ཆེས་མཐོ་བའི་སར་བཞེངས་ཡོད། ༡༧༢༤ལོར་གོང་མ་ཡོན་ཀྲིན་མཆོག་གིས་“ཀོས་ཧྭ་དགོན་”ཞེས་པའི་མཚན་གསོལ། སུམ་རྩེན་གླིང་ལ་དུས་ཡུན་རིང་བོར་ཆིང་གོང་མ་རིམ་བྱུང་གི་མཐོང་ཆེན་དང་གཟིགས་སྐྱོང་ཐོབ་པས་བོད་དུ་གོ་གནས་བླ་ན་མཐོ་ཞིང་དད་ལྡན་པ་ཧ་ཅང་མང་བས་ཁམས་ཀྱི་དགོན་སྡེ་ཆེན་པོ་བཅུ་གསུམ་གྱི་ཡ་གྱལ་ཡིན། དགོན་པའི་སྒོ་ཆེན་དུ་འཛུལ་ནས་བརྗིད་ཉམས་ལྡན་པའི་ཚོགས་ཆེན་འདུ་ཁང་དུ་སླེབས་པ་ན་ནང་བསྟན་ཆོས་ལུགས་ཀྱི་དྲི་མ་སྟུག་པོས་རང་ལུས་ཡོངས་སུ་ཁྱབ་ཅིང༌། ཚོགས་ཁང་དུ་གློག་སྒྲོན་མེད་ལ་མར་དྲི་འཐུལ་བའི་མཆོད་མེའི་འོད་སྣང་སྟར་དུ་སྒྲིག་ཡོད། གྲྭ་བཙུན་རྒན་པ་རྣམས་ཀྱིས་སྐད་ཆུང་ངུས་ཆོས་གསུངས་ནས་དད་ལྡན་སྦྱིན་བདག་ཚོ་ལ་མཇལ་ཁ་གནང་ཞིང་སྨོན་ལམ་འདེབས་བཞིན་ཙན་དན་དྲི་ཞིམ་དང་ལྡན་པའི་ཕྲེང་བ་མཆོད་མཇལ་བ་རྣམས་ལ་སྦྱིན་བཞིན་འདུག ལྷ་སྐུའི་འགྲམ་གྱི་མཆོད་ཁྲིའི་སྟེང་དུ་ཡོན་ཆབ་གཙང་མ་གང་བསྒྲིགས་འདུག མི་མང་པོས་ཡོན་ཆབ་དེ་ནས་རང་གི་ཐོད་དང་མིག་སོགས་ལ་བྱུགས་ཀྱི་འདུག དེ་ཡང་དེར་ནད་གྲིབ་འགོག་པའི་ནུས་པ་དང་ལྡན་པས་ཡིན་སྐད་འདུག དད་ལྡན་མང་པོ་ད་དུང་ཁང་ཐོག་ཏུ་བླ་མ་མཇལ་བར་ཕེབས་ཀྱི་འདུག འདུ་ཁང་གཙོ་བོའི་མཐོ་ཚད་ལ་སྨི་བཅུ་ལྷག་ཙམ་ཡོད་པ་དང་ཀ་གདུང་བསྡོམས་༡༠༨ཡོད་པས། དེ་ལས་ཀྱང་ནང་བསྟན་ཆོས་ལུགས་ཀྱི་བཀྲ་ཤིས་པའི་གྲངས་ཀ་མཚོན་ཡོད། འདུ་ཁང་ནང་དུ་སྤུས་ལེགས་འཇིམ་བརྙན་དང་ཐང་ག མཆོད་རྫས་དང་བསྟན་བཅོས་མང་ཞིང༌། འདུ་ཁང་གི་ཕྱོགས་བཞིའི་བར་འཁྱམས་སུ་བརྐོ་རྩ་ཕྲ་ཞིང་ཞིབ་པའི་ཤིང་གི་བརྐོས་བརྒྱན་སྤུས་ལེགས་ཅན་བཀྲ་ཤིས་རྟགས་བརྒྱད་དང་བྱ་བྱེའུ་རི་དྭགས་མཛེས་ལྗོངས་སོགས་ཀྱིས་ཡོངས་སུ་རྒྱན་འདུག ལྷ་ཁང་གི་སྒོའེ་ཕྱི་རོལ་གྱི་ཁ་གཏད་ནི་ཇ་ཁང་ཡིན་ཞིང༌། སྒོའི་ཐོག་ཏུ་“བུད་མེད་ནང་དུ་འགྲོ་མི་ཆོག་”ཅེས་བྲིས་འདུག ཇ་ཁང་དེ་ཆེ་རྒྱུ་མེད་ཅིང་བར་དཀྱིལ་ན་སྐར་ཁུང་ཞིག་འདུག མར་གཤམ་གྱི་ཐབ་ཀ་ཆེན་པོའི་སྟེང་ཁྲོ་ཆེན་པོ་ཞིག་བཙུགས་ཤིང༌། ཐབ་འགྲམ་དུ་བུད་ཤིང་མང་པོ་སྤུངས་འདུག གྲྭ་བ་རྣམས་ཤིང་གཤགས་ཇ་སྲུབ་ཀྱི་ལས་ལ་བྲེལ་བཞིན་འདུག སུམ་རྩེན་གླིང་དུ་རྒྱལ་དབང་ལྔ་པ་དང་རྒྱལ་དབང་བདུན་པའི་རིང་གི་གསེར་གྱི་ཤཱཀྱ་ཐུབ་པ་དང༌། ཤིང་ཏ་ལའི་ལོ་མར་བྲིས་པའི་བསྟན་བཅོས། གསེར་བྲིས་ཐང་ག གསེར་དང་རག་དངུལ