ཇོ་ནང་པ།

ཡོང་ཁུངས་Wikipedia

བོད་ཀྱི་ཆོས་ལུགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། སྒོམ་ཉམས་ལེན་གཙོ་བོ་བླ་མེད་རྒྱུད་ཀྱི་རྒྱལ་པོ་དཔལ་མཆོག་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་དང་། ལྟ་གྲུབ་གཙོ་བོ་བཀའ་ཐ་མའི་དགོངས་དོན་གྱི་དབུ་མ་ཆེན་པོ་ཡིན་ཏེ། རྗེ་ཏཱ་ར་ནཱ་ཐའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་ལས། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། །རྒྱུད་དོན་མཐར་ཐུག་རྡོ་རྗེ་རྣལ་འབྱོར་གྱི། །ལྟ་སྒོམ་འབྲེལ་བའི་ལམ་གྱི་གནད་བཟུང་ནས། །ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག །ཅེས་སོ། །སྔོན་ཆོས་བརྒྱུད་འདི་ལ་སྦྱོར་དྲུག་པ་ཞེས་གྲགས་ཀྱང་། དུས་རབས་བཅུ་གསུམ་པའི་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་མཆོག་གིས་ཇོ་མོ་ནང་པར་གདན་ས་མཛད་པས་ཇོ་ནང་པར་གྲགས་པ་ཡིན། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་མཆོག་དཔལ་ནཱ་ལནྡྲའི་རྣལ་འབྱོར་བ་གྲུབ་ཆེན་དུས་ཞབས་པ་ཆེན་པོ་ནས་བརྩིས་པའི་དུས་འཁོར་བླ་མ་བརྒྱུད་པ་བཅུ་དྲུག་པ་ཡིན་ལ། ཇོ་ནང་ཆོས་གྲགས་དཔལ་གྱི་སེམས་འགྲེལ་བླ་མ་བརྒྱུད་པའི་རྣམ་ཐར་ལྟར་ན་བརྒྱུད་པ་བཅུ་པ་ཡིན། ཁོང་གི་སྐབས་ནས་བཟུང་དུས་འཁོར་སྒྲུབ་བརྒྱུད་འདི་རྭ་འབྲོ་གཉིས་ཀྱིས་གཙོས་དུས་འཁོར་ལ་བརྒྱུད་རིམ་མི་འདྲ་བ་བཅུ་བདུན་ཙམ་བཞུགས་པ་ཀུན་ཆུ་བོ་གཅིག་འདྲེས་སུ་གྱུར། སློབ་བརྒྱུད་རྣམས་ལས་ཀུན་མཁྱེན་དོལ་པོ་བ་ནི་རྒྱལ་བའི་ལུང་གིས་བསྔགས་པ་ལྟར་གངས་རིའི་ལྗོངས་སུ་ངེས་དོན་གཞན་སྟོང་དབུ་མའི་ལྟ་གྲུབ་ཁྱབ་སྤེལ་བྱས་ཏེ་བསྟན་བཅོས་དུ་མ་མཛད། གཞན་སྟོང་ལུགས་འདི་ལ་བྱམས་ཆོས་སྒོམ་ལུགས་མ་ཞེས་ཀྱང་གྲགས། ཁོང་ནི་ཀླུ་ཐོགས་གང་ནས་དེད་ཀྱང་གཞན་སྟོང་དབུ་མའི་བླ་མ་བརྒྱུད་པ་བཅོ་ལྔ་པ་དང་། ཤེར་ཕྱིན་བླ་མ་བརྒྱུད་པ་ཉེར་བཞི་པ་ཡིན། ཁོང་གི་སློབ་རྒྱུད་ལས་ཀུན་མཁྱེན་ཡབ་སྲས་བཅུ་བཞི་དང་། ཀུན་དགའ་གྲོལ་མཆོག་དང་། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་དུ་བྱོན། རིག་གནས་གསར་བརྗེ་མ་བྱུང་སྔོན་བསྟན་པ་འདི་སླར་གསོ་ལ་ཆོས་བརྒྱུད་གཞན་ངོས་ནས་བཀའ་དྲིན་ཆེ་བ་ནི་ཆོས་རྗེ་ཀུན་བཟང་དབང་པོ་དང་། རིག་འཛིན་ཚེ་དབང་ནོར་བུ། སི་ཏུ་ཆོས་ཀྱི་འབྱུང་གནས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་བྱོན། རིག་གནས་གསར་བརྗེ་བྱུང་རྗེས་སླར་གསོ་ཐུབ་པ་ད་ལྟ་མདོ་སྨད་ཕྱོགས་སུ་ཇོ་ནང་དགོན་མ་ལག་བདུན་ཅུ་ལྷག་ཙམ་དང་། རྒྱ་དཀར་ནག་དང་། སོག་པོ་བལ་ཡུལ་སོགས་སུ་ཇོ་ནང་དགོན་པ་དང་ཆོས་ཚོགས་མི་ཉུང་བ་བཅས་ཀྱིས་གྲུབ་པ་དང་། འདས་པའི་ལོ་རྒྱུས་ནང་ཁམས་ཕྱོགས་སུའང་ཇོ་ནང་དགོན་པ་མི་ཉུང་བ་ཞིག་ཡོད་པར་གྲགས། དབུས་གཙང་ཕྱོགས་སུ་སྔོན་གྱི་ཇོ་ནང་དགོན་ཤུལ་སུམ་ཅུ་ལྷག་ཙམ་ཡོད་པ་མ་ཟད། རྒྱལ་བསྟན་རིག་གནས་དང་བཅས་པ་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པ་འདི་ག་ལགས། །