གཡུང་དྲུང་བོན།

ཡོང་ཁུངས་Wikipedia

བོན་དང་གཡུང་དྲུང་བོན་གྱི་གོ་དོན་ངོ་སྤྲོད།[རྩོམ་སྒྲིག]

ཆེས་གནའ་བོའི་དུས་ནས་བྱུང་བའི་སྲིད་པ་རྒྱུད་ཀྱི་བོན་དང༌། གཡུང་དྲུང་བོན་ཅེས་པའི་ཐ་སྙད་འདི་དག་གོ་དོན་ཟབ་ལ་ཁྱབ་རྒྱ་ཆེ་བའི་མིང་ཚིག་བྱུང་རིམ་ལྡན་པ་ཞིག་ཡིན་ངེས་ཀྱང༌། དེང་གི་ཆར་བོད་ཀྱི་ལོ་རྒྱུས་སྨྲ་བའི་ཁྲོད་དུ་ཤེས་ལྡན་མི་ཉུང་བ་ཞིག་གིས་ཐ་སྙད་འདི་རིགས་ལ་གོ་བ་ལེན་སྟངས་དང༌། འགྲེལ་བཤད་གནང་སྟངས་ཐད་གཞུང་དོན་དང་མ་མཐུན་པའི་རང་བློར་གང་ཤར་གྱི་བཤད་པ་འགའ་ཞིག་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པས་ཆེ་དོན་ཆུང་འཛིན་གྱི་བལྟ་ཚུལ་དེ་བློས་འགན་བཟོད་ཐབས་བྲལ་བར་བརྟེན་འབྲེལ་ཡོད་བོན་གྱི་གཞུང་ལུགས་རྒྱ་ཆེའི་འབྲུ་དོན་དང་མཐུན་པའི་ངོ་སྤྲོད་ཞིག་དགོས་པ་ངེས་ཅན་དུ་མཐོང༌། ལྷག་ཏུ་དཔྱོད་ལྡན་སུ་ཞིག་གིས་ཐ་སྙད་འདི་དག་གདེང་འཇོག་མཛད་པའི་དབང་དུ་གཏོང་ན་འབྲེལ་ཡོད་གཞུང་ལུགས་ཁག་ནང་གསལ་བའི་བོན་གྱི་གོ་དོན་དེ་དག་གཙིགས་སུ་མི་འཛིན་ཐབས་མེད་ཡིན་ལ། ད་ལམ་སྐབས་འདིར་བོན་གཞུང་ཁག་ལས་གསལ་བའི་དེའི་འབྲུ་དོན་འགའ་ཞིག་རྒྱུས་ཡོད་ལམ་སྟོན་ཕྲན་བུར་ཡོང་ཆེད་ཡིག་མིག་མཛུབ་འཛུགས་དང་འབྲེལ་བའི་གོ་དོན་ཆེ་ལོང་ཙམ་ཞིག་ངོ་སྤྲོད་ཞུས་ན་ལེགས་སྙམ།

དང་པོ། བོན་གྱི་གོ་དོན་སྐོར།[རྩོམ་སྒྲིག]

བོན་གྱི་གོ་དོན་སྐོར་ལ་དེང་སྐབས་ཕྱི་ནང་གི་མི་སྣ་མི་ཉུང་བ་ཞིག་གིས་དོན་དངོས་དེའི་གོ་དོན་ལ་བློ་ཁ་མ་ཕྱོགས་ཀྱང་འོལ་ཚོལ་ཙམ་གྱིས་ངོས་འཛིན་འདྲ་མིན་གནང་སྟེ། བོན་ཅེས་པ་ནི་བོད་སྐད་ཀྱི་བརྡ་ཤིན་ཏུ་རྙིང་པ་ཞིག་སྟེ་དེང་དུས་ཀྱི་སྐད་ལུགས་སུ་བྱས་ན་བཟླ་ཞེས་པའི་དོན་ལ་འཇུག་ཅིང༌།བོན་པ་འམ་བཟླ་བ་ནི་སྔགས་ལ་སོགས་པ་བཟླ་བའི་གོ་དོན་བསྟན་ནུས་པའི་བྱེད་ཚིག་ཡོངས་སུ་གྲགས་པ་ཞིག་ཡིན་སྟབས་གནའ་དུས་སྔགས་བཟླ་བའམ་དེ་དང་འབྲེལ་བའི་ཆོ་ག་དང་རིམ་གྲོ་སོགས་ཀྱི་བྱེད་ལས་དེ་ལ་བོན་ཅེས་དང༌། དེ་དག་བྱེད་མཁན་ལ་བོན་པོ་ཞེས་པའི་ཐ་སྙད་འདི་བྱུང་ཡོད་པར་མངོན། ཅེས་དང༌། བོན་ཅེས་པ་འདི་བོད་ཀྱི་བརྡ་རྙིང་པ་ཞིག་ཡིན་པ་ལ་ཐེ་ཚོམ་ཅི་ཞིག་ཀྱང་མེད་པ་མ་ཟད།གྱེར་ཞེས་པའང་ཞང་ཞུང་གི་སྐད་ཡིན་པ་དང༌། བོན་གྱི་གོ་དོན་དང་གཅིག་པ་ཡིན་ལུགས་འདི་ཚོ་ལ་ཐེ་ཚོམ་དགོས་པ་ཅི་ཞིག་ཀྱང་མེད་མོད། གྱེར་ཞེས་པའི་ཚིག་འདི་ནི་ཞང་བོད་ཐུན་མོང་གི་བརྡ་རྙིང་ཞིག་ཏུ་ཆགས་ནས་བོན་གྱི་དཔེ་རྙིང་མང་དག་ཞིག་ཏུ་ཆོ་གའི་སྐོར་སོགས་གྱེར་བ་སྟེ་ཀློག་པའམ་འདོན་པའི་དོན་དུ་བེད་སྤྱོད་བྱས་ཡོད་པ་དེ་རེད། ཅེས་གསུངས་པས་མ་ཚད་དེ་ཡི་རྗེས་འཛིན་པ་མང་དག་ཞིག་གིས་སྤྲེའུས་མི་ཡི་ལད་མོ་བྱེད་ཅེས་པའི་དཔེ་ལྟར། གོང་ལྟར་མུ་མཐུད་སྐྱར་བཟློས་སུ་བྱས་ཡོད་པས་བོན་གྱི་གོ་དོན་རྣལ་མ་དེ་བརླག་ནས་ཁ་རྒྱུན་འབྱམས་སུ་འགྲོ་བར་མཐོང༌། ལྗགས་རྩོམ་ཁག་ནང་བོན་གྱི་གོ་དོན་རྣལ་མ་དེ་སྔགས་བཟླ་བའམ་འདོན་པའི་དོན་ཙམ་དང༌། བོན་གྱི་སྐད་དོད་ཞང་སྐད་གྱེར་ཞེས་པ་དེའང་ཆོ་གའི་གྱེར་དབྱངས་ངག་གི་བྱེད་ལས་ཙམ་ལ་ངོས་འཛིན་པ་དེ་དག་སྒྲ་འཇུག་ཚུལ་དང་དོན་ཁྱབ་ཚུལ་ལུང་རིགས་གང་གི་སྒོ་ནས་དཔྱད་ན་གོ་བ་ཐ་ཤལ་བ་ཞིག་ཏུ་ཟད་དོ། །
སྤྱིར་བོན་ཅེས་པའི་ཐ་སྙད་དེ་ཤེས་བྱ་སྤྱིའི་དབང་དུ་བྱས་ན། མཚོན་པར་བྱ་བའི་ཡུལ་གང་ཞིག་འཁོར་འདས་ཀྱི་ཤེས་བྱ་གང་ཡང་རུང་བའི་སྟེང་དུ་མཚོན་བྱེད་ངག་གི་བརྡས་བཏགས་པའི་མིང་ལ། ཞང་ཞུང་སྨར་གྱི་སྐད་དུ་གྱེར་དང༌། སྤུར་རྒྱལ་བོད་ཀྱི་སྐད་དུ་བོན་ཞེས་གདོད་མའི་འཇིག་རྟེན་གྱི་དུས་ནས་ད་བར་དུས་ཀྱི་འགྱུར་ལྡོག་ཡོད་མེད་ལ་མ་ལྟོས་པར་ཐ་སྙད་དེ་སྔར་བྱུང་ད་གནས་སུ་ཡོད་པ་འདི་རེད།
དེས་ན་བོན་ཅེས་པའི་བརྡ་འདི་མཚོན་བྱེད་སྤྱིའི་དབང་དུ་བྱས་ན་ཤེས་བྱ་ཀུན་གྱི་རྗེས་སུ་སོང་ཡང༌། ཁྱད་པར་བྱེ་བྲག་གི་དབང་དུ་བྱས་ན་ཤེས་བྱ་སོ་སོའི་མཚན་ཉིད་འཛིན་པ་སྟེ་བདལ་འབུམ་ལས་བོན་སྤྱི་དང་རང་གི་མཚན་ཉིད་ཚང་བས་འཁོར་འདས་ཀྱི་བོན་རྣམས་ལ་བོན་སྤྱི་དང་རང་གི་མཚན་ཉིད་འཛིན་པར་གསུངས་ལ། འདུལ་བ་ཡོངས་རྫོགས་ལས་བོན་པ་གང་ལྟར་བོན་སྡེ་འབྱུང༌། །འགྲོ་བ་གང་གིས་ཅི་ལྟར་གོ། བོན་སྤྱི་དང་བྱེ་བྲག་མཚན་བཏགས་པ། །དབྱིངས་ཉིད་ཡང་དག་དོན་ལ་ཡེ་ཤེས་བོན། །བོན་ཉིད་ཁྱབ་བདལ་ཆེན་པོ་ཞེས། །མ་རིག་པ་ལ་གསལ་དང་བོན། །མུན་ནག་སྒྲོན་མེ་སངས་པ་ལྟར། །མ་འགག་གསལ་རྟོགས་བོན་ཞེས་བྱ། །རྨོངས་རིག་འོན་ལོང་འགག་པ་ལ། །དྲན་གསལ་གསང་མཐོང་ལྟ་བུར་བོན། །དབྱིངས་ཉིད་སྟོང་པ་ཡང་དག་པས། །བོན་ཞེས་སྤྱིའི་མཚན་དུ་བཏགས་ཞེས་གསུངས། འདི་དག་གི་དགོངས་དོན་དང་བསྟུན་ནས་སྔོན་བྱོན་བོན་གྱི་མཁས་གྲུབ་དམ་པ་རྣམས་ཀྱིས་ཀྱང༌། བོན་གྱི་གོ་དོན་སྤྱི་དང་བྱེ་བྲག་ཐམས་ཅད་ལ་ཁྱབ་པ་རང་གི་མཚན་ཉིད་འཛིན་པ་བོན་གྱི་མཚན་ཉིད་ཅེས་བཞེད་པ་དེ་ཉིད་ངེས་ལ། བོན་ཅེས་པ་སྤྱི་ལྡོག་གི་ཐ་སྙད་དེ་ཚིག་དོན་ཕལ་མོ་ཆེའི་དབུ་གཞུང་མཇུག་སོགས་ཅི་རིགས་ཀྱི་ཚུལ་དུ་ཡོང་ཞིང༌། དེ་ཡང་ཚིག་འགྱུར་ཁོ་ནའི་དབང་དུ་བྱས་ན། ཏ་ཟིག་བོན་གྱི་སྐད་ལ་ཧོས་དང༌། ཞང་ཞུང་སྨར་སྐད་ལ་གྱེར། སྤུར་རྒྱལ་བོད་སྐད་ལ་བོན་ཅེས་པ་ནི་སྒྲ་འགྱུར་ཡིན་ལ། དོན་འགྱུར་གྱི་དབང་དུ་བྱས་ན། སྤྱིར་ཧོས་ཞེས་པ་ནི་ཡི་སྲིད་གཡུང་དྲུང་བོན་གྱི་གསང་མཚན་ཡིན་པར་གྲགས་ལ། ཁྱད་པར་དུ། ཧོས་སྒོ་ཞེས་པ་བོན་སྒོ་དང༌། ཧོས་ཡུལ་ཞེས་པ་བོན་ཡུལ་ཏེ་ཧོས་ཡུལ་འོལ་མོ་ལུང་རིང་དང་ཡུལ་ཧོས་མོ་གླིང་དྲུག་ལྟ་བུ་ཡིན་ལ། ཧོས་རྒྱལ་ནི་བོན་རྒྱལ་ཏེ་ཧོས་རྒྱལ་པོ་དང་བ་ཡིད་རིང་ཞེས་པ་ལྟ་བུར་གཟེར་མིག་ལས་རྒྱལ་པོ་ཧོས་རིགས་ཡིན་པས་ཧོས། ཞེས་གསུངས། གཞན་ཡང་སྟོན་པའི་ཕྱག་མཚན་དང༌། བླ་གུར། རྟེན་རྫས་རྣམས་ལའང༌། ཧོས་རུ་དང༌། ཧོས་གུར། ཧོས་ཆ་ཞེས་སོགས་དེ་ཡི་སྒྲ་འཇུག་ཡུལ་འགའ་ཞིག་མཆིས་སོ། །
གྱེར་ཞེས་པ་ནི་བོན་དང༌། བོན་ཉིད། གཤེན་སོགས་ལ་འཇུག་ཅིང༌། བོན་ནི་གཙོ་བོར་དོན་བསྟན་པ་དང༌། ཐོས་པ། ངག་གི་གྱེར་སྒོ་སོགས་སྐབས་ཐོབ་ཅི་རིགས་སུ་འཇུག་ཚུལ་འཆད་འགྱུར་དུ་རིམ་པས་འགོད་ལ། བོན་སྒོ་བཞི་མཛོད་ལྔ་དང༌། ཐེག་པ་རིམ་དགུ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་བཅས་ལ་ཧོས་གྱེར་བོན་གསུམ་གྱི་སྒྲ་འཇུག་པའི་ཚུལ། མདོ་འདུས་ལས། ཝེར་གྱེར་སད་དོ་ཨ་བོ་ཉ། །རྒྱལ་བོན་སྟོན་པ་གཤེན་རབ་ཉིད། །གྱེར་ཆེན་སྒོ་བཞི་མཛོད་དང་ལྔ། །ཧོས་སྒོ་ཐེག་པ་རིམ་པ་དགུ །ཝེར་གྱེར་སྟོན་པས་བསྒྲགས་པ་སྟེ། །ཆབ་དཀར་གྱེར་སྒོ་གྱེར་མན་ཏྲ། །འགུ་ཡ་ས་མ་ཡ་དང་བཅས། །གཏོ་དཔྱད་ཏི་ཀ་གྱེར་དང་བཅས། །དཔོན་གསས་གྱེར་སྒོ་གྱེར་ཏེ་སང༌། །འདུལ་བ་མན་ངག་ལུང་དང་བཅས། །འཕན་ཡུལ་གྱེར་སྒོ་གྱེར་ནི་ཧྲང༌། །རྒྱས་པ་མདོ་འབུམ་སྡེ་དང་བཅས། །གཙང་མ་མཐེ་ཐོག་གྱེར་དྲུང་ཧྲང༌། །ཨ་ཏི་གྱེར་ཞི་བདེ་རོ་སྤུངས། །ཞེས་དང༌། ཨ་བོ་ལུང་གི་གྱེར་སྒོ་བཞི། །ཐོ་ཐེག་ནང་གི་མཛོད་ཡིན་ཏེ། །སྒོ་བཞི་བསྟན་པ་མདོ་རུ་བསྡུས། །ཧོས་སྒོ་ཐག་པ་རིམ་པ་དགུ །གྱེར་ཆེན་སྒོ་བཞི་མཛོད་དང་ལྔ། །ཧོས་སྒོ་ཐག་པ་རིམ་པ་དགུར་དབྱེ། །ཧོས་སྒོ་བརྒྱད་ཁྲི་བཞི་སྟོང་ནི། །མདོ་འབུམ་རྒྱུད་མཛོད།།སྡེ་བཞི་ལས། ཉིས་ཁྲི་བཞི་སྟོང་བཞིར་དབྱེའོ། །ཞེས་གསལ་བ་དང༌། འདུལ་བ་སྤྱིར་ལྟོས་འགོག་པ་ཕྱོགས་སྡོམ་གྱི་རྒྱུད་ལས། ཉོན་མོངས་བཅུའི་བྱེ་བྲག་དོན་གསུམ་བོན། དཔེ་མཚོན་རྟགས་འབེབས་དོན་རིག་བོན། །དྲང་སྲོང་མ་རབ་རྐ་འོག་སྡེ་གསུམ་ཧོས། །བསྟན་པ་ཡུན་རིང་གནས་བྱེད་སྨོན་དོན་བོན། །ཅེས་པ་འདེ་དག་གིས་ཧོས་གྱེར་བོན་བཅས་ཀྱི་འཇུག་ཚུལ་མཚོན་ཐུབ་པ་ཡིན་ལ། བོན་གྱི་གོ་དོན་འཇུག་ཚུལ་ཇི་སྙེད་ཡོད་པའི་ནང་ནས་གཙོ་ཆེ་ཤོས་ཞིག་ནི་དོན་གང་ཞིག་བསྟན་པའི་དོན་ཅན་ལ་འཇུག་ཚུལ། འདུལ་བ་རྒྱུད་དྲུག་གི་ནང་ཚན་ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད་ལས། གང་ཟག་མིའི་སྐད་དུ་བོན་པ་ནི། །ཞེས་པ་ནས་རང་རང་སྒྲ་སྐད་དག་ཏུ་བོན། །ཅེས་དང༌། བོན་ནི། མ་རིག་པ་ལ་དོན་བསྟན་བོན། །དཔེས་མཚོན་དོན་ལ་ཐེག་པའི་བོན། བདེན་གཉིས་དོར་མཉམ་སྟོན་པའི་བོན། །ཕྲ་རགས་དགེ་སྡིག་གོ་འབྱེད་བོན། ཚད་མའི་དོན་འབྲེལ་མི་འགལ་བོན། །ཞེས་དང༌། དེ་ལ་ཆགས་པ་བྲལ་བ་འདུལ་བ་བོན། །བདག་གཞན་ཐམས་ཅད་འདུལ་བ་བཞིན་དུ་བོན། ཅེས་དང་། སྟོན་པས་ཕྱི་རབས་དོན་དུ་བོན། །འགྲོ་ཀུན་བོན་ལ་ཞུགས་ཕྱིར་བོན། །ཅེས་གསལ་བ་དང་། ཀུན་འབྱུང་དབྱིངས་དག་གི་རྒྱུད་ལས། དུས་གསུམ་གཤེན་རབ་ཀུན་ལ་བོན། །དཔོན་གསས་མན་ངག་རྒྱུད་དུ་བོན། །འདི་ལ་སྤྱི་དོན་གསུམ་གྱི་བོན། །དེ་ལའང་ཀླད་ལ་གཉིས་སུ་བོན། །ངོ་བོ་དང་ངེས་ཚིག་ལ་སོགས་འོག་ཏུ་བོན། །འདི་ཡན་ཆད་མཚན་གྱི་དཔེ་དོན་བོན་པའོ། །ཞེས་དང༌། རྩ་བ་བཞི་ལས་གྱེས་པའི་ཉིས་བརྒྱ་ལྔ་བཅུ་ཕོ་ལ་བོན། །རྩ་བ་བརྒྱད་ལས་གྱེས་པ་སུམ་བརྒྱ་དྲུག་ཅུ་མོ་ལ་བོན། །ཅེས་སོགས་དང༌། འདུལ་བ་དུས་ཆེན་དུས་བཙན་སྡོམ་བྱེད་ཀྱི་རྒྱུད་ལས། །འགྲོ་བའི་ལམ་ཐད་བློ་ལ་ཐེག་དགུ་བོན་པ་ཡིན། །ཉོན་མོངས་རེ་རེའི་གཉེན་པོ་བྱང་ཐད་བོན་པ་ཡིན།ཅེས་དང་།འདུལ་བ་དགེ་འབྱུང་འཇུག་དོན་ལྔ་རུ་བོན།ཅེས་སོགས་ཀྱིས་མཚོན་བོན་ནི་དོན་གང་ཞིག་བསྟན་པའི་དོན་ལ་འཇུག་ཚུལ་ཤིན་ཏུ་གསལ། །རྣམ་པ་གཅིག་ཏུ་ན། །གཤེན་མཁས་གྲུབ་ཀྱིས་མཛད་པའི་ལེགས་སྦྱར་བཀླག་ཐབས་ནོར་བུའི་ཕྲེང་བ་ལས། །འོན་ཀྱང་སྔགས་རྣམས་བོན་པའི་ཚུལ། །བླ་མའི་ཞལ་ནས་ཤེས་པར་བྱ། །ཞེས་པ་འདི་ལྟ་བུ་ལ་མཚོན་ན། བོན་གྱི་གོ་དོན་དེ་བཟླ་བའམ་འདོན་པའི་དོན་ལ་འཇུག་མོད། འདི་འདྲའི་གོ་དོན་ལྡན་པའི་གཞུང་ཚིག སྤྱིར་བོན་གྱི་གཞུང་ལུགས་རྒྱ་ཆེ་གོ་ལའི་ཁྱོན་ལ། མཐོང་རྒྱ་ཆུང་བའི་རྐང་དྲུག་བུང་བ་བདག་གི་འདབ་མས་གཞལ་མིན་ཀྱང༌། ད་བར་ཁོ་བོས་བོན་གྱི་གཞུང་ལུགས་རྒྱ་མཚོའི་ཆུ་ངོགས་སུ་འགྲིམས་པས་བོན་དེ་བཟླ་བའམ་འདོན་པའི་དོན་ལ་འཇུག་ཚུལ་རེ་ཙམ་མ་གཏོགས་མཐོང་ཡུལ་དུ་མ་གྱུར་ཀྱང༌།དེང་གི་ཕྱི་ནས་མཁས་པ་མང་དག་ཅིག་གིས་བོན་གྱི་གོ་དོན་གཤའ་མ་མདོ་སྔགས་གཞུང་ལུགས་ཆེན་མོའི་ཚལ་གསེབ་ཏུ་བཞུགས་པའི་ཤེས་རབ་རྒད་པོ་སྣང་མེད་དུ་བཞག་སྟེ། སྔར་མེད་གསར་དུ་གྲགས་པའི་བོན་གྱི་གོ་དོན་མགྲིན་བཟང་དབྱངས་ལྡན་མ་ཞིག་མགྲོན་དུ་བསུས་པ་དེ་ངོ་མཚར་ཆེ་ཞེས་ཀུ་རེའི་ཚུལ་དུ་ཐལ་ལོ། །ཚད་མའི་གཞལ་བྱར་གྱུར་པའི་ཤེས་བྱ་ཡོད་དོ་ཅོག་ལ་བོན་གྱི་གོ་དོན་ཁྱབ་ཐུབ་པ་ནི་རང་གི་མཚན་ཉིད་འཛིན་པ་དེ་དོན་ལ་གནས། རང་གི་མཚན་ཉིད་འཛིན་ཚུལ་དེ་གཞུང་ལུགས་ལ་སྦྱངས་པ་དམན་པ་རྣམས་ཀྱི་ངོར་འཆར་དཀའ་བ་ཅུང་ཡོད་ཀྱང༌། དོན་དངོས་ཤེས་བྱ་ཞིག་ཡིན་ཕྱིན་རང་མཚན་དང་སྤྱི་མཚན་གང་རུང་མ་ཁྱབ་པ་མེད་སྟབས་དོན་བྱེད་ནུས་པའི་ཁྱད་པར་དུ་བྱས་པའི་རང་མཚན་གྱི་བོན་རྣམས་དང་། དོན་བྱེད་མི་ནུས་བའི་ཁྱད་པར་དུ་བྱས་བའི་སྤྱི་མཚན་གྱི་བོན་རྣམས་ལ་རང་དང་སྤྱིའི་མཚན་ཉིད་དེ་ལྡན་དགོས་པས། སྤྱི་ལྡོག་ནས་བོན་སྤྱིའི་མཚན་ཉིད་འཛིན་པ་དང༌། རང་ལྡོག་ནས་སོ་སོའི་མཚན་ཉིད་འཛིན་པ་སྟེ་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་འཛིན་པ་ནས། བོན་ཐམས་ཅད་ཀྱི་རྣམ་པ་མཁྱེན་པའི་ཡེ་ཤེས་རྣམ་མཁྱེན་གྱི་མཚན་ཉིད་འཛིན་པའི་བར་དུ་རང་རང་གི་མཚན་ཉིད་ལྡན་པས་ན་མཚོན་བྱ་བོན་ལ། གོ་དོན་རང་གི་མཚན་ཉིད་འཛིན་པའམ་ལྡན་པ་ཞེས་གཙོ་བོར་སྤྱིའི་སྒོས་ནས་བཞེད་པ་དེ་སྒྲ་དོན་གཉིས་ལས་དོན་ཁྱབ་ཚུལ་གྱི་སྒོ་ནས་བསྟན་པའོ། །
བོན་གྱི་སྒྲ་འཇུག་ཚུལ་གྱི་དབང་དུ་བྱས་ན། བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་དང༌། རྒྱལ་བ་མཉམ་མེད་པ། མཁན་ཆེན་ཉི་མ་བསྟན་འཛིན། སྤ་སྟོན་བསྟན་རྒྱལ་བཟང་པོ། ཀུན་མཁྱེན་འཇའ་ལུས་པ་སོགས་སྔོན་བྱོན་མཁས་གྲུབ་དམ་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བོན་གྱི་སྒྲ་འཇུག་ཡུལ་བདུན་ནམ་བརྒྱད་དུ་བཞེད་པའི་དང་པོ་ཤེས་བྱ་ལ་བོན་གྱི་སྒྲ་འཇུག་སྟེ། ཁམས་བརྒྱད་ལས། བོན་ཐམས་ཅད་བདེན་པ་གཉིས་སུ་འདུས་སོ། །ཞེས་དང༌། གཉིས་པ་འཁོར་བ་དང་མྱང་འདས་ལ་འཇུག་སྟེ། སྡུད་པ་ལས། འཁོར་བ་དང་མྱ་ངན་ལས་འདས་བའི་བོན། ཞེས་སོ། །གསུམ་པ་རྣམ་ཤེས་ཚོགས་དྲུག་ལ་འཇུག་སྟེ། བདལ་འབུམ་ལས། མིག་དང་གཟུགས་དང་ཞེས་པ་ནས་ཡིད་དང་བོན། ཞེས་པའོ། །བཞི་པ་བསོད་ནམས་ལའང་འཇུག་པ་སྟེ། ཡང་རྩེ་ལས། སྤྱོད་པས་སྒྲ་ཐོས་པར་དཀའ་བའི་གཡུང་དྲུང་གི་བོན་ལ་སྤྱོད། ཅེས་སོ། །ལྔ་པ་དོན་ལ་འཇུག་སྟེ། དེ་ཉིད་ལས། གནས་ལུགས་དོན་གྱི་བོན། ཅེས་སོ། དྲུག་པ་ལམ་ལ་འཇུག་སྟེ། མདོ་ལས་ལམ་གྱི་བོན་ཅེས་སོ། །བདུན་པ་གསུང་རབ་ལ་འཇུག་སྟེ། མདོ་ལས། བོན་སྒོ་བཞི་མཛོད་ལྔ་འཆད་ཅིང་སྟོན། ཅེས་སོ། །བརྒྱད་པ་ཐེག་པ་ལ་འཇུག་སྟེ་འབུམ་ལས། ཐེག་པ་བླ་ན་མེད་པ་གཡུང་དྲུང་གི་བོན། ཞེས་བཞེད་པ་དེ་དག་མཚན་གཞི་རགས་པའི་དབང་དུ་གསུངས་པ་ཡིན་ལ་སྤྱིར་བོན་གྱི་སྒྲ་འཇུག་ཡུལ་དེ་ཙམ་དུ་ག་ལ་ངེས་ནུས། དེས་ན་སྤྱིར་བོན་ཞེས་པའི་ཐ་སྙད་དེ་གོ་དོན་ཁྱབ་རྒྱ་ཆེ་བ་དང༌། གཏིང་ཟབ་པ། དོན་བསྟན་ཚུལ་ཅི་རིགས་སུ་ཡོད་པ་ལ། སྔགས་བཟླ་བའི་དོན་དང༌། ཆོ་གའི་གྱེར་དབྱངས་ཙམ་ལ་ངོས་འཛིན་གནང་བ་དེ་ཤིན་ཏུ་ནོངས་ཏེ་སྒྲ་འཇུག་ཚུལ་གྱི་དབང་དུ་བྱས་ན། བོན་ཐམས་ཅད་ལ་སྔགས་བཟླ་བའི་དོན་འཇུག་པའི་གོ་སྐབས་དབེན་ལ། དོན་ཁྱབ་ཚུལ་གྱི་དབང་དུ་བྱས་ན་དེ་བས་ག་ལ་ཁྱབ་ཐུབ། བོན་གྱི་གོ་དོན་ལ་དཔྱད་ཞིབ་བྱེད་དགོས་ཚེ་བོན་གྱི་ལོ་རྒྱུས་ཡིག་རྙིང་ཁག་ལ་གཞི་རྩ་འཛིན་དགོས་པ་དེ་བསྙོན་དུ་མེད། ཡིག་རྙིང་ཁག་ནང་བོན་གྱི་གོ་དོན་བཟླ་བའི་དོན་ལ་བཤད་པ་ནི་ཤིན་ཏུ་དཀོན་ལ། བོན་ཞེས་བཟླ་བའི་དོན་ལ་འཇུག་པ་ནི་སྲིད་པ་ཙམ་ཡིན། དོན་དངོས་བོན་གྱི་གོ་དོན་རྣལ་མ་དེ་གསུང་རབ་ལོ་རྒྱུས་ཡིག་རྙིང་ཁག་གི་ཚལ་གསེབ་ཏུ་བཞུགས་ཡོད་པས། སྐབས་འདིར་དེ་དག་ཐམས་ཅད་རེ་རེ་བཞིན་ལུང་འདྲེན་མི་ཐུབ་ཀྱང༌། དགོས་པའི་དབང་གིས་འབྲུ་དོན་གསལ་རྟོགས་ཡོང་ཆེད་ལུང་འགའ་ཞིག་མཚམས་སྦྱོར་ཞུས་ན་སྙམ། གཞུང་ལུགས་ཁག་ནང་བོན་གྱི་གོ་དོན་གཙོ་བོར་བརྗོད་བྱ་དོན་གྱི་བོན་དང༌། རྗོད་བྱེད་ཚིག་གི་བོན་གཉིས་དམིགས་སུ་བཀར་ནས་བསྟན་ཏེ། དང་པོ་བོན་ནི་རྟོགས་བྱ་དོན་དམ་གནས་ལུགས་ལ་གོ་སྟེ། མདོ་གཟེར་མིག་ལས། བོན་ཞེས་བྱ་བ་དབྱིངས་ཉིད་བདལ་པའི་ཀློང༌། ཞེས་དང༌། མཛོད་ལས། བོན་གྱི་མཚན་ཉིད་སྟོང་པ་བརྡ་འཇལ་བ། །ཞེས་སོགས་གསུངས་སོ། །ལས་ཉོན་གྱི་སྡུག་བསྔལ་ལས་སྐྱོབ་པའི་དོན་ལའང་གོ་སྟེ། མདོ་ལས། བོན་ནི་མི་གཡོ་སྐྱོབ་པའི་སྒྲ། །ཞེས་དང་། རྗེ་རིན་པོ་ཆེའི་ཁམས་སྡུད་ཀྱི་འགྲེལ་པ་ལས། བོན་ཉིད་ཀྱི་དོན་ལས་མི་གཡོ་ཞིང་གདུལ་བྱ་འགྲོ་བ་མ་ལུས་པ་སྐྱོབ་པས་ན་བོན། ཞེས་གསུངས་པ་དང་མཁན་ཆེན་ཉི་མའི་ཕར་ཕྱིན་རྣམ་བཤད་ལས། སྐྱེ་འགག་གཉིས་སུ་མེད་པའི་དོན་སྟོན་ཞིང་གདུལ་བྱ་སྐྱོབ་པར་བྱེད་པས་ན་བོན།ཞེས་སོགས་གསུངས་པའོ། །རྣམ་པ་གཅིག་ཏུ་ན། བོན་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ས་བོན་ལྟ་བུར་བྱེད་པས་ན་བོན་ཅེས་བྱ་སྟེ། མདོ་ཕྲན་ལས། ས་བོན་བཟང་བསྐྱེད་བོན་ལ་ཕྱག་མཚལ་ལོ། །ཞེས་དང༌། ཀུན་མཁྱེན་ཤར་རྫ་པའི་སྡེ་སྣོད་མཛོད་ལས། དེའང་གྱེར་གྱི་སྒྲ་ལས་དྲངས་ན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཇུག་པའི་རྩ་བའི་ས་བོན་ལྟ་བུ་ཡིན་པས་ན་བོན། ཅེས་གསལ་བ་དང༌། རྗོད་བྱེད་ཚིག་དང་ངག་གི་བྱེད་ལས་སྒོ་ནས་རྣ་བས་ཐོས་པའམ་གོ་བ་དང་གསན་པ་ལྟ་བུ་ལ་བོན་ཅེས་བྱ་སྟེ། འདུལ་བ་རྒྱུད་དྲུག་གི་ནང་ཚན་ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད་ལས། འདི་སྐད་བོན་པའི་བསྐལ་དུས་ན། ཞེས་པ་ལྟ་བུ་ལ། འདི་སྐད་ཐོས་པའི་བསྐལ་དུས་ན་ཞེས་པ་ལྟ་བུར་གོ་སླ་ལ། གཞན་ཡང༌། དུང་ཕོར་མ་ལས། སྙན་དུ་བོན་པས་བོན་ཞེས་བྱ། ཞེས་པ་དང་། དར་རྒྱས་གསལ་སྒྲོན་ལས། བོན་ནི་སྙན་དུ་བོན་པས་བོན། ཅེས་དང༌། ཞང་ཞུང་སྙན་བརྒྱུད་རྣམ་ཐར་རྒྱས་པ་ལས། སྟོན་པས་གསུངས་པ་འཁོར་རྣམས་ཀྱི་སྙན་དུ་བོན་པས་བོན་ཅེས་དང༌། མདོ་གཟེར་མིག་ལས། དེ་སུའི་ཐུགས་སུ་གསོལ་ཅིང་སྙན་དུ་བོན་ན། ཞེས་པ་དང༌། ཏུན་ཧོང་ཡིག་རྙིང་ལས། སྤུར་རྒྱལ་སྟག་གུའི་སྙན་དུ་བོན། །ཅེས་སོགས་ཀྱིས་གསལ་པོར་མཚོན་ཐུབ་པ་ཡིན་ནོ། །
སྐད་ཀྱི་རྣམ་འགྱུར་མི་འདྲ་བའི་སྒོ་ནས་ཆོ་གའི་གདངས་དབྱངས་གྱེར་བ་ལ་བོན་ཅེས་འཇུག་པའི་སྐབས་བྱུང་ཡོད་དེ། ཐབས་ཤེས་སྲས་སྤྲུལ་གྱི་མདོ་ལས། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་གྱེར་བ་ལ་སྡུད་པའོ། །ཞེས་དང་། བོན་ཐེག་པ་རིམ་དགུའི་ནང་ཚན་སྣང་གཤེན་ཐེག་པའི་བོན་སྒོར། བདག་གཞན་ནད་སེལ་རྐྱེན་བཟློག་གི་ཆེད་དུ་ལྷ་ལ་གཞེན་འདེབས་འབོད་སྐབས་གྱེར་སྒོ་བཞི་ལས་སྐད་གཅོང་དགུ་དྲངས་ཏེ། སེལ་སྒོ་ལ་སྟག་རྟ་ཁྱི་གསུམ་གྱི་སྐད་འགྱུར་དང༌། སྲིད་སྒོ་ལ་ཁྱུང་དང་ནེ་ཙོའི་སྐད་འགྱུར། གླུད་སྒོ་ལ་སེང་གེ་དང་ཅོ་གའི་སྐད་འགྱུར། གཏོ་སྒོ་ལ་གཡུ་འབྲུག་དང་ཁུ་བྱུག་གི་སྐད་འགྱུར་བཅས་གྱེར་སྒོ་བཞི་ལས་སྐད་ཀྱི་རྣམ་འགྱུར་མི་འདྲ་བ་དགུའི་སྒོ་ནས་གྱེར་བས་ན་སྔ་དུས་སྣང་གཤེན་གྱི་བོན་སྒོ་ལ་དམིགས་བསལ་གྱེར་སྒོ་བཞི་དང་སྐད་གཅོང་དགུས་མཚོན་གྱེར་ཅས་འཇུག་པའི་སྐབས་མང་ལ། བོན་གྱི་སྒྲ་དོན་བཤད་པ་ཡང་འདིའི་སྐབས་སུ་བྱུང་ཡོད་པ་ནི། བཤད་མཛོད་ཡིད་བཞིན་ནོར་བུ་ལས། སྣང་གཤེན་བོན་གྱི་ངེས་ཚིག་ནི། །བདག་གཞན་བོན་པས་བོན་ཞེས་བྱ། །ཞེས་གསལ་པོར་བསྟན་ལ། གཞན་ཡང་གནའ་བོའི་བརྡ་རྙིང་ཁག་ནང༌། ལན་བོན། ཞེས་པ་ལྟ་བུར་ལན་སྤྲད་པའམ་རྒྱབ་པའི་དོན་ལ་གོ་བ་སོགས། གང་ལྟར་བོན། ཞེས་པའི་གོ་དོན་དེ། གནས་ལུགས་བོན་ཉིད་ཀྱི་དོན་དང་། མི་གཡོ་སྐྱོབ་པའི་སྒྲ། ཐར་པའི་ས་བོན་ལྟ་བུ། གོ་བའམ་ཐོས་པའི་དོན། དོན་བསྟན་པ་དང་འབོད་པའི་དོན། ངག་གི་གྱེར་བ་སོགས་སྒྲ་དོན་བསྟན་ཚུལ་ཅི་རིགས་སུ་ཡོད་པས་ན་བོན་བྱེ་བྲག་གི་དབང་དུ་བྱས་ན་གོ་དོན་གཅིག་ལ་ངེས་བ་མེད་དོ། །
གྱེར་ཞེས་པའི་ཐ་སྙད་དེ་ཞང་བོད་གཉིས་ཀ་ལ་ཡོད་ཀྱང་གོ་དོན་མི་མཚུངས་ཏེ་བོད་སྐད་གྱེར་ནི་ངག་གི་བྱེད་ལས་ཤིག་ཏུ་ངེས་ལ། ཞང་ཞུང་སྐད་དུ། གྱེར་ཞེས་པ་དེ་སྤྱིར་ཤེས་བྱ་ཐམས་ཅད་རང་གི་མཚན་འཛིན་པའི་ཆ་ནས་བོན་ལ་གོ་བ་དང༌། ཁྱད་པར་དུ་རྟོགས་བྱ་གནས་ལུགས་ཀྱི་དབང་དུ་བྱས་ན་དོན་དམ་པ་བོན་ཉིད་ལ་གོ་བ་དང༌། རྟོགས་མཁན་གང་ཟག་གི་དབང་དུ་བྱས་ན་དགོངས་དཔྱོད་ཁྱད་པར་ཅན་གྱི་གཤེན་ལ་འཇུག་པས་ན་གྱེར་ཞེས་གྲགས་ཏེ། ཞང་སྐད་དུ། དྲུང་མུ་གྱེར་ནི་གཡུང་དྲུང་བོན་དང༌། གྱེར་ཞི་གུང་ནི་བོན་གྱི་མཛོད། གྱེར་གྱི་མུ་ཡེ་ནི་བོན་གྱི་མཁའ་དབྱིངས། གྱེར་ཅི་ནི་བོན་ཅན། གྱེར་ཙེ་ནི་བོན་ལོག་ཞེས་སོགས་གྱེར་ནི་བོན་ལ་འཇུག་པ་དེ་ཡོངས་སུ་གྲགས་པས་སོམ་ཉི་མི་དགོས་ལ། བོན་ཉིད་ལ་གྱེར་ཞེས་བྱ་སྟེ། ཞང་ཞུང་སྒྲ་སྡེབ་སྣང་གསལ་སྒྲོན་མེ་ལས། ཐ་ཚན་གྱེར་རོ་མུ་ཡེ་ཁིར། བོད་སྐད་དུ་ཐམས་ཅད་བོན་ཉིད་མཁའ་དབྱིངས་གསལ། །ཞེས་དང༌། ཀུ་ཤུ་ཙི་སིང་གྱེར་མུ་ཡེ། །ཞེས་པ། ཀུན་གཞི་མ་གཡོས་བོན་ཉིད་དབྱིངས། །ཞེས་དང༌། ང་དྲུག་གྱེར་ཞི་དུ་ཕུང་ནི། །ཞེས་པ། ལྔ་བ་བོན་ཉིད་སྤྲིན་ཚོགས་ས།ཞེས་སོགས་ཀྱིས་མཚོན་ཐུབ་པ་ཡིན། གཤེན་ཞེས་བྱ་སྟེ། སྲིད་པའི་མཛོད་ཕུགས་ལས།སད་ལ་གྱེར་རོ་སྤུངས་ཀྱིན་ནི། །ཝེར་གྱེར་སྨར་ལ་གུ་དུན་ཧྲུན། །ཞེས་པ། བོད་སྐད་ལ། །སྟོན་པ་ལྷ་ཡི་གཤེན་པོ་སྟེ། གཤེན་རྒྱལ་སྐུ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། བླ་ཆེན་དྲན་པའི་མཛོད་སྒྲ་འབྲེལ་ལས། ཞང་ཆུང་སྐད་དུ། གྱེར་རོ་སྤུངས་ནི་ཏི་ག་ཧྲུན་ཞི། ཞེས་པ་བོད་སྐད་ལ་གཤེན་རབ་སྟོན་པའི་མཆོག་ལ་ཕྱག་འཚལ་ལོ། །ཞེས་གསལ་ལ། གཞན་ཡང༌། གྱེར་སྤུངས་ནི་གཤེན་སྟོན་ནམ་བོན་སྟོན། སད་གྱེར་སྤུངས་སོ་ནི་ལྷ་གཤེན་སྟོན་པ། ཤེལ་གྱེར་ནི་སྒྲུབ་གཤེན་ལྟ་བུ་སོགས་ཀྱིས་མཚོན་གྱེར་ནི་གཤེན་ལ་འཇུག་ཚུལ་ཤིན་ཏུ་གསལ།
དེས་ན་གྱེར། ཞེས་པ་དེ་ཞང་བོད་གཉིས་ཀའི་སྐད་ལ་བྱུང་བས་དེ་གཉིས་ཚིག་གི་སྒྲ་ཙམ་འདྲ་ནའང་གོ་དོན་ཁྱད་པར་ཤིན་ཏུ་ཆེ་སྟེ། ཡེ་ཤེས་རྩེ་རྒྱལ་ལས། སྒྲ་མཐུན་དོན་འཕགས་ཁྱད་པར་ཆེ། །ཞེས་པའི་ལུང་དོན་དེ་གནད་འདི་ལྟ་བུ་ལ་དགོངས་ཤིང༌། དཔེར་མཚོན་གྱི་དབང་དུ་བྱས་ནའང༌། སྤུངས་ཞེས་པའི་ཐ་སྙད་དེ། ཞང་བོད་གཉིས་ཀ་ལ་ཡོད་ཀྱང་དོན་སོ་སོར་ཡོད་དེ། བོད་སྐད་ལ་སྤུངས་ཞེས་པ་ནི་དུ་མ་འདུས་པའི་དོན་ཡིན་ལ། ཞང་སྐད་དུ། སྤུངས་ནི་སྟོན་པ་ལ་གོ་བ་ལྟ་བུ་ཡིན་ནོ། །གོང་གི་གཤེན་གྱི་གོ་དོན་ནི་སྤྱིར་རིག་པའི་སྒོར་ཞུགས་ཤིང་ཡོན་ཏན་མཆོག་དང་ལྡན་པའི་གང་ཟག་གཙུག་ཏུ་བཀུར་འོས་པ་ལ་གཤེན་པོ་དང༌། ཁྱད་པར་དུ་བོན་ཉིད་བདེན་པའི་གནས་ལུགས་མངོན་སུམ་དུ་རྟོགས་པའི་དགོངས་དཔྱོད་ཁྱད་པར་ཅན་ལ་གཤེན་ནམ་གཤེན་རབ་ཅེས་བརྗོད་པ་ཡིན་ཏེ། མདོ་དྲི་མེད་གཟི་བརྗིད་ལས། གཤེན་ནི་བོན་ཉིད་དབྱིངས་སུ་སེམས་ཉིད་བདལ་བས་གཤེན། །རབ་ནི་འགྲོ་བའི་དོན་ལ་སྤྲུལ་ནས་བྱོན་པས་རབ། ཞེས་དང༌། མཁས་བཞིའི་མཛོད་འགྲེལ་ལས། གཤེན་ནི་བོན་ཉིད་མ་གཡོས་པའི་དབྱིངས་ནས། སེམས་ཉིད་མ་བཅོས་པ་གཤེགས་བཞུགས་མི་མངའ་བས་གཤེན་ནོ། །རབ་ནི་ཐུགས་རྗེ་ཆེ་ལ་ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པའི་རབ་ཏུ་གྱུར་པས་རབ་བོ། །ཞེས་གསུངས་པའི་ཕྱིར། གཤེན་རབ་ལ་དབྱེ་ན། ཡེ་སངས་རྒྱས་པའི་གཤེན་རབ་དང༌། ཐུགས་རྗེ་སྤྲུལ་པའི་གཤེན་རབ། གང་ཟག་རྒྱུ་ཡི་གཤེན་རབས་སོགས་འགའ་ཞིག་ཡོད་ཀྱང༌།བསྡུས་ན་རྒྱུའི་གཤེན་རབས་དང་འབྲས་བུའི་གཤེན་རབ་གཉིས་སུ་ངེས་ལ་ལམ་ཞུགས་གཡུང་དྲུང་སེམས་དཔའ་རྣམས་རྒྱུའི་གཤེན་རབས་དང༌། སྟོན་པ་གཤེན་རབ་ལྟ་བུ་འབྲས་བུའི་གཤེན་རབ་བམ་ཐུགས་རྗེ་སྤྲུལ་པའི་གཤེན་རབ་ཡིན་ལ། བོན་གྱི་མཁས་པ་ཁ་ཤས་ཀྱི་བརྡ་སྤྲོད་ཁག་ནང་རྒྱུའི་གཤེན་རབ་དང༌། འབྲས་བུའི་གཤེན་རབ་གཉིས་ལ་ས་མཐའ་ཡོད་མེད་ཁྱད་པར་བཞེད་དེ་རྒྱུའི་གཤེད་རབས་ལ་ས་མཐའ་ཅན་དང༌། གཅིག་ཤོས་ལ་མེད་པར་བཞེད་པའི་ཞིབ་ཆ་དེ་ཤིན་ཏུ་ལེགས་སྙམ་མོ། །

གཉིས་པ། འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་སྐོར།[རྩོམ་སྒྲིག]

དེ་ལ་འདིར་ངག་དོན་དང༌། གོ་དོན། བསྟན་དོན། སྒྲ་དོན་དང་རྣམ་པ་བཞི་ཡི་སྒོ་ནས་འཆད་དོ། །

༡ ངག་དོན་འཕྲུལ་ངག་སོགས་ཀྱི་གོ་དོན་ནི།[རྩོམ་སྒྲིག]

ཁམས་བརྒྱད་ལས། འཕྲུལ་གྱི་ཡི་གེ་སུམ་ཅུས། མན་ངག་གི་དོན་བསྟན་པ། ཁམས་བརྒྱད་གཏན་ལ་ཕབས་པ། ཞེས་པ་ལྟ་བུའི་མཚོན་བོན་གྱི་སྡེ་སྣོད་ཁག་ལས། འཕྲུན་ངག་བདེན་པའི་བོན་ཞེས་བྱུང་བས་རྗོད་བྱེད་འཕྲུལ་ངག་དང༌།བརྗོད་བྱ་བདེན་པ། དེ་གཉིས་འབྲེལ་བའི་བསྟན་དོན་གཡང་དྲུང་གི་བོན་བསྟན་པའོ། །དང་པོ། འཕྲུལ་ངག་ཅེས་པ་དཔེ་དོན་གཉིས་ཀའི་སྒོ་ནས་མཚན་དུ་གསོལ་བ་སྟེ། དེ་ཡང་འདི་ལྟར་འཕྲུལ་གྱི་ལྡེ་མིག་ལ་བརྟེན་ནས་མཛོད་ཀྱི་ཐ་རམ་འབྱེད་པ་ལྟར། འཕྲུལ་གྱི་ཡི་གེ་སུམ་ཅུའམ་བཞི་བཅུ་ལ་བརྟེན་ནས་གདུལ་བྱ་རྣམས་ལ་ཚིག་གིས་བརྡ་སྤྲོད་ཅིང་བློ་གྲོས་ཀྱི་སྒོ་འཕར་ཕྱེ་ནས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ཚུལ་བཞིན་དུ་སྟོན་པའི་ཐབས་སུ་གྱུར་པས་ན་འཕྲུལ་ངག་སྟེ། དེའང་བརྡ་ལས་གོ་བར་བྱ་བའི་དོན་ནི་བརྗོད་བྱ་དང༌། དོན་དེ་གོ་བར་བྱེད་པའི་བརྡ་ནི་རྗོད་བྱེད་མིང་ཚིག་ཡི་གེ་གསུམ་འདུས་པའི་བརྡ་ཐབས་འཕྲུལ་ལ་བརྟེན་ནས་ཤེས་བྱ་འཁོར་འདས་ཀྱི་དོན་ཐམས་ཅད་རྗེས་སུ་མཚོན་པ་སྟེ། ཡི་གེ་ལས་མིང་དང༌། མིང་ལས་ཚིག་དང༌། ཚིག་ལས་དོན་སོ་སོར་མཚོན་ནས་ཤེས་བྱ་ཐམས་ཅད་ལ་ཤེས་བརྗོད་འཇུག་གསུམ་གྱི་སྒོ་ནས་དོན་གྱི་ངེས་པ་སྟེར་བའི་རྒྱུ་མཚན་གྱིས་འཕྲུལ་དང་འདྲ་བའི་ངག་སྟེ་བར་གྱི་དྲུག་སྒྲ་མི་མངོན་པར་བྱས་པའོ། །དེས་ན་འཕྲུལ་ངག་ཞེས་པ་ནི་གཙོ་བོར་རྗོད་བྱེད་ལུང་གི་བོན་གྱི་དབང་དུ་བྱས་ཏེ་སྨོས་པའོ། །

གཉིས་པ། བདེན་པ་ཞེས་པ་བརྗོད་བྱ་དོན་གྱི་སྒོ་ནས་མཚན་དུ་གསོལ་བ་སྟེ།[རྩོམ་སྒྲིག]

སྤྱིར་བློས་རིག་པར་བྱ་བའམ་ཚད་མས་རྟོགས་པར་བྱ་བའི་ཤེས་བྱ་ཐམས་ཅད་ལ་ཡིན་ལུགས་ལྡན་པའི་ཆ་ནས་བདེན་པ་ཞེས་བཞེད་ལ་སྐབས་འདིར་རྣམ་པར་དག་པའམ་བསླུ་བ་མེད་པའི་དོན་ཡིན་ཏེ།གནས་ལུགས་དོན་དམ་གྱི་དབང་དུ་བྱས་ན་བོན་ཉིད་རྣམ་པར་དག་པས་ན་བདེན་པ་དང༌། སྣང་ལུགས་ཀུན་རྫོབ་ཀྱི་དབང་དུ་བྱས་ན་བོན་ཅན་རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་བསླུ་བའི་ཕྱིར་ན་བདེན་པ་ཞེས་སུ་རྣམ་པར་འཇོག་གོ ། དེ་ཡང་སྟོན་པའི་གསུང་རབ་ཀྱི་བརྗོད་བྱ་ཐམས་ཅད་བདེན་པ་གཉིས་སུ་བསྡུ་བའི་ཚེ། བདེན་པ་གཉིས་ལ། མཚན་མར་མ་གྲུབ་པའི་ཡིན་ལུགས་དང་ལྡན་པ་ནི་དོན་དམ་དང༌། མཚན་མར་སྣང་བའི་ཡིན་ལུགས་དངལྡན་པ་ནི་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་ལ། དེ་ལས་དོན་དམ་བདེན་པར་འཇོག་ཚུལ་ཡང༌། རྟོགས་བྱའི་དོན་གྱི་དམ་པ་དེ་ཉིད་རྣམ་པར་དག་པའི་བདེན་དོན་མཐར་ཐུག་ཡིན་པས་ན་བདེན་པ་སྟེ་གཞི་མཐུན་གྱི་ཚིག་སྡུད་ཡིན་ལ། ཀུན་རྫོབ་བདེན་པ་འཇོག་ཚུལ་ཡང་སྤྱིར་ཀུན་རྫོབ་ཡིན་ན་བརྟག་ན་དབེན་པའི་དོན་ཡིན་ཀྱང༌། འཇིག་རྟེན་ཐ་སྙད་ཀྱི་ངོས་ན་བཞག་པའི་ཀུན་རྫོབ་ཡིན་ན་དེའི་ངོར་བདེན་པར་སྣང་བས་བདེན་པ་ཞེས་འཇོག་པས་ཀུན་རྫོབ་ཡིན་པ་དང་བདེན་པ་ཡིན་པ་མི་འགལ་སྐབས་འདིར་བདེན་པ་ཞེས་པ་ནི་གཙོ་བོར་བརྗོད་བྱ་དོན་གྱི་དབང་དུ་བྱས་ཏེ་སྨོས་པའོ། །

གསུམ་པ། གཡུང་དྲུང་བོན་ཞེས་པ་དཔེ་དོན་གཉིས་ཀའི་དབང་དུ་བྱས་ནས་མཚན་དུ་གསོལ་པ་སྟེ།[རྩོམ་སྒྲིག]

མདོ་གཟེར་མིག་ལས།གཡུང་ཞེས་བྱ་བ་དོན་ལས་མི་ཡེངས་པ༌། དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ་། །བོན་ཞེས་བྱ་བ་དབྱིངས་ཉིད་བདལ་པའི་ཀློང༌། །ཞེས་གསུངས་པ་ལྟར། སྤྱིར་མི་གཡོ་མི་འགྱུར་བའི་རང་བཞིན་ལ་གཡུང་དྲུང་ཞེས་པའི་བརྡས་བརྗོད་ལ་སྤྲོས་མཐའ་བརྒྱད་དང་བྲལ་བའི་གཡུང་དྲུང་གི་དབྱིངས་དགུ་ལ་སོགས་རྣམ་བཞག་མང་ཡང༌། མདོར་ན་ཤེས་བྱ་བདེན་པ་གཉིས་ཀྱིས་བསྡུས་པའི་བོན་ཐམས་ཅད་ངོ་བོའི་དབང་དུ་བྱས་ན་སྐྱེ་མེད་ཀྱི་དབྱིངས་ལས་མི་གཡོ་བ་དང༌། རྣམ་པའི་དབང་དུ་བྱས་ན་འགག་མེད་ཀྱི་རྟགས་ལས་མི་འདའ་བ་སྟེ་གཉིས་ཀ་གང་ལྟར་ཡང་དེ་ལས་གཞན་དུ་བཅོས་སུ་མེད་པས་འགྱུར་བ་མེད་པའི་དོན་ཡིན་ལ། དེའང་ངོ་བོ་སྐྱེ་མེད་ཀྱི་དབྱིངས་ནི་གནས་ལུགས་དོན་དམ་བདེན་པ་ཡིན་པས། འཁོར་འདས་ལམ་གསུམ་གང་གི་སྐབས་སུའང་གཡོ་བ་མེད་ལ་དེ་ཉིད་བོན་ཉིད་མཐར་ཐུག་ཡིན་པས་བདེན་པ་གཉིས་ལས་དོན་དམ་དང༌། དེ་མངོན་དུ་གྱུར་ན་ཐོབ་བྱའི་འབྲས་བུའང་ཡིན་པས་བདེན་པ་བཞི་ལས་འགོག་པའི་བདེན་པ་ཡིན་ལ། རྣམ་པ་འགག་མེད་ཀྱི་རྟགས་ནི་སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་རྒྱུ་འབྲས་རྟེན་འབྲེལ་གྱི་སྣང་ཚུལ་ལས་ནམ་ཡང་འདའ་མི་སྲིད་ལ། དེའང་གཡུང་དྲུང་གི་ཟུར་དང་བོ་ངོ་བོ་སྐྱེ་མེད་ཀྱི་སྒྲས་སྤྱིར་ངེས་དོན་གྱི་བོན་སྤྱི་དང༌། ནང་གསེས་མདོ་སྔགས་བླ་མེད་ཀྱི་བོན་སྡེ་རྣམས་དང༌། ཟུར་གཉིས་པ་རྣམ་པ་འགག་མེད་ཀྱི་སྒྲས་སྤྱིར་དྲང་དོན་གྱི་བོན་སྤྱི་དང་ནང་གསེས་ཕྱྭ་སྣང་འཕྲུལ་སྲིད་ཀྱི་བོན་སྡེ་རྣམས་སྟོན་པ་སྟེ་རྒྱུ་འབྲས་ཀྱི་བོན་གང་རུང་ཡིན་ན་གཡུང་དྲུང་གི་བོན་ཡིན་པ་མི་འགལ་བས་ན་རྒྱུའི་བོན་སྡེ་རྣམས་ལ་གཡུང་དྲུང་གི་བོན་ཞེས་པའི་བརྡས་བརྗོད་མི་རུང་སྙམ་པའི་ལོག་རྟོགས་ཁེགས་སོ། །

༢ གཡུང་དྲུང་བོན་གྱི་གོ་དོན་མཚན་ཉིད་དངོས་ནི།[རྩོམ་སྒྲིག]

སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཞེས་སྔོན་བྱོན་གྱི་མཁས་གྲུབ་རྣམས་ཀྱིས་གསུངས་པ་ལྟར་སྐབས་འདིའི་བོན་ཞེས་པ་ནི་སྐྱེ་འགག་གཉིས་སུ་མེད་པའམ་བདེན་གཉིས་དོ་མཉམ་གྱི་སྒོ་ནས་གདུལ་བྱ་རྣམས་རྗེས་སུ་འཛིན་ཅིང་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་ཀུན་ལས་སྐྱོབ་པས་ན་བོན་ཞེས་བྱ་སྟེ། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས། སྐྱེ་འགག་གཉིས་སུ་མེད་པའི་དོན་སྟོན་ཞིང་གདུལ་བྱ་སྐྱོབ་པར་བྱེད་པས་ན་བོན། ཞེས་བཞེད་ལ། མདོ་ལས་ཀྱང༌། བོན་ནི་མི་གཡོ་སྐྱོབ་པའི་སྒྲ། །ཞེས་གསུངས། །སྐྱོབ་ཚུལ་ལ་ཅུང་ཟད་ཕྱེ་ན། བསྐྱབ་བྱ་གནས་སྐབས་དང་མཐར་ཐུག་གཉིས། གནས་སྐབས་ལའང་འདི་དང་ཕྱི་མ་གཉིས། མཐར་ཐུག་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཡོད་ལ། སྐྱོབ་བྱེད་ལ་གནས་སྐབས་ཚེ་འདིར་སྐྱོབ་བྱེད་གཙོ་བོར་རྒྱུའི་བོན་སྐོར་དང༌། ཕྱི་མར་སྐྱོབ་བྱེད་གཙོ་བོར་བསྙེན་གནས་སོགས་དགེ་སྡིག་རྒྱུ་འབྲས་ཀྱི་བོན་སྐོར་དང༌། མཐར་ཐུག་ཐར་ལམ་གྱི་དབང་དུ་ཐེག་དམན་གྱི་སྐོར་དང༌། ཐམས་ཅད་མཁྱེན་པའི་དབང་དུ་ཐེག་ཆེན་མདོ་སྔགས་ཀྱི་སྐོར་ཏེ་དེ་དག་ལ་བརྟེན་ནས་གདུལ་བྱ་རྣམས་སྐྱོབ་བྱེད་དུ་གྱུར་བའོ། །དེའང་བོན་གྱི་སྒྲ་ཞུགས་པ་ཐམས་ཅད་ཀྱིས་དེ་ལྟར་བསྐྱབ་ནུས་པ་མ་ཡིན་ཏེ། འཁོར་བའི་བོན་གྱིས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་མི་ནུས་པ་བཞིན་ནོ། །དེས་ན་གཡུང་དྲུང་བོན་ལ༌། སྤྱིར་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས། བྱེ་བྲག་ཏུ་མདོ་སྔགས་སེམས་གསུམ་གྱི་ཐེག་པ་གསུམ་ཡོད་ཅིང༌། དེ་དག་ཐམས་ཅད་ཀྱང་བླ་མེད་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་བྱུང་བ་ཡིན་པས་བསྟན་པ་སྔ་དར་གྱི་རིང་ལུགས་འདི་གང་ཟག་གི་ལག་ལེན་གྱིས་བསྡུས་པ་ཙམ་མ་ཡིན་པར་ཐོག་མར་བརྒྱུད་པའི་ཁུངས་ནས་རྒྱུ་འབྲས་སམ་མདོ་སྔགས་འགལ་མེད་དུ་བྱུང་བའི་རྒྱུ་མཚན་གྱིས། ཇི་སྐད་དུ། བསྟན་པ་ཡོངས་རྫོགས་སྔ་འགྱུར་རྒྱལ་པའི་བསྟན། །མདོ་སྔགས་ཟུང་འབྲེལ་འཕྲུལ་ངག་བདེན་པའི་སྲོལ། །གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན། །རིང་མོའི་དུས་ནས་གངས་ཅན་དཔལ་དུ་ཤར། །ཞེས་ར་ས་གཡང་དྲུང་རོལ་པའི་གཙུག་ལག་ཁང་གི་རྡོ་རིང་ཡི་གེ་ལས་བྱུང་བར་བཤད་ཅེས་རང་གཞན་གྱི་གཞུང་ལུགས་རྒྱ་མཚོར་སྤྱན་དཀྱུས་ཡངས་པའི་མཁས་གྲུབ་དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བཞེད་དོ། །

༣ གཡུང་དྲུང་བོན་གྱི་བསྟན་དོན་ནི།[རྩོམ་སྒྲིག]

སྤྱིར་སྟོན་པ་སངས་རྒྱས་ཀྱིས། སྡུག་བསྔལ་བྲལ་འདོད་དང༌། བདེ་བ་ཐོབ་འདོད་ཀྱི་སེམས་ཅན་ཚང་མའི་བསོད་ནམས་ཀྱི་བགོ་སྐལ་དུ་ལོངས་སུ་སྤྱོད་རྒྱུར་ཕན་བདེའི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་བསྟན་ལ། ཁྱད་པར་དུ་གདུལ་བྱ་རིགས་ཅན་གསུམ་གྱིས་དབང་བོ་རབ་འབྲིང་ཐ་གསུམ་ལ་ལྟོས་ཏེ་བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོའི་འདུས་དོན་མདོ་སྔགས་སེམས་གསུམ་བྱུང་སྟེ་རྒྱལ་བའི་བསྟན་པ་གདུལ་བྱ་དབང་རྣོན་མང་བའི་དུས་སུ་རྫོགས་ཆེན་གཙོ་བོར་གྱུར་པའི་བསྟན་པ་བྱུང༌། གདུལ་བྱ་དབང་འབྲིང་མང་བའི་དུས་སུ་གསང་སྔགས་ཕྱི་ནང་གི་བསྟན་པ་བྱུང༌། གདུལ་བྱ་དབང་རྟུལ་ཤས་ཆེ་བའི་དུས་སུ་མདོ་ལམ་གཙོ་བོར་གྱུར་པའི་བསྟན་པ་ཤས་ཆེ་བར་བྱུང་བ་སྟེ་གདུལ་བྱ་སོ་སོའི་ཁམས་དབང་དང་འབྲེལ་བའི་འདུལ་བྱེད་ཀྱི་བསྟན་པའང་དེ་དང་མཐུན་པར་བྱུང་བ་ཡིན་ལ། སྤྱིར་བསྟན་པ་གཅིག་ལ་སྐུ་གསུང་ཐུགས་ཀྱི་བསྟན་པ་གསུམ་དུ་བྱུང་བ་དང༌། ནང་དགེ་གསེས་སུ་སྟོན་པའི་ཞལ་ན། ཕྱི་ཐེག་པ་རིམ་པ་དགུ ནང་སྒོ་བཞི་མཛོད་ལྔ། གསང་བ་ཕྱི་ནང་གསང་གསུམ་བཅས་གཙོ་ཆེའི་དབང་དུ་བསྟན་ལ། འཕྲལ་ཡུན་གྱི་དབང་དུ་བྱས་ན་གནས་སྐབས་འཇིག་རྟེན་གྱི་བོན་དང༌། ཕྱི་མ་ཐར་ལམ་གྱི་བོན། མཐར་ཐུག་སྔགས་སེམས་བླ་མེད་ཀྱི་བོན་རྣམས་རྟེན་འབྲེལ་གྱི་མཐར་བརྒྱན་ཏེ་བསྟན་པ་ཤེས་པར་བྱའོ། །

༤ གཡུང་དྲུང་བོན་གྱི་སྒྲ་དོན་ལ་གོང་དུ་གཟེར་མིག་ལས།[རྩོམ་སྒྲིག]

གཡུང་ཞེས་བྱ་བ་དོན་ལ་མི་ཡེངས་པ། དྲུང་ཞེས་བྱ་བ་རྟགས་ལས་མི་འགྱུར་བ། །ཞེས་གཡུང་ནི་མི་གཡོ་མི་འགྱུར་བའི་དོན་བསྟན་ལ། ཀུན་མཁྱེན་མཁས་པ་མི་བཞིའི་མཛོད་འགྲེལ་ལས། དུས་གསུམ་དུ་འགྱུར་ལྡོག་མེད་པས་གཡུང་དྲུང་ངོ་། །འཕེལ་འགྲིབ་ཀྱི་རྣམ་པ་པ་གང་ཡང་མེད་པས་གཡུང་དྲུང༌། འགྱུར་བ་ཡེ་ནས་མེད་པས་གཡུང་དྲུང༌། མི་འགྱུར་མི་འཕོ་བས་གཡུང་དྲུང༌། ཞེས་དང༌། གཞན་ཡང༌། གཡུང་ནི་མ་གཡོས་པ། དྲུང་ནི་མ་བཅོས་པ། གཡུང་ནི་མ་སྐྱེས་པ། དྲུང་ནི་མ་འགག་པ། གཡུང་ནི་མི་འབྱུང་བ། དྲུང་ནི་མ་འགག་པ། གཡུང་ནི་སྟོང་བ། དྲུང་ནི་མི་དམིགས་པ། གཡུང་ནི་དབྱིངས། དྲུང་ནི་སེམས། གཡུང་ནི་ཆགས་པ་མེད་པ། དྲུང་ནི་འབྲལ་དུ་མེད་པ། གཡུང་ནི་ཁྱབ་པ་མ་གཡོས་པ། དྲུང་ནི་གསལ་ལ་མ་འགག་པ། གཡུང་ནི་ངང་ལ་མ་གཡོས་པ། དྲུང་ནི་ཁ་གཏིང་མེད་པ། ཁ་གཏིང་མེད་པས་གཡུང༌། དབུས་མཐའ་མེད་པས་དྲུང༌། ཞེས་སོགས་གཡུང་དྲུང་གི་སྒྲ་དོན་དབྱིངས་དང་ཡེ་ཤེས། ཐབས་དང་ཤེས་རབ། ཀུན་རྫོབ་དང་དོན་དམ། མཁའ་དང་ཀློང༌། སེམས་དང་དབྱིངས། ཡོད་མེད་གཉིས། སྣང་བ་དང་སྟོང་པ། རྟག་པ་དང་ཆད་པ། སྐྱེ་བ་དང་འགག་པ་སོགས་སྒྲ་དོན་འཇུག་ཚུལ་ཅི་རིགས་སུ་ཡོད་པར་མངོན་ལ། མདོར་ན་མཁན་ཆེན་ཉི་མས་སྐྱེ་མེད་ཀྱི་དོན་ལས་མི་གཡོ་བས་གཡུང༌། འགག་མེད་ཀྱི་རྟགས་ལས་མི་འགྱུར་བས་དྲུང༌། ཞེས་བཞེད་ལ། ཀུན་མཁྱེན་ཤར་རྫ་པས། དོན་དམ་པར་བོན་ཉིད་སྐྱེ་བ་མེད་པའི་དབྱིངས་དེ་ལས་མི་གཡོ་བས་གཡུང༌། ཀུན་རྫོབ་ཏུ་བོན་ཅན་འགག་པ་མེད་པ་སྒྲ་ཚིག་ཡི་གེའི་རྣམ་པ་ཤར་བས་དྲུང༌། ཞེས་པ་སོགས་གཙོ་བོར་སྐྱེ་འགག་གཉིས་མེད་ཀྱི་དོན་དུ་གསུངས་སོ། ། བོན་གྱི་གོ་དོན་ནི་གོང་དུ་བཤད་ཟིན་ཏོ། །སྤྱིར་གཡུང་དྲུང་ཙམ་ནི་བན་བོན་གཉིས་ཀ་ལ་ཡོད་ཀྱང་བོན་གྱི་ཐུན་མོང་མ་ཡིན་པའི་བརྡ་རྟགས། གཡུང་དྲུང་ཆག་ཤིང་བྱེད་པས་དེའི་དཔེ་རིས་ཀྱི་དབྱིབས་འདི་ལྟར་དགོས་པའི་རྒྱུ་མཚན་ནི། སྟོན་པའི་ཆག་ཤིང་གཏེར་ལས་བྱུང་བ་རྒྱུ་བེེཌཱུརྱ་སྔོན་པོ་ལས་གྲུབ་པ་དེའི་དཔེ་དབྱིབས་འདི་བཞིན་ཡོད་པའི་གནད་ཀྱིས་དེ་ལྟར་བཤད་ལ། ཆག་ཤིང་གི་སྒྲ་བཤད་ནི། མདོ་ལས། ལོག་ལྟའི་གཉའ་བ་གཅོག་པས་ཆག །ཐར་ལམ་དྲང་པོར་བཀྲི་བས་ཤིང༌། ཞེས་གསུངས། ཆག་ཤིང་གི་སྣ་གཉིས་ལ་གཡུང་དྲུང་རེ་དང༌། བར་གྱི་ལྕུམ་བཞོགས་དང་ལྡན་པ་དགོས་ཤིང༌། དེ་ལ་སྤྱིར་འདུལ་བ་མདོ་ཡི་སྡེ་དང་། ཟབ་དཀར་སྔགས་ཀྱི་སྡེ། ཡེ་གྲོལ་བླ་མེད་སེམས་ཀྱི་བོན་དང་གསུམ་གཡུང་དྲུང་བོན་ལ་ལྡན་པ་མཚོན། སྒོས་སུ་གང་ཟག་གང་གིས་ཆག་ཤིང་འདི་འཆང་བ་དེ་ལ་བྱང་ཆུབ་བསྒྲུབ་པའི་ཆ་རྐྱེན་དུ་མདོ་སྔགས་སེམས་གསུམ་ཉམས་ལེན་ཚང་ལ་མི་འགལ་བ་དང་མ་འདྲེས་པར་མཚོན་ནོ། །མཚོན་ཚུལ་ཡང་ཡོད་དེ།གཡུང་དྲུང་གཉིས་ཀྱིས་མདོ་སྔགས་གཉིས་མཚོན་ལ། ལྕུམ་བཞོགས་ཀྱིས་གནས་ལུགས་བྱང་ཆུབ་སེམས་སུ་ལ་བཟླ་བ་མཚོན་པས་སོ། ། དེས་ན་སྟོན་པ་ཐུགས་རྗེ་ཅན་གྱིས་གདུལ་བྱ་སོ་སོའི་མོས་པ་དང་མཐུན་པར་གཡུང་དྲུང་བོན་གྱི་སྒོ་མོ་ཐེག་པའི་སྒོ་ནས་མཐའ་ཡས་ཀྱང་ཉམས་སུ་ལེན་བྱའི་དབང་དུ་བྱས་ཏེ་མདོར་བསྡུ་ན། སྤང་ལམ་མདོ་དང༌། བསྒྱུར་ལམ་སྔགས། གྲོལ་ལམ་རྫོགས་པ་ཆེན་པོ་དང་གསུམ་དུ་འདུ་བ་ཡིན་ཏེ། མདོ་ལས། སེམས་ཅན་བློ་ཡི་བྱེ་བྲག་ལས། །བོན་ཀྱང་བྱེ་བྲག་སོ་སོ་སྟེ། །དབང་པོ་རབ་འབྲིང་ཐ་གསུམ་ལ། །སྤང་བསྒྱུར་གྲོལ་བ་གསུམ་དུ་བསྟན། །ཞེས་སོ། །དེ་ལ་འཇུག་ཚུལ་གྱི་དབང་དུ་བྱས་ནས། །ལུང་གི་བོན་ཐོས་བསམ་དང༌། རྟོགས་པའི་བོན་སྒོམ་སྒྲུབ་ཀྱིས་ཉམས་སུ་ལེན་པ་དང་གཉིས་སུ་ངེས་ཏེ། མདོ་ལས། ཤེས་རབ་རྒྱུད་གྲོལ་ཐར་པའི་དོན་རྟོགས་ནས། །འབྲས་བུ་སྐུ་གསུམ་སངས་རྒྱས་ཐོབ་འདོད་ནས། །གཡུང་དྲུང་བོན་གྱི་སྒོ་མོ་གང་ལ་ཡང༌། ཐོས་བསམ་སྒོམ་གསུམ་རྒྱུད་ལ་འབྱོངས་པ་གཅེས། །ཞེས་གསུངས་པ་ལྟར་འཇུག་བྱ་མདོ་སྔགས་རྫོགས་ཆེན་གསུམ་ལ། འཇུག་ཚུལ་འཆད་ཉན་དང་སྒོམ་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་ལག་ལེན་དུ་འདེབས་པ་ནི་ཞང་བོད་གཉིས་སུ་རྒྱལ་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་གཞུང་ལམ་འདི་ཉིད་བསྔགས་འོས་ཀྱི་དཔལ་དུ་ཆེའོ། ། ཐ་ཚན་མུ་ཙུག་སྨར་རོ།།