གྲུབ་པའི་དབང་ཕྱུག་འཇིགས་མེད་བསམ་གཏན།

ཡོང་ཁུངས་Wikipedia

གྲུབ་པའི་དབང་ཕྱུག་འཇིགས་མེད་བསམ་གཏན་རིན་པོ་ཆེ་རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་ ༡༨༡༤ ལོར་མདོ་སྨད་རེབ་གོང་སྟོད་ཀྱི་ཆར་གཡུ་འབྲོང་ཁྱུང་གསུམ་གྱི་ལྷ་ཞོལ་ལྟེ་ཐང་དུ་ཡབ་མགོ་རྒས་མཁར་བྱམས་དང་ཡུམ་སྙིང་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། བྱིས་པའི་དུས་ནས་རྫོང་དཀར་གྱི་ཆོས་གྲྭར་ཞུགས་ཏེ་ཀློག་དང་ཆོས་སྤྱོད་མང་པོ་ཚེགས་མེད་པར་ཐུགས་སུ་ཆུད།

རྫོང་ཆུང་པཎྡིཏ་འཇིགས་མེད་ལུང་རིགས་རྒྱ་མཚོ་སྔ་ཕྱིའི་མཁན་པོར་གསོལ་ཏེ་སོ་ཐར་གྱི་སྡོམ་རྒྱུན་བཞེས། དེ་ཉིད་ལས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་ཅིང་རིག་གནས་ཀྱི་དཔེ་ཁྲིད་ཀྱང་མོད་མི་དམའ་བ་ཞུས།རོང་པོ་བློ་བཟང་ཆོས་དར་ལས་སྒྲ་སྙན་ངག་སྨན་རྩིས་སོགས་རིག་གནས་དང་། རབ་འབྱམས་པ་བློ་བཟང་ཉི་མ་ལས་བསྡུས་རྟགས་བློ་གསུམ་སློབ་སྦྱོང་རྡུ་རུས་ཐུག་པ་མཛད། གཞན་ཨ་རོལ་རིན་པོ་ཆེ། བསེ་སྐུ་ཕྲེང་གསུམ་པ། བྲག་ལུང་མཚོ་ཁ་བ་རྣམས་ལས་ཀྱང་སྔ་ཕྱིར་ཆོས་ལུང་མང་དུ་མནོས། དགུང་ལོ་ཉེར་དྲུག་པ་ས་ཕག་ ༡༨༣༩ ལོར་སྒྲུབ་བརྒྱུད་བསྟན་པོ་བདག་པོ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཇལ་ཏེ་སྲད་དབོན་གྱི་སྙན་བརྒྱུད་མཐའ་དག་ལྷག་ཆད་མེད་པར་ཐུགས་ཀྱི་བུམ་བཟང་དུ་བསྐྱིལ། དེ་ནས་བཟུང་ལོ་ངོ་བཅུ་བདུན་གྱི་རིང་དབེན་པའི་གནས་གང་འགོལ་དུ་དཀའ་སྤྱད་ཤ་སྟག་གིས་སྒྲུབ་པ་ཉམས་ལེན་མཛད།

གནས་ཡང་ཤིང་བཟའ་རིན་པོ་ཆེད་བློ་བཟང་དར་རྒྱས་དང་གྲུབ་ཆེན་སྐལ་བཟང་གྲགས་པ། རྡོ་རམས་པ་འཇིགས་མེད་བཟང་པོ་སོགས་ལས་ཀྱང་ཆོས་བཀའ་དང་མན་ངག་གི་རིགས་མཐའ་ཡས་པ་གསན། ཁྱད་པར་ཕྱི་མ་ལས་འཇགས་དབྱངས་བཞད་པ་ཡབ་སྲས་ནས་བརྒྱུད་པའི་མན་ངག་རྣམ་གསུམ་གྱི་གདམས་པ་རྣམས་ཚང་བར་མནོས་པས་དུས་འདིར་སྲད་དབོན་གྱི་གདམས་པའི་བང་མཛོད་གཅིག་པུར་གྱུར། དགུང་ལོ་ཞེ་བཞི་པ་མེ་སྤྲུལ་༡༨༥༧ ལོ་ནས་གཞན་དོན་མཁའ་ཁྱབ་ཏུ་སྐྱོང་བའི་དབུ་བཙུགས་ཏེ། སྒོ་མེ་མཆོད་རྟེན་སྐེ་དང་། བིས་ཐང་། རྫོང་དཀར། སྐུ་འབུམ། རྩེ་གཞུང་། ཀ་རིང་བཅས་དགོན་སྡེ་མང་པོར་དབང་ལུང་རྗེས་གནང་མཐའ་ཡས་པ་གནང་། ཁྱད་པར་དུ་བླ་མ་ཆེ་དགུ་ཤར་ཐམས་ཅད་མཁྱེན་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་། ཁྲི་རྒན་འཇམ་དཔལ་དབྱངས་རྒྱལ་བའི་ཡོངས་འཛིན་ཞྭ་དམར་པཎྡིཏ། བདེ་ཡངས་ནོ་མོན་ཧན། མཚན་སྒྲོགས་ཧོ་ཐོག་ཐུ་རྗེ་སྤྱན་སྔ་དཀོན་མཆོག་ཕུན་ཚོགས་སོགས་ཀྱིས་མཚོན་སྣོད་ལྡན་གྱི་སློབ་མ་མི་ཉུང་བ་མན་ངག་རྣམ་གསུམ་གྱི་ཁྲིད་བརྒྱ་ལྷག་བརྒལ་བ་གནང་། གསུང་འབུམ་པོད་གཉིས་ཙམ་ལྗགས་རྩོམ་མཛད།

གཞན་ཡང་མགོན་པོའི་གཏོར་ཆེན་དང་། ལྕགས་མཁར་ཟུར་དགུ་པ། ཆོས་རྒྱལ་གཏོར་ཆེན། ལྕམ་སྲིང་། ཀྵེ་ཊ་པ་ལའི་གཏོར་ཆེན། ཡ་མ་ར་ཛའི་སྒོ་ནས་དྲག་པོའི་ལས་སྦྱོར་གྲངས་ལས་འདས་པ་མཛད། ཆུ་ཕག་ ༡༨༦༣ལོར་གཙང་མིག་དམར་དགེ་བཤེས་དང་མཇལ། ཆོས་བཀའ་གང་མང་གསན། རབ་བྱུང་བཅོ་ལྔ་པའི་ས་གླང་ ༡༨༨༩ ལོར་ཚེ་ཏན་དགོན་དུ་ཕེབས་ཏེ་ཆོས་བཀའ་མང་པོ་གསུངས། དེ་ལྟར་བསྟན་འགྲོའི་དོན་ཁོ་ན་ལ་དམིགས་པའི་མཛད་པ་རླབས་ཆེ་ཞིང་མཐའ་ཡས་པ་སྤེལ་ཏེ་དགུང་ལོ་གྱ་བཞི་པ་རབ་བྱུང་བཅོ་ལྔ་པའི་མེ་བྱ་ ༡༨༩༧ ལོའི་ཟླ་བདུན་པའི་ཚེས་གཅིག་ལ་ཀ་རིང་དུ་སྐུ་གཤེགས།

 -----<<དུང་དཀར་ཚིག་མཛོད་ཆེན་མོ་>>ལས།