གཅན་ཚ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
གཅན་ཚ་རྫོང་ཐོག

ཟུར་མཆན།

[རྩོམ་སྒྲིག] ངོ་སྤྲོད་མདོར་བསྡུས།

གཅན་ཚ་རྫོང་ནི་བོད་ཀྱི་མདོ་སྨད་ས་ཁུལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ཞིང་། བྱང་ཤར་དུ་རྨ་ཆུས་བར་ཆོད་ནས་དཔའ་ལུང་རྗོང་གི་ཁ་གཏད་དུ་ཡོད་པ་དང་ཤར་ལྷོར་བིས་མདོ་དང་འདབས་འབྲེལ་ཡོད་ལ། ནུབ་མཐར་ཁྲི་ཁ་རྫོང་དང་འབྲེལ་བ་དང་ལྷོ་ཕྱོགས་སུ་རེབ་གོང་རྫོང་དང་འབྲེལ་ཡོད། ཟི་ལིང་གྲོང་ཁྱེར་ལ་སྤྱི་ལེ་༡༢༧དང་རེབ་ཀོང་རྫོང་གི་རོང་བོ་གྲོང་རྡལ་ལ་སྤྱི་ལེ་༧༠ཡོད། གཅན་ཚ་རྫོང་མི་དམངས་སྲིད་གཞུང་ནི་མར་ཁུ་ཐང་གྲོང་རྡལ་དུ་ཡོད་པ་དང་རྫོང་ཡོངས་སུ་ཞང་ཁག་དྲུག་དང་གྲོང་རྡལ་གསུམ། སྲིད་འཛིན་སྡེ་ཁག་དོན་དགུ་རུ་དབྱེ་ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༡༧༡༤ཡོད། མི་འབོར་ཁྲི་ལྔ་ཡོད་པའི་བོད་རིགས་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན།

[རྩོམ་སྒྲིག] ས་གནས་ཀྱི་མིང་།

གཅན་ཚ་ལ་རྒྱལ་སྤྱིའི་སྒྲ་དོད་དུ་chentsa་ཞེས་བྲིས་ཡོད་ནའང་སྒྲ་ཇི་བཞིན་དུ་ཐོན་པ་ནི་Jhentsaཡིན་པར་སྙམ།

[རྩོམ་སྒྲིག] སྦྲག་སྲིད་ཨང་གྲངས།

81120

[རྩོམ་སྒྲིག] ཁ་པར་གྱི་ཚབ་གྲངས།

  • (+༨༦)༠༩༧༣ འདི་ནི་གཅན་ཚ་རྫོང་གི་ས་གནས་ཀྱི་ཚབ་གྲངས་ཡིན་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་གཞན་དང་གཅིག་མཚུངས་ཡིན།

[རྩོམ་སྒྲིག] རླངས་འཁོར་གྱི་འཁོར་བྱང་།

  • 青Dའདི་ནི་མིག་སྔར་གཅན་ཚ་རྫོང་དུ་བཀོལ་བཞིན་པའི་རླངས་འཁོར་གྱི་འཁོར་བྱང་གི་ཚབ་རྟགས་ཡིན།

[རྩོམ་སྒྲིག] ལོ་རྒྱུས་ཀྱི་བྱུང་བ།

གཅན་ཚ་ནི་བོད་མི་བུ་རུས་དྲུག་ལས་སྨུག་པོ་ལྡོང་གི་རིགས་ལ་མདོ་སྨད་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་སོགས་སུ་དབྱེ་བའི་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། སའི་ཆགས་དབྱིབས་ཀྱི་དབང་དུ་བྱས་ན་སྟོད་ཀྱི་སུམ་པ་འགག་ནས་སྨད་ཀྱི་ཤ་བོ་འགག་བར་གྱི་ཚ་ཡུལ་འདིའི་རྨ་ཆུའི་ཉིན་སྲིབ་གཉིས་ལ་བྱ། ལོ་རྒྱུས་ཐོག་ཏུ་གཅན་ཚ་ཉིན་སྲིབ་གཉིས་སུ་གྲགས་ལ། ཤར་ན་རྡོ་སྦིས་གསེར་མོ་ལྗོངས་དང་། ལྷོ་ན་རེབ་ཀོང་གསེར་མོ་ལྗོངས་དང་། ནུབ་ན་ཁྲི་ཀ་གསེར་མོ་ལྗོངས། བྱང་ན་ཙོང་ཁའི་གསེར་མོ་ལྗོངས། དབུས་ན་གཅན་ཚ་གསེར་མོ་ལྗོངས་ཡོད་ཅིང་། དེང་གི་ཆར་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་ཕྱོགས་སུ་ཡོད་ལ། ད་ལྟའི་གཅན་ཚ་སྲིབ་ལྟ་ཁོ་ནའི་སའི་རྒྱ་ཁྱོན་ལའང་མི་ལི་མེ་ཏྲེར་གྲུ་བཞི་མ་༡༧༡༤ཡོད་པ་དང་། སྤྱིའི་མི་གྲངས་ཁྲི་༥་དང་དེའི་ནང་བོད་རིགས་ཀྱིས་བརྒྱ་ཆའི་༦༧་ཟིན་པའི་མི་རིགས་མང་བོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན། འདིར་སྣང་རའི་གྲོང་བརྒྱད་དང་ཧོར་མོ་ཁག་གསུམ། ཤོག་ཁ་གསུམ། རྐ་ཕུག་ཚོ་གསུམ་སོགས་སྡེ་ཤོག་ཆེན་པོ་མང་བོ་ཡོད། གཅན་ཚ་ཉིན་ལྟ་ན་གནའ་སྔ་མོའི་དུས་ནས་བཟུང་གཅན་རོང་ཚོ་ཆེན་བཅོ་བརྒྱད་དུ་གྲགས་པའི་ཡུལ་གྲོང་གཏོས་ཆེ་བ་འདིར་ཡང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གནང་མཁན་གྱི་སྐྱེས་ཆེན་དམ་པ་མང་བོ་བྱུང་དང་འབྱུང་བཞིན་ཡོད། གནས་འདིའི་ཆེས་དམའ་བའི་རྨ་ཆུའི་འབབ་རྒྱུད་ཀྱི་ས་ཆར་རྒྱ་མཚོའི་ངོས་ལས་མེ་ཏྲེར་༡༩༦༠་དང་ཆེས་མཐོ་བའི་སྲིན་པོ་རྫ་རྒན་གྱི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་མེ་ཏྲེར་༤༦༡༤་ཡིན། ལོ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད་ནི་༧.༨'c་དང་། ལོ་ཧྲིལ་བོའི་ཆར་ཆུའི་འབབ་ཚད་ནི་མི་ལི་མེ་ཏྲེར་༣༥༠་ནས་༤༠༠་བར་ཡིན། རྫོང་ཁོངས་སུ་རྨ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ནི་ཀི་ལོ་མེ་ཏྲེར་༩༦་དང་། དེ་ནི་དབྱར་དགུན་སྟོན་དཔྱིད་མེད་པར་དྭངས་ཤིང་གཙང་ལ་གཡུ་མདོག་དང་ལྡན་པས་རྨ་ཆུ་སྔོན་པོ་ཞེས་སུ་གྲགས། རྒྱལ་ཁབ་ཀྱི་བཟོ་སྐྲུན་གཙོ་བོའི་གྲས་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་ཆུ་བེད་ལྟེ་བའི་བཟོ་སྐྲུན་ཨང་གཉིས་པར་གྱུར་བའི་སྔོ་རྒྱའི་འགག་ཆུ་གློག་ས་ཚིགས་ཀྱི་ཤོང་ཚད་ལ་མེ་ཏྲེར་ལྷམ་པ་དུང་ཕྱུར་༡༦.༥་དང་། ཆུ་རགས་ཀྱི་མཐོ་ཚད་ལ་མེ་ཏྲེར་༡༦༥་དང་། ཆུ་མཛོད་ཧྲིལ་བོའི་ཆུ་ངོས་རྒྱ་ཁྱོན་ལ་ཀི་ལོ་མེ་ཏྲེར་གྲུ་བཞི་མ་༣༢་ཡོད་པས། དྭངས་ཤིང་གཙང་ལ་གཡུ་མདོག་ལྡན་པའི་མཚོ་མོ་ཞིག་ཏུ་གྱུར་ཡོད། ཆུ་གློག་ས་ཚིགས་འདིས་ལོ་རེར་གློག་ཤུགས་སྟོང་ལྦད་དུང་ཕྱུར་༥༩་འདོན་སྤེལ་ཐུབ་པ་ཡིན། གཞན་རྨ་ཆུའི་འབབ་རྒྱུད་དུ་བྲག་ཁང་སྣ་ཁ་གློག་འདོན་ས་ཚིགས་དང་གདོང་སྣའི་གློག་འདོན་ས་ཚིགས་འབྲིང་བ་གཉིས་རིམ་པར་ཡོད་པ་དང་། དགུ་ཆུའི་འབབ་རྒྱུད་དུ་ཚེ་ཐང་གློག་འདོན་ས་ཚིགས་དང་དགུ་རོང་མཐིལ་གློག་འདོན་ས་ཚིགས་ཆུང་བ་གཉིས་བཆས་ཡོད་པས་ཆུའི་ཐོན་ཁུངས་ལེགས་པར་འདོན་སྤེལ་བྱས་ཡོད། གནས་འདིའི་ལྗོངས་རྒྱུའི་གནད་ས་ནི་བྱུར་མདོག་གི་བྲག་ར་དང་། གདོད་མའི་ནགས་ཚལ། གནའ་ཤུལ་གྲགས་ཅན། ཆོས་ལུགས་རིག་གནས། སྲོལ་རྒྱུན་མདའ་རྩེད། ཆུ་ཐོག་རྩེད་ར་བཅས་ཡིན། རྒྱལ་ཁབ་རིམ་པའི་ལྗོངས་རྒྱུའི་ཡུལ་ཁམས་གཙོ་བོའི་གྲས་སུ་གཏོགས་པའི་ཁམས་རའི་ནགས་ཚལ་སྤྱི་གླིང་དང་ས་གཤིས་སྤྱི་གླིང་གི་རྒྱ་ཁྱོན་ལ་ཀི་ལོ་མེ་ཏྲེར་གྲུ་བཞི་མ་༡༥༢.༤༧་ཡོད་པ་དང་། སྡོང་བོ་དང་རྩི་ཤིང་གི་རིགས་༨༠༠་ལྷག་ཡོད། ནགས་ཚལ་དུ་གནའ་བོའི་གསོམ་པ་དང་ཚ་གྲང་ནད་ཀྱི་གཉེན་པོར་གྱུར་བའི་སྨན་རིགས་མང་བོ་ཡུལ་འདིའི་འགྲོ་བ་ཡོངས་ཀྱི་སྤྱི་མཐུན་ལས་ཀྱི་སྐལ་བར་ཤར་ཡོད་པས་མི་ཚད། དྭངས་གཙང་ཡིད་དུ་འོང་བའི་ཆུ་མིག རང་བྱུང་ལྷུན་གྱིས་གྲུབ་པའི་བྲག་ཕུག ལྷུང་ལྷུང་སྒྲ་སྙན་སྒྲོག་པའི་ཆུ་ཕྲན་སོགས་ཀྱིས་མཛེས་སྡུག་ཡིད་གར་འོང་བའི་རང་བྱུང་གི་མཛེས་ལྗོངས་ཤིག་ངང་གིས་གྲུབ་ཡོད། གཞན་སྟོད་ན་དཀར་བོ་ལྷ་ཡི་རྫོང་དྲུག་དང་བར་ན་དམར་བོ་བཙན་གྱི་རྫོང་དྲུག སྨད་ན་སྔོན་མོ་ཀླུ་ཡི་རྫོང་དྲུག་ཏུ་འབོད་པའི་ཁམས་རའི་རྫོང་ཆེན་བཅོ་བརྒྱད་ཀྱང་མ་བཞེངས་པའི་ལྷ་སྐུ་རང་བྱོན་དང་མ་བསྒྲུབས་པའི་གཏོར་མ་རང་གྲུབ་ཀྱི་ཚུལ་དུ་ཡོད་ལ། རྫོང་ཆེན་བཅོ་བརྒྱད་ཀྱི་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་མེ་ཏྲེར་༢༠༠༠་ནས་༣༠༠༠་བར་ཡིན་ལ། ཆེས་མཐོ་སར་རྒྱ་མཚོའི་ངོས་ལས་མེ་ཏྲེར་༤༡༡༨་དང་། ཆེས་དམའ་སར་རྒྱ་མཚོའི་ངོས་ལས་མེ་ཏྲེར་༢༠༨༢་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་༢.༩'c་དང་། རྫོང་ཆེན་བཅོ་བརྒྱད་ཀྱིས་གཙོ་པའི་གནས་རི་ཕལ་ཆེར་བ་བྱེ་རྡོ་དམར་མདངས་ལས་གྲུབ་པས་ས་སྒང་གི་གསོན་སྙིང་དམར་བོ་ཞིག་དང་མཚུངས། གནས་འདི་ནི་ཡོངས་སུ་གྲགས་པའི་ལོ་རྒྱུས་ན་བོད་ཀྱི་མཁས་པ་མི་གསུམ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་འདུལ་བའི་བསྟན་པའི་མེ་རོ་གསོ་སའི་གནས་མཆོག་ཡིན་པར་བཤད་ཡོད་ལ། བོད་ཀྱི་ལོ་རྒྱུས་སྟེང་མཚན་སྙན་འབར་བའི་སྐྱེས་ཆེན་དམ་པ་མང་བོས་གནས་འདིར་སྒོམ་སྒྲུབ་མཛད་མྱོང་བས་མི་ཚད། གསར་རྙིང་བཙུན་མའི་དགོན་པ་གསུམ་གནས་གཅིག་ཏུ་ཡོད་པ་འདི་འདྲ་འཛམ་གླིང་ན་མཐོང་དཀོན་པའི་ཚོད་དུ་སྣང་། གཅན་ཚའི་ཡུལ་འདིར་སྔོ་རྒྱའི་འགག་དང་། ཤ་བོ་འགག བྲག་གི་སྣ་ཁ། གདོང་སྣ་བཅས་ཀྱི་ཆུ་མཛོད་ཡོད་པར་བརྟེན་རྨ་ཆུའི་འབབ་རྒྱུད་དུ་གཡུ་མདོག་ལྡན་པའི་མཚོ་མོ་ཆེ་ཆུང་མང་བོ་ལྟེམ་མེར་འཁྱིལ་འདུག སྤྱི་ལོ་༢༠༠༦་ལོར་རྒྱལ་ཁབ་རིམ་པའི་འགྲན་བྱེད་གྲུ་ཆུང་དང་ཀོ་གྲུ་སྦྱོང་བརྡར་རྟེན་གཞི་བཙུགས་ཡོད། གནས་འདིའི་མདའ་རྩེད་ལ་ཆོས་ལུགས་དང་། གོམས་སྲོལ། རིག་གནས། དམངས་སྲོལ། ལུས་རྩལ་བཅས་ཀྱི་ཆ་མང་པོ་འདུས་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ། མདའ་རྩེད་བྱེད་པའི་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་ཞིང་མང་ཚོགས་རང་བཞིན་ལྡན་སྟབས། སྤྱི་ལོ་༢༠༠༦་ལོར་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྲོལ་རྒྱུན་མདའ་རྩེད་བྱ་འགུལ་གྱི་ཕ་ས་ཞེས་པའི་མཚན་སྙན་གྱི་ཆོ་ལོ་རིམ་པར་ཐོབ། འདས་ཟིན་པའི་ལོ་རབས་ནང་། ས་སྐྱ་པན་ཆེན་ཀུན་དགའ་རྒྱལ་མཚན་དང་། རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ། པན་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ། པན་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན། ལ་མོ་ཞབས་དྲུང་དཀར་བོ་སྐུ་ཕྲེང་རིམ་བྱོན་དང་ལ་མོ་གསེར་ཁྲི་སྐུ་ཕྲེང་རིམ་བྱོན། ཤར་སྐལ་ལྡན་རྒྱ་མཚོ། གཏེར་་སྟོན་བསོད་རྒྱལ་རིན་པོ་ཆེ། ཞབས་དཀར་ཚོགས་དྲུག་རང་གྲོལ། རྗེ་གསེར་ཁང་བ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། དུང་དཀར་བློ་བཟང་འཕྲིན་ལས་སོགས་སྐྱེས་ཆེན་དམ་པ་མང་པོ་གནས་འདིར་བྱོན་ཏེ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་བར་མ་ཟད། མདོ་སྨད་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་། དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན། ཁྲི་ཐོག་ང་བརྒྱད་པ་ཁྲི་ཆེན་ངག་དབང་ཆོས་གྲགས། ཁྲི་ཐོག་རེ་དྲུག་པ་ཁྲི་ཆེན་ངག་དབང་སྙན་གྲགས་སོགས་འཁྲུངས་མྱོང་ལ། གཞན་ཀུན་མཁྱེན་གཉིས་པ་འཇིགས་མེད་དབང་བོ་དང་། སྟོང་སྐོར་མདོ་སྡེ་རྒྱ་མཚོ། ཀོའུ་བ་ཆོས་ཀྱི་རྒྱ་མཚོ། གསང་སྒྲོག་སྙན་གྲགས་རྒྱ་མཚོ། ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས། མོག་གྱའི་མཁན་ཆེན་དགེ་འདུན་རྒྱ་མཚོ། རྐ་ཕུག་པན་དི་ཏ་བློ་བཟང་དོན་གྲུབ། དགུ་རོང་སྣ་ཚོགས་རང་གྲོལ། དགུ་རོང་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། བྱ་བྲལ་ཆོས་དབྱིངས་རང་གྲོལ། གླག་ཚང་རྣལ་འབྱོར་བ། གཡོན་རུ་བློ་བཟང་སྙན་གྲགས་རྒྱ་མཚོ། ཁྲུས་ཀའི་བློ་བཟང་འཕྲིན་ལས་རྣམ་རྒྱལ། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་སོགས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་བླ་མེད་བཞག་མྱོང་བའི་མཁས་གྲུབ་མང་བོ་བྱུང་མྱོང་བས་མི་ཚད། ད་ལྟའི་ཆར་ཡང་རིག་གནས་ཀྱི་ཁྱབ་ཁོངས་སོ་སོ་ནས་གསར་རྙིང་རིག་གནས་ལ་དགག་སྒྲུབ་ཀྱི་ལམ་ནས་འཇུག་པའི་སྤོབས་པ་མངའ་བའི་རྩོམ་རིག་གསར་བའི་ཤིང་རྟའི་སྲོལ་འབྱེད་མཁན་དཔལ་དོན་གྲུབ་རྒྱལ་དང་ལྷ་རིས་སྒྱུ་རྩལ་མཁན་པོ་ཨ་མདོ་བྱམས་པ་སོགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཇི་བཞིན་བྱུང་དང་འབྱུང་བཞིན་པའི་སྐབས་སོ། ། གཅན་ཚ་ཉིན་སྲིབ་གཉིས་ཀྱི་ཡུལ་ཁམས་འདིར་བསྟན་པའི་མེ་རོ་གསོ་སའི་གནས་མཆོག་ཨ་ཆུང་གནམ་རྫོང་དང་། ལོ་རྡོ་རྗེ་བྲག སྣང་རའི་གསེར་ཁང་། གཞན་ཡང་དགེ་ལྡན་བསྟན་པའི་ཆུ་མགོ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་། མདོ་སྨད་ཡུལ་གྱི་དཔལ་ན་ལེན་དྲ་གཉིས་པ་ལྡེའུ་ཚ་བཀྲ་ཤིས་ཆོས་སྡིངས། རྨ་མགུར་རྣམ་རྒྱལ་གླིང་། ལ་མོ་བདེ་ཆེན་ཆོས་འཁོར་གླིང་། ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་། དབེན་གནས་ལྷ་རི་བསམ་གཏན་གླིང་། རྫོང་ནང་བསྟན་རྒྱས་གླིང་། གསང་སྒྲོག་བདེ་ཆེན་བཤད་སྒྲུབ་འཕེལ་རྒྱས་གླིང་། ངང་རོང་བཀྲ་ཤིས་ཆོས་འཕེལ་གླིང་། གྱེར་སྟེང་བྱམས་ཆེན་ཆོས་གླིང་། ཁྲུས་ཀ་འཇམ་དབྱངས་ཆོས་རྫོང་། གཅན་ཚའི་སྒར་ཁ། རྔ་སྒར་བྱང་ཆུབ་གླིང་། དགུ་རོང་མ་ནི་ཐང། ལྷ་སའི་ལྷ་ཁང་སྣ། གཅན་ཚའི་སྔགས་ཁང་རིག་འཛིན་སྨིན་གྲོལ་གླིང་། ཚོ་བཞི་སྔགས་ཁང་བདེ་ཆེན་ཞིང་སྒྲུབ་གླིང་། ཚོ་དྲུག་སྔགས་ཁང་བཀྲ་ཤིས་ཆོས་ལྡན་གླིང་། སྔོ་རྒྱའི་སྔགས་ཁང་བཀྲ་ཤིས་དགའ་ལྡན་གླིང་། ཆོས་ཚང་མའི་སྔགས་ཁང་བདེ་ལྡན་དར་རྒྱས་གླིང་། སྐྱ་རྒྱའི་སྔགས་ཁང་རིན་ཆེན་ཆོས་འཁོར་གླིང་། དགུ་རོང་བླ་བྲང་ལྔ་རིག་འོད་གསལ་གླིང་། དགུ་རོང་དགོན་པ། དཔལ་རྒྱལ་གོང་བའི་སྔགས་ཁང་ངེས་གསང་ཐེག་ཆེན་གླིང་། དོ་རྒྱའི་པད་དཀར་ཆོས་གླིང་སོགས་གསར་རྙིང་གྲུབ་མཐའ་གཉིས་ཀྱི་སྒྲུབ་སྡེ་ཁྱད་པར་ཅན་མང་བོ་ཡོད། དམངས་ཁྲོད་རིག་གནས་ཀྱི་ཐད་ནས་སྣང་རའི་གོར་མོ་ཆེ་དང་། སྣང་རའི་སྨོན་ལམ། གྲོང་བརྒྱད་མ་ནི་ཆེན་མོ། དྲུག་པའི་སྨོན་ལམ། དོ་རྒྱའི་མཆོད་འདུ། རྐ་ཕུག་གླུ་རོལ། ལ་མོ་བདེ་ཆེན་གྱི་འཆམ། འགྱན་ཚང་གི་རྣམ་ཐར་ཟློས་གར། གཅན་ཚའི་མ་ནི། སྔགས་དགོན་དག་གི་འཆམ་སོགས་དམངས་སྲོལ་དང་ཆོས་ལུགས་རིག་གནས་ཀྱི་བྲོ་བ་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་ཆོས་ཐོག་དང་དུས་ཆེན་གྱི་རྣམ་གྲངས་མང་བོ་ཡོད་དོ། ། (རྨ་མགུར་སངས་རྒྱམ་གྱིས་ནང་འཇུག་བྱས།)

[རྩོམ་སྒྲིག] ས་ཁམས་ཁོར་ཡུག

གཅན་ཚ། མིང་འདི་བྱུང་ཚུལ་ནི་གནའ་སྔ་མོ་ཡུལ་ལུང་འདིར་གཅན་གཟན་གྱི་གནོད་པ་ཤིན་ཏུ་ཚ་བས་གཅན་ཚ་ཞེས་འབོད་སྲོལ་གཅིག་དང་། ཡང་ཡུལ་འདིའི་རིགས་རྒྱུད་ལི་ཙྪ་བྱི་རིགས་ལས་མཆེད་པས་གཅན་ཚ་ཞེས་འབོད་ཟེར་མཁན་རིགས་གཉིས་འདུག དེ་ཡང་ཕྱི་མ་འདི་ལ་བསམ་བློ་གཏོང་ས་གཅིག་ཡོད་པ་ནི་ཡུལ་ལུང་འདིར་ཙྪ་སྒྲ་ཅན་གྱི་སྡེ་བ་ཚོ་བ་ཤིན་ཏུ་མང་སྟེ། གཅན་ཚ་ཉིན། གཅན་ཚ་སྲིབ། སྡེ་ཚ། ཤ་སྦྲང་ཚ། སྤྱང་ཚ། གཅན་ཚ་མ་ནི། སོགས་ཀྱི་ཚ་འདི་རྣམས་ཙྪ་སྒྲ་ཉམས་པ་ལས་ཟུར་ཆགས་པ་ཡིན་ནམ་སྙམ། དེ་ལྟར་ན་བོད་ཀྱི་རིགས་འགའ་ཞིག་རྒྱ་གར་ནས་མཆེད་པར་གསུངས་པའི་ཆ་ཤས་ཤིག་ཡིན་ནམ་སྙམ། དེ་བཞིན་དུ་ཡུལ་ལུང་འདིར་ཀྱྰ་མིང་ཅན་གྱི་སྡེ་བ་ཚོ་བ་ཡང་ཤིན་ཏུ་མང་སྟེ། གཅན་ཚ་སྲིབ་ན། དོ་ཀྱྰ། སྐྱ་ཀྱྰ། སྔོ་ཀྱྰ། ངོར་ཀྱྰ། ཤ་ཀྱྰ། སོགས་ལྟ་བུ་ཤཀྱྰ་རིགས་ལས་མཆེད་པ་ཡིན་ནམ། དེ་མིན་ས་ཁམས་ཁོར་ཡུག་ནི། སྟོད་ན་རྨ་ཆུའི་སུམ་པ་འགག་མན་ཆད། སུམ་པ་སྡེ་བ་འདི་ནི་སྡེ་ཚ་དང་ཉེ་བའི་སྡེ་བ་ཞིག སྨད་ན་ཤ་བོ་འགག་ཡན་ཆད། བྱང་གི་རི་རྒྱུད། ཨ་མ་ཟོར་དགུ མགོན་པོ་བྲག་ནག ཙོང་ཁའི་སྐྱེ་རི། ཨ་མ་ཀླུ་སྨན། སོགས་རི་རྒྱུད་ཕྲེང་བར་བསྒྲིགས་ཡོད་ལ། ལྷོ་ན་སྲིན་པོ་རྫ་རི། ལོ་བའི་བྲག་དཀར། སེ་ཆེན་གཟིགས་ཆེན་སོགས་རི་རྒྱུད་ཕྲེང་བར་བསྒྲིགས་ཡོད་པའི་དབུས་ན་རྨ་ཆུའི་གཡས་འགྲམ་དང་གཡོན་འགྲམ་ལ་ཆགས་པའི་ཡུལ་ལུང་འདིར་གཅན་ཚ་ཟེར། བར་སྐབས་ཅིག་ནས་བྱ་ཁྱུང་དགོན་པའི་ལྷ་སྡེ་སྟོད་ན་ཉིན་ཐུན་བརྒྱད་དང་སྨད་ན་ཉིན་མཐུན་བཅུ་ཟེར་བ་དེ་ལ་གཅན་ཚ་ཉིན་དང་། ཁམས་ར་བླེ་ལྔ། དོ་ཀྱྰ་ཚོ་བ་དྲུག སྐ་ཕུག་རྒྱལ་བོ་ཚོ་བ་གསུམ། གདོང་སྣ། རྒྱ་བྱ་ཚང་། སྐྱ་ཀྱྰ་འཚོ་བཞི། སྣང་རའི་གྲོང་བརྒྱད་སོགས་ལ་གཅན་ཚ་སྲིབ་ཟེར། དེང་སང་གཅན་ཚ་སྲིབ་ནི་གཅན་ཚ་རྫོང་གི་ཁུངས་དང་། གཅན་ཚ་ཉིན་ནི་ཧ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་ཁུངས་སུ་ཡོད། དོ་ཀྱྰ་རུ་འོག་ཚང་བསོད་ནམས་ཡེ་ཤེས་ནས།

[རྩོམ་སྒྲིག] སྲིད་འཛིན་ས་ཁུལ

དེང་གི་སྲིད་འཛིན་གྱི་དབྱེ་སྟངས་ལྟར་ན། གཅན་ཚ་རྫོང་གི་ཁོངས་སུ་གྲོང་བརྡལ་༣་སྟེ། མར་ཁུ་ཐང་གྲོང་བརྡལ། ཁམས་ར་གྲོལ་བརྡལ། ཁང་དབྱང་གྲོང་བརྡལ། སྡེ་བ་༧༩བཅས་ཡོད། ཡུལ་ཚོ་༦་སྟེ་སྐྱ་རྒྱ། ཚོ་དྲུག། སྣང་ར། སྐྱ་རེངས། ནང་ཁོག སྟེང་སོ། གཅན་ཚ་ཐང་བཅས་ཡིན། སྡེ་བ་༧༩་ཡོད།

སྔ་མོ་སྤྱི་ཚོགས་རྙིང་བའི་ཚོ་ཁག་གམ་ཤོག་ཀ་དབྱེ་སྟངས་ལྟར་ན། གཅན་ཚ་གཡོན་རུ་སྟེང་སོ་གསུམ། གླེ་རྐང་ནང་ཁོག་ཚོ་བཞི་གསུམ། སྣང་ར་གྲོང་ཚོ་བདུན་ནམ་བརྒྱད། ཕ་ལོ་བ་སྨེ་རུ་གསུམ། ཆོས་ཚང་མ། སྐྱ་ནག ཨ་འབྱུང་གནམ་སྟེང་ནང་འགོ་གསུམ། དོ་རྒྱ། སྐ་ཕུག་རྒྱལ་བོ་ཚོ་བ་གསུམ། ཁམས་ར་བཅས་སོ།

[རྩོམ་སྒྲིག] སློབ་གསོ།

[རྩོམ་སྒྲིག] སློབ་ཆུང་།

གཅན་ཚ་རྫོང་མཁར་མར་ཁུ་ཐང་གྲོང་བརྡལ་དུ་ཡོད་པའི་བོད་ཡིག་སློབ་ཆུང་གཙོ་བོ་ནི་གཅན་ཚ་རྫོང་ཆ་ཚང་སློབ་ཆུང་གཉིས་པ་ཡིན་ལ། དེ་མིན་ཡུལ་ཚོ་དང་སྡེ་བ་སོ་སོ་ན་སློབ་ཆུང་ཡོད་ལ། དེ་དག་ཕལ་ཆེ་བ་བོད་ཡིག་སློབ་ཆུང་ཡིན།

[རྩོམ་སྒྲིག] སློབ་འབྲིང་།

གཅན་ཚ་རྫོང་ལ་སློབ་འབྲིང་གསུམ་ཡོད་ལ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པ། གཅན་ཚ་རྫོང་སློབ་འབྲིང་བཅས་གསུམ་ཡོད། སྔོན་མ་གཉིས་ནི་བོད་ཡིག་སློབ་འབྲིང་ཡིན་ལ་སློབ་མ་ཡོད་ཚད་བོད་རིགས་ཡིན།

[རྩོམ་སྒྲིག] དྭ་ཕྲུག་སློབ་གྲྭ

རྫོང་འདི་ལ་དྭ་ཕྲུག་སློབ་གྲྭ་གཉིས་ཡོད་ལ། གཅིག་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དྭ་ཕྲུག་སློབ་གྲྭ་དང་གཞན་ཞིག་ནི་དམངས་ཁྲོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྒྲུབ་པའི་དྭ་ཕྲུག་སློབ་གྲྭ་ཆུང་ངུ་གཉིས་ཡིན།

[རྩོམ་སྒྲིག] དམངས་ཁྲོད་ཁེ་གཉེར་མ་ཡིན་པའི་རྩ་འཛུགས

སྒྲོན་མེ་སློབ་གསོ་དབུལ་སྐྱོབ་ཚོགས་པ་ནི་གཅན་ཚ་རྫོང་གི་ཆེས་ཐོག་མའི་ཁེ་གཉེར་མ་ཡིན་པའི་སྤྱི་ཚོགས་ཕན་བདེའི་རྩ་འཛུགས་ཤིག་སྟེ་2009ལོར་རྫོང་སློབ་གསོ་ཅུའུ་དང་དམངས་སྲིད་སྡེ་ཁག་ནས་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་ཐོ་འགོད་བྱས་པ་ཞིག་ཡིན་ཞིང་། ཚོགས་པ་འདིའི་དམིགས་ཡུལ་ནི་སློབ་གསོ་དཔལ་འབྱོར་གཉིས་ཀྱི་ལས་དོན་སྣ་མང་ཐད་ལ་རམ་འདེགས་དང་མཐུན་རྐྱེན་བསྐྲུན་ཏེ་བསམ་བློ་སྔོན་ཐོན་དང་ཀུན་སྤྱོད་ཚད་ལྡན་ཡིན་ལ། ཤེས་རིག་ལག་རྩལ་འཛོམས་པ། སྟོབས་འབྱོར་མངའ་ཐང་ལྡན་པའི་ཡུལ་སྡེ་ཇི་སྙེད་པ་ཞིག་ལ་ཤེས་རིག་གི་འོད་སྣང་དང་བདེ་སྐྱིད་ཀྱི་དྲོད་འཁོལ་བསྐྱེལ་རྒྱུ་དེ་ཡིན།

[རྩོམ་སྒྲིག] ས་གནས་ཁྱད་ཆོས་ལྡན་པའི་རིག་གནས་སྒྱུ་རྩལ།

[རྩོམ་སྒྲིག] ཐང་ཀ

གཅན་ཚའི་ལྡེབས་རིས་སྒྱུ་རྩལ།

[རྩོམ་སྒྲིག] མདའ་རྩེད།

གཅན་ཚའི་མི་རྣམས་མདའ་རྩེད་ལ་ཧ་ཅང་དགའ་པོ་ཡོད་སྟབས། ཡུལ་འདི་ལ་མདའ་མོ་གཅན་རྫོང་ཞེས་པའི་འབོད་སྲོལ་ཡང་ཡོད།

File:Ragya3.jpg
གཅན་ཚའི་མདའ་རྩེད།

[རྩོམ་སྒྲིག] ས་གནས་ཁྱད་ཆོས་ལྡན་པའི་བཟའ་བཏུང་།

༡༽ ས་གནས་ཐོན་བསྐྱེད། ཞིང་ལས་ཐོན་བསྐྱེད་ནི་གྲོ། ནས། སྲན་མ། སྲེན་མ། སོ་བ། སྲ་བོ། ལོ་ཀར་སོགས་འབྲུ་ཡི་རིགས་དང་། ཡང་པལ་ཚལ་དང་། ཀུན་ཏ། ལ་ཕུག ཞོག་ཁོག ཀྲ་མ་ཀྲོ ལ་ཕུག་སེར་པོ། ཙོང་། སྔོ་ཚལ་རིགས་འདྲ་མིན་སོགས་ཡོད། ད་དུང་ལི་དང་ཆང་བ་ལི། སྟར་ཀ ཀུ་ཤུ ཁམ་བུ་སོགས་ཤིང་ཏོག་འདྲ་མིན་སྣ་ཚོགས་ཡོད། ད་རུང་རི་སྐྱེ་སྒོག་ལེབ་དང་། ར་སྒོག ཀུའུ། ཅ་རིལ། ཙ་གོ བན་དེ་ཚོད་མ་སོགས་འདྲ་མིན། ད་དུང་ཕག་ཤ བྱ་ཤ ར་ཤ གླང་ཤ སྒོ་ང་སོགས་དང་། ཡང་འབྲོག་ལས་ཐོན་བསྐྱེད་ལ་ལུག་ཤ་དང་། ཚགས་ཤ ཆུ་ར། མར། འོ་མ། ད་ར་སོགས་མང་། རི་དྭགས་ཀྱི་ཤ་ནི། གླ་བའི་ཤ ཤྭ་བོའི་ཤ རི་བོང་གི་ཤ བྱ་གང་གི་ཤ ཏེ་ཕོའི་ཤ གོང་མོའི་ཤ་སོགས་ཡོད། དེ་ནས་བཟའ་བཏུང་གི་སྐོར་ལ། རྩམ་པ་ལ་ནས་རྩམ་དང་། གྲོ་རྩམ། སྲན་བུ་༼སྟེ་ནས་རྔོས་མ་དང་སྲན་མ་སོ་མ་ར་ཙའི་འབྲས་བུ་བཅས་ལས་འཐག་པ༽ ཉོག་ལ་སྲན་ཉོག་སྟེ་ཆུའི་ནང་དུ་ཐོག་མར་སྲན་མ་བླུག་ནས་གང་འཚམ་འཁོལ་རྗེས། ནས་ཕྱེ་བླུག་ནས་དཀྲུག་དེ་བཟོས་པ་ཞིག་ཡིན། ༼ང་རང་འཛམ་བུ་གླིང་ལ་སྐོར་བ་བརྒྱབ་ཟིན་ན་ཡང་ཉོག་ལྟ་བུའི་ཟས་མཆོག་ཅིག་རྙེད་མ་མྱོང་༽ ཡང་སྲེན་ཉོག་ཡང་ཡོད། ད་རུང་དཀར་ཉོག་ཟེར་བ་ཅིག་ཡོད། དེ་ནི་དཀར་ཡོལ་ནང་དུ་གྲོ་ཕྱེའི་དང་ཤ སྣུམ་བཅས་ཀྱི་སྐྱོ་མ་དཀྲུགས་ནས་བཟོས་བའི་རླངས་བཙོས་ཟས་རིགས་ཞིག་ཡིན། གྲོ་ཕྱེའི་བཟོས་པའི་ཟས་རིགས་ནི་སྣུམ་བཙོས་སོག་སོག་དང་། སྣུམ་བཙོས་གོར་དམར། སྡེའུ་རིགས་སྣུམ་བཟོས་སོགས་དང་། ཐལ་སྲེག་གོར་སྐྱ༼ འདི་ནི་ཤིན་ཏུ་ཆེན་པོ་དཀྱིལ་ནས་ཚད་བརྒྱབ་ན་ཁྲི་ཙི་གསུམ་བཞི་རེ་ཡོད་པ་ཡང་་བཟོ་སྲོལ་ཡོད། པན་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཅུ་བ་གཅན་ཚ་རྫོང་ཐོག་ལ་ཕེབས་སྐབས་སུ་ཐལ་སྲེག་གོར་སྐྱ་ནི་ས་དེའི་ཁྱད་ཆོས་ལྡན་པའི་བཟའ་བཏུང་ལ་རྩིས་ནས་ཕལ་ཆེར་དཀྱིལ་ཐིག་ནས་ཚད་པའི་ཁྲི་ཙི་བཅུ་ཅན་ཞིག་ཕུལ་ཡོད། ༢༽ ས་ཆ་འདི་ནས་ཕྱི་རྒྱལ་དུ་དར་ཁྱབ་ཆེ་བའི་ཟས་རིགས་ལ་གོར་ཐུག་དེ་རེད། གོར་ཐུག་ལ་མཚོན་ན་ཐོག་མར་ས་ཆ་འདིར་དར། དེ་ནས་རྒྱ་གར་དང་དེ་བཞིན་དུ་ཡོ་རོབ་ཁུལ་སོགས་སུ་དར་ཁྱབ་བྱུང་། བསྐོལ་སྟངས་ནི་གོ་རེ་སྟེ་འཁུར་བ་སྐམ་པོ་དང་ཤ་ཁུ་བསྡུས་དེ་ཐུག་པ་བསྐོལ་བ་ཞིག་ཡིན། ད་དུང་ཕྱི་རྒྱལ་ཁག་ཏུ་ཤིན་ཏུ་ནས་སྐད་གྲགས་ཡོད་པ་སྐྱུར་ཚོད་(kamchi)དེ་ཡང་ས་ཆ་འདི་གནའ་སྔ་མོ་ནས་ཡོད། འོན་ཀྱང་དེང་སང་ཕྱི་རྒྱལ་ན་འདི་ནི་ཀོ་རི་ཡ་(corea)རྒྱལ་ཁབ་ཀྱི་ཟས་རིགས་ཞིག་ལ་ངེས་འཛིན་བྱེད་མོད། དེ་ནི་ཕྱི་རྒྱལ་དུ་ཚོང་འགྲེམ་བྱེད་ཐུབ་མ་ཐུབ་ཅིག་གི་ཁྱད་པར་རེད། སྐྱུར་ཚོད་འདི་ལ་སྐྱུར་རོ་ཡང་ཟེར། དེ་མིན་ཚོད་མ་བསྙལ་མ་ཟེར་བ་ཞིག་ཀྱང་འདུག དེ་ནི་ཚྭ་དང་བསྲེས་ནས་རྫ་མའི་ནང་དུ་བསྙལ་བའི་དགུན་ཟས་ཚོད་མ་ཞིག་རེད། ཅེས་རྒྱལ་ཁམས་པ་དོ་རྒྱ་བསོད་ནམས་ཡེ་ཤེས་ནས་ཕུལ།།

[རྩོམ་སྒྲིག] ཡུལ་སྐོར་ལྗོངས་རྒྱུ་ས་གནས།

[རྩོམ་སྒྲིག] ཁམས་ར།

[རྩོམ་སྒྲིག] སྔ་འགྱུར་རྙིང་མའི་དགོན་པ།

སྐ་ཕུག་དཔའ་བརྒྱ་གོང་བ་ངེས་གསང་རྡོ་རྗེ་ཐེག་མཆོག་གླིང་། ཁམས་ར་གསང་སྔགས་བསྟན་རྒྱས་གླིང་། དོ་རྒྱའི་སྔགས་ཁང་པད་དཀར་ཆོས་གླིང་། སྐྱ་རྒྱའི་སྔགས་ཁང་རིན་ཆེན་ཆོས་གླིང་སྒང་། ཆོས་ཚང་མའི་སྔགས་ཁང་བདེ་ལྡན་དར་རྒྱས་གླིང་། ཚོ་དྲུག་སྔགས་ཁང་བཀྲ་ཤིས་ཆོས་ལྡན་གླིང་། ཚོ་བཞིའི་སྔགས་ཁང་བདེ་ཆེན་ཞིང་སྒྲུབ་གླིང་། དགུ་རོང་མ་ཎི་ཐང་བདེ་ཆེན་གསང་སྔགས་གླིང་། གཅན་ཚ་ཐང་སྔགས་ཁང་རིག་འཛིན་སྨིན་གྲོལ་གླིང་།

[རྩོམ་སྒྲིག] དགེ་ལུགས་པའི་དགོན་པ།

[རྩོམ་སྒྲིག] ལ་མོ་བདེ་ཆེན།

ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་ནི་སྤྱི་ལོ༡༦༨༢ལོར་བཏབ་ཅིང༌། ད་རག་བར་ཧ་ལམ་ལོ་ངོ༣༠༠ལྷག་གི་ལོ་རྒྱུས་ལྡན། དེ་ཡང་ལཱ་མོ་བདེ་ཆེན་ཞེས་པ་ནི་ལཱ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་མཆོག་གི་དགེ་སྒྲུབ་ཀྱི་བསྟུ་གནས་ཡིན་པས་དེ་ལྟར་ཐོགས་སྐད། ལཱ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་མཆོག་ནི་དབུས་གཙང་ཁུལ་གྱི་ལཱ་མོ་རིན་ཆེན་སྒང་བྱ་བར་སྐུ་འཁྲུངས་ཤིང༌། ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་གི་ཐོག་མའི་ཆགས་ཡུལ་ནི་གཅན་ཚ་རྫོང་གི་ཁོངས་མགུར་གྲོང་ཚོ་ཡིན་མོད། འོན་ཀྱང་ཕྱིས་སུ་ལཱ་མོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནས་བཟུང་ད་ལྟའི་བདེ་ཆེན་གྲོང་ཚོ་ལ་སྤར་བར་མ་ཟད། ལཱ་མོ་སྐུ་ཕྲེང་རིམ་པས་བླ་ན་མེད་པའི་ཉམས་གསོ་མཛད་པས། དེ་རིང་གི་ཆོས་སྡེ་འདི་ཉིད་ཆགས་པ་རེད། དགོན་ཆེན་འདིའི་ཉིང་ལག་ལྟར་ཆགས་པའི་གྲོང་སྡེ་མ་ཎི་རྡོ་ལུང་དང་ཉི་རིང༌།གོང་མོ་ཐང༌། སྤྱང་ཚང་ཁ་བཞི་ནི་གནས་མཆོག་འདིའི་རི་ཆུ་ནགས་གསུམ་ལ་སོ་སྲུང་བྱེད་པའི་ཚོ་ཆེན་བཞི་རུ་གྲུབ་པ་དང་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་ནི་གྲོང་སྡེ་ཚོ་ཆེན་བཞི་ཡི་དཀྱིལ་དབུས་ན་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་དང་འདྲ་བར་དད་ལྡན་འགྲོ་བའི་རྒྱན་དུ་ཆེ། གཞན་ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན། ལཱ་མོ་བདེ་ཆེན་གྱི་སྐུ་རྟེན་ཐམས་ཅད་ལ་རང་སྐྱ་འཕེར་བའི་ཁྱད་རྟགས་དང༌། ལྐོག་གྱུར་གྱིས་ཁེངས་པའི་ཚོས་མདངས། ཡིད་དུ་འོངས་བའི་ངག་རྒྱུན་རེ་ཡོད་ཟེར། ཁྱད་པར་དུ་ལཱ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་དབུས་གཙང་ནས་སྔ་རྗེས་སུ་སྤྱན་རས་གཟིགས་ཀྱི་སྐུ་རྟེན་དང༌། ཕོ་བྲང་པོ་ཏ་ལའི་ཁྱད་ནོར་ཏུ་འབོད་པའི་སྒྲོལ་མའི་སྐུ། ཙན་ཏན་དམར་པོའི་རྒྱུ་ལས་བཞེངས་པའི་སྤྱན་རས་གཟིགས་ཀྱི་སྐུ། གསེར་གྱི་མཆོད་སྡོང་དང་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་ལ་སོགས་པའི་རིན་ཐང་བྲལ་བའི་སྐུ་རྟེན་སུམ་བརྒྱ་ལྷག་སྤྱན་དྲངས་བས་ལོ་རྒྱུས་སྟེང་བླ་བྲང་ཆོས་ཀྱི་མཛོད་དང༌། ལཱ་མོ་བདེ་ཆེན་རྟེན་གྱི་མཛོད་ཞེས་སྙན་པའི་གྲགས་པ་ཡོད།

[རྩོམ་སྒྲིག] ལོ་རྡོ་རྗེ་བྲག

མདོ་སྨད་གནས་ཆེན་རྨ་འགྲམ་ལོ་རྡོ་རྗེ་བྲག་ནི་མཁས་པ་མི་གསུམ་ལྷ་ལུང་དཔལ་གྱི་རྡོ་རྗེས་བྱིན་གྱིས་བརླབས་ཤིང༌། ས་སྐྱ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ། གྲུབ་པའི་དབང་ཕྱུག་ལོ་ཁོག་ཐོག་འཛིན། ལྕང་སྐྱ་གོང་མའི་དངོས་སློབ་སྤྲེལ་ནག་པ་སྒོམ་ཆེན་འཕྲིན་ལས་ཕུན་ཚོགས། ཆོས་རྗེ་སྤོད་གྲགས་པའི་སྤྲུལ་བསོད་ནམས་ཡེ་ཤེས་དབང་བོ། ལཱ་མོ་གོང་ས་ཞབས་དྲུང་དཀར་བོ་སྐུ་ཕྲེང་རིམ་བྱོན་དང༌། ཁྲི་རྒྱ་ནག་པ་སྐུ་ཕྲེང༌། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་དང་དེའི་དངོས་སློབ་རོང་ནི་གུ་གྲུབ་ཆེན། རོང་བོ་མཁན་ཆེན་དགེ་འདུན་རྒྱ་མཚོ། ཀུན་མཁྱེན་འཇིགས་མེད་དབང་བོ་དང་འཇིགས་མེད་རྒྱ་མཚོ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཡབ་རྗེ་གསེར་ཁང་བ། སྒྲུབ་པ་ལ་རྒྱལ་མཚན་འཛིན་པ་ཐར་ཤུལ་སྐུ་ཕྲེང༌། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ། སྒོ་མང་བལ་མ་སྐུལ་ཕྲེང་དང༌། མོག་ཚང་སྐུ་ཕྲེང༌། སྐྱབ་རྗེ་བླ་ཁོ་རྡོ་རྗེ་དང་བཀའ་དྲིན་འཁོར་མེད་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་བློ་བཟང་མཁས་གྲུབ་རྒྱ་མཚོ་སོགས་སྐྱེས་བུ་དམ་པ་མང་བོ་ཕེབས་ནས་བྱིན་གྱིས་བརླབས་ཤིང་ཐུབ་པའི་བསྟན་པ་རིན་པོ་ཆེ་སྤེལ་བར་མཛད་པའི་གནས་འགངས་ཆེན་ལྷ་ལུང་དཔལ་གྱི་རྡོ་རྗེའི་ལྕགས་ཀྱི་མདའ་གཞུ་དང་སངས་རྒྱས་གླང་བོའི་རིང་བསྲེལ་ཕོར་བ་གང་ནང་བཞུགས་ཀྱི་མཆོད་རྟེན་འབུམ་ཁང་འཇའ་འོད་མ་དང༌། སྒོམ་ཆེན་ ལྷ་ཁང་དང༌། བྱམས་ཁང༌། རྒྱལ་བ་རྡོ་རྗེ་འཆང་གི་ལྷ་ཁང༌། རིགས་གསུམ་མགོན་པོའི་ལྷ་ཁང༌། མི་ལ། སྨན་བླ། མི་འཁྲུགས་པ་དང༌། ཨོ་རྒྱན་རིན་པོ་ཆེ། སྒྲོལ་མ། ཚེ་དཔག་མེད་སོགས་ཀྱི་ལྷ་ཁང་བྲག་སྐེད་དུ་ངོ་མཚར་བར་བཀོད་པ་ལེགས་ཤིང༌། སྤྱི་བསྡོམས་པས་ལྷ་ཁང་བཅུ་གཉིས་དང༌། གླས་གསུམ་སྡེ་དྲུག་གིས་འབད་པས་བཞེངས་པའི་གཙུག་ལག་ཁང་ཆེན་མོ་ཆོས་ཀྱི་དགེ་སྦྱོར་ལ་གཞོལ་བའི་བསམ་གཏན་པའི་ཁང་བུ་བཅུ་ཕྲག་ལྷག་བཅས་ཡོད་ལ། སྐྱབས་རྗེ་བླ་ཁོ་རྡོ་རྗེ་འཆང་གནས་འདིར་ཕེབས་ནས་བཀྲ་ཤིས་གསོ་སྦྱོང་གནང་ཏེ་རྟེན་འབྲེལ་ཁྱད་པར་ཅན་འགྲིག་པས་ལོ་རྡོ་རྗེ་བྲག་འདི་ལ་རྣམ་དག་ཚུལ་ཁྲིམས་གླིང་ཞེས་དགོན་པ་ཞིག་མཚན་བཏགས་གནང༌། རྨ་ཀླུང་རྡོ་རྗེ་བྲག་ནི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་འགངས་ཆེན་རྨ་འགྲམ་རྡོ་རྗེ་བྲག་གམ་ལོ་རྡོ་རྗེ་བྲག་ཏུ་འབོད་པ་ནི། ད་ལྟའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གླེ་ཆེན་གྲོང་ཚོའི་བྱང་ཐད་དུ་ཆགས་ཤིང་། དེ་ཡང་བཤད་རྒྱུན་དུ་གྲགས་པ་ལྟར་ན། སྤྱི་ལོ1690ལོའི་སྔོན་ཙམ་ལ། ལ་མོ་ཚོགས་གཉིས་རྒྱ་མཚོ་དང་། རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་སོག་ཡུལ་དུ་ཕེབས་པའི་ཕྱག་ཕྱིར། ཡུལ་མདོ་སྨད་དུ་ཕེབས་ནས་ལོ་རྡོ་རྗེ་བྲག་ཏུ་རྒྱུན་བཞུགས་གནང་སྟེ་གནས་འདི་ཐོག་མར་ཁོང་གིས་བདག་དབང་མཛད་ཟེར། ཕྱིས་སུ་ཨ་ལགས་བློ་ཁོ་རྡོ་རྗེ་འཆང་ཚང་གནས་འདིར་ཞབས་ཀྱིས་བཅགས་ཏེ། ཡུལ་དེའི་དད་ལྡན་སེར་སྐྱ་ཀུན་ལ་གདུགས་དཀར་གྱི་དབང་གནང་ཞིང་དབང་བཤད་རྒྱས་པར་མཛད་པས། དུས་ད་ལྟའི་བར་སྣང་རའི་གྲོང་བརྒྱད་དུ་གདུགས་དཀར་ཀློག་སྒྲུབ་ཀྱི་རྒྱུན་མ་ཆད་པར་གནས་ཡོད། ༡༩༥༨ ལོར་དྲག་ཆར་རླུང་འཚུབ་ལྟ་བུའི་རྒྱ་གཞུང་གི་དྲག་གནོན་ཁྲོད་རྟེན་དང་བརྟེན་པ་རྨེག་མེད་དུ་བཏང་བ་དང་། དུས་རབས་སྔོན་མའི་ལོ་རབས་བདུན་ཅུའི་དུས་མཇུག་ཏུ་ངལ་གསོའི་དབུགས་དབྱུང་བའི་གོ་སྐབས་ཤིག་བྱུང་མ་ཐག གླེ་གསུམ་དང་སྣང་ར་གྲོང་བརྒྱད་ནས་ཉམས་གསོའི་འབད་པ་རྒྱུན་ཆགས་སུ་བསྟེན་པ་དང་། སྤྱི་ལོ1992ལོར། ལ་མོ་བདེ་ཆེན་གྱི་རྒྱབ་སྐུ་སྐུ་ཕྱོགས་ཨརྒ་རྒྱལ་མཚན་ཚང་གིས་སྣེ་ཁྲིད་འོག་སྣང་རའི་གྲོང་བརྒྱད་ཀྱིས་གནས་དེར་འདུ་ཁང་གྱན་བདུན་མ་ཞིག་བཞེངས་མགོ་བརྩམས་ནས་གྲུབ་པ་ཡིན་ཅིང་། ཡུལ་དེར་དགོན་སྡེ་གཙུག་ལག་ཁང་སོགས་བཞེངས་ནས་ལོ་གྲངས་མང་པོ་འགོར་མེད་ཀྱང་། དེ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་སྦྱར་ན་སྔོན་བྱོན་མི་སྣ་གྲགས་ཆེན་བོད་ཀྱི་མཁས་པ་མི་གསུམ་དང་། བསྟན་སྲུང་དཔའ་རྟུལ་ལྷ་ལུང་དཔལ་རྡོར་དང་འབྲེལ་བ་དམ་ཟབ་ཏུ་ཡོད་པའི་གནས་འགངས་ཆེན་ཞིག་ཏུ་གྱུར་ཡོད། ། དེ་ཡང་དུས་རབས་བཅུ་བའི་དུས་དཀྱིལ་དུ། བོད་ཀྱི་བཙན་པོ་འུ་དུམ་བཙན་པོའི་དུས་སུ་རྒྱལ་བསྟན་ལ་གོད་ཆག་བྱུང་སྐབས། བོད་ཀྱི་མཁས་པ་མི་གསུམ་གྱིས་འདུལ་བའི་ལས་ཆོག་སོགས་ཀྱི་གླེགས་བམ་དྲེལ་ཁལ་ལོངས་ཚད་ཅིག་བཀལ་ནས། མངའ་རིས་སྟོད་དུ་ཕེབས་ཤིང་། དེར་སྡོད་མ་ཚུགས་པར་ཡུལ་གར་ལོག་གི་ཕྱོགས་སུ་བྲོས། དེ་ནས་ཀྱང་འགྲོ་དོན་གྱི་འཕྲིན་ལས་མ་རྒྱས་པར་ཡུལ་མདོ་སྨད་ཕྱོགས་སུ་ཆིབས་ཁ་བསྒྱུར་མགོ་ཚུགས་པར་ལམ་བར་གྱི་ཧོར་ཡུལ་བསྐོར་ནས་ཨོ་རོད་བརྒྱུད་དེ་རིམ་གྱིས་ཕེབས་པ་ལ། རྨ་ཀླུང་ཆུ་བོའི་རྒྱུད་དུ་ཉིན་སྲིབ་གཉིས་སུ་ཕྱེས་པའི་ཨ་མྱེས་སྲིན་པོའི་རྫ་རྒྱུད་དང་། གནས་མཆོག་ཨ་མྱེས་ཤ་བོ། ཙོང་ལ་རི་རྒྱུད། བྲག་དཀར་སྤུན་གསུམ་བཅས་ཀྱི་ལྕགས་རི་རྡོ་རྗེ་བྲག་གི་མུ་ཁྱུད་ཀྱིས་བསྐོར་བའི་རྨ་ཀླུང་རྡོ་རྗེ་བྲག་ཅེས་པའི་གནས་འདིར་སྒོམ་སྒྲུབ་ཏུ་བཞུགས་མུས་སུ། ལྷ་ལུང་དཔལ་རྡོར་གྱིས་འུ་དུམ་བཙན་པོ་བཀྲོངས་ནས་ཡུལ་བྱོལ་དུ་གནས་འདིར་ཕེབས་ནས་མཁས་པ་མི་གསུམ་དང་མཇལ། ཁོང་རྣམ་པར་དམེ་གྲིབ་ཕོག་དོགས་ནས་དར་མ་དགྲོང་བྱེད་ཀྱི་མདའ་གཞུ་གཉིས་སྒྲུབ་ཕུག་དེ་དང་ཁད་ཐག་ཅུང་རིང་བའི་གནས་ཤིག་ཏུ་འབུམ་ཁང་གླས་ཞེས་པར་གཏེར་དུ་སྦས་པར་མ་ཟད། ད་དུང་དེའི་སྟེང་དུ་རྡེའུ་འབུམ་སྤུངས་པར་མཛད་ཅེས་པའི་བཤད་རྒྱུན་ད་ལྟའི་དུས་སུའང་མ་ཉམས་པར་ཀུན་ལ་རླུང་ལྟར་གྲགས་བཞིན་ཡོད་པ་འདི་ག་ལགས། །གནས་འདིའི་མཇལ་རྟེན་སྐོར་ལ། ས་སྐྱ་པཎ་ཆེན་གྱིས་བཞེངས་ཤིང་གཟུངས་བཞུགས་སུ་སངས་རྒྱས་གླང་པོའི་རིང་བསྲེལ་ཕོར་བ་གང་ཡོད་པ། དེ་ལ་འགྲོ་མགོན་འཕགས་པས་རབ་གནས་མཛད་ཟེར་བའི་འབུམ་ཁང་འཇའ་འོད་མ་དང་། ལྷ་ལུང་དཔལ་རྡོར་གྱི་མདའ་གཞུ་སྦས་ཡུལ་ཡིན་ཟེར་བའི་རྡེའུ་འབུམ་སོགས་དུས་ད་ལྟའང་མཇལ་རྒྱུ་ཡོད། །

[རྩོམ་སྒྲིག] ཨ་ཆུང་གནམ་རྫོང་།

ཨ་ཆུང་གནམ་རྫོང་དགོན་པ་ནི་གཅན་ཚ་རྫོང་གི་བྱང་རྒྱུང་ཀྱི་ཁམས་ར་ནགས་ཁྲོད་དུ་ཆགས་པའི་དགོན་རྙིང་ཞིག་ཡིན། དགོན་པ་དེའི་བྱང་ཕྱོགས་ན་ཡི་གེ་ ༼འ༽ ཆུང་རང་བྱུང་དུ་བབས་འདྲའི་བྲག་རི་ཞིག་ཡོད་པས། ས་མིང་ལ་ཡང་འ་ཆུང་གནམ་རྫོང་དུ་ཐོགས་པར་བརྗོད་མོད། འོན་ཀྱང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ་ཨན་ཆུང་གནམ་རྫོང་ངམ་ཡང་ན་ཨ་ཆུང་གནམ་རྫོང་ཞེས་ཡང་འབྲི་སྲོལ་ཡོད། གནའ་དགོན་དེ་བྲག་ཕུག་ཆུང་ངུ་ལྔ་རུ་ཆགས་ཡོད། བྲག་ཕུག་ལ་ལ་རང་བྱུང་དུ་གྲུབ་པ་དང་བྲག་ཕུག་ལ་ལ་མིས་བརྐོས་པ་ཡིན། བྲག་ཕུག་ལ་བརྟེན་ནས་བཞེངས་པའི་དགོན་པའི་བཀོད་པ་ནི་དངོས་ནས་ཡིད་དུ་འོངས་ཞིང་ལྟ་ན་སྡུག་པ་ཞིག་རེད། ཨན་ཆུང་གནམ་རྫོང་ནི་དུས་རབས་དགུ་བའི་དུས་དཀྱིལ་ཏེ་རྒྱལ་བོ་གླང་དར་མས་བསྟན་པ་སྣུབ་སྐབས་སྟོད་དབུས་གཙང་ནས་ཕེབས་པའི་བོད་ཀྱི་མཁས་པ་མི་གསུམ་བཞུགས་མྱོང་བའི་གནས་ཤུལ་ཡིན་པས། ལོ་ངོ་ཆིག་སྟོང་ཆིག་བརྒྱ་ལྷག་གི་ལོ་རྒྱུས་ཡོད། སྤྱི་ལོ་༨༣༨ནས་ ༨༤༢ ལོར་རྒྱལ་བོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པས། གཙང་རབ་གསལ་དང༌། གཡོ་དགེ་བའི་འབྱུང་གནས། དམར་ཤཱཀྱ་མུ་ནེ་སོགས་བོད་ཀྱི་མཁས་པ་མི་གསུམ་ལི་ཡུལ་བརྒྱུད་དེ་མདོ་སྨད་ལ་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་བསྐྱངས། ཨན་ཆུང་གནམ་རྫོང་ནི་སྐབས་དེར་བོད་ཀྱི་མཁས་པ་མི་གསུམ་གྱི་སྒྲུབ་སྦྱོང་བྱེད་སའི་གནས་ཡིན། བསྟན་པ་ཕྱི་དར་གྱི་རྗེས་སུ་མི་རྣམས་ཀྱིས་བོད་ཀྱི་མཁས་པ་མི་གསུམ་ལ་རྗེས་དྲན་གྱི་ཚུལ་དུ་གསོམ་སྡོང་གསུམ་བཙུགས་ཡོད། ཆིང་རྒྱལ་རབས་ཀྱི་སྐབས་སུ་རྙིང་མའི་སློབ་དཔོན་པད་མ་རིག་འཛིན་གྱིས་བྲག་ཟོམ་དེའི་མདུན་ནས་གནམ་རྫོང་དགོན་དང་གནམ་རྫོང་ཇོ་མོ་དགོན་བཏབ། གནམ་རྫོང་དགོན་པའི་ནུབ་རོལ་གྱི་བྲག་ངོས་ན་བྲག་ཕུག་ཅིག་ཡོད་དེ། ངག་རྒྱུན་དུ་དེ་ནི་རྒྱལ་བོ་གླང་དར་མ་དགྲོང་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཕུག་ཏུ་གྲགས། རི་ཚོགས་གཟར་ཞིང་ནགས་ཚལ་ཚང་ཚིང་དུ་དཀྲིགས་པ། བྱ་བྱའི་སྣ་ཚོགས་ཀྱི་དབྱངས་སྙན་བར་མེད་དུ་སྒྲོག་ཅིང་ཆུ་ཕྲན་ཤག་ཤག་ཏུ་འབབ་པ། ཡུལ་ལྗོངས་ཀྱི་བཀོད་པ་ལྟ་ན་སྡུག་པའི་ཨན་ཆུང་གནམ་རྫོང་ནི་རབ་ཏུ་བྱུང་བ་རྣམས་ཀྱིས་ཆོས་སྒྲུབ་སའི་གནས་མཆོག་ཅིག་ཡིན་པར་མ་ཟད། རྒྱལ་ཁབ་རིམ་པའི་ལྗོངས་རྒྱུ་གནས་མཆོག་ཅིག་ཏུའང་གྱུར་ཡོད།

[རྩོམ་སྒྲིག] གསང་སྒྲོག་དགོན་པ།

དགོན་སྡེ་འདི་ཉིད་ཐོག་མར་ཇི་ལྟར་བཏབ་པའི་ཚུལ་ལས་དང་པོ། ས་སྐྱ་ནས་མཆེད་ཚུལ། དེ་ཡང་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་གངས་ཅན་སཱ་ལའི་སྨན་ལྗོངས་འདི་སྐོར་གསུམ་རུ་བཞི་སྒང་དྲུག་ཏུ་ཕྱེ་བ་ལས། ཡང་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ལ་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་། རྨ་ཆུའི་ཁུག་པ་ཡན་ལ་མདོ་སྟོད་མིའི་ཆོལ་ཁ། རྒྱའི་མཆོད་རྟེན་དཀར་བོ་ཡན་ལ་མདོ་སྨད་རྟའི་ཆོལ་ཁར་གྲགས་པ་བཅས་ཀྱི་ཕྱི་མ་ལས་ཀྱང་། ཙོང་ཁ་བདེ་ཁམས་སུ་གཏོགས་པའི་སའི་ཆ། བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཞྭ་སེར་བསྟན་པའི་ཆུ་མགོ་བྱ་ཁྱུང་ཐག་ཆེན་གླིང་གི་ལྷོ་ཕྱོགས། གནས་བདག་མཐུ་བོ་ཆེ་སྲིན་པོ་རྫ་རིའི་འདབས་ཤོད། མཁས་གྲུབ་ཀྱི་དབང་ཕྱུག་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་འཇའ་ལུས་གྲུབ་པའི་གནས་འགངས་ཆེན་ལོ་བའི་བྲག་དཀར་གཡོན་རྒྱུད་ཀྱི་ཆུ་འགྲམ་དུ་སའི་ཡོན་ཏན་དུ་མ་དང་ལྡན་པའི་གནས་ཉམས་དགའ་བ་ཞིག་ལ་གསང་སྒྲོགས་ཀྱི་མ་དགོན་དུ་གྲགས་པའི་རི་ཁྲོད་ཅིག་གི་ཤུལ་མཐོང་བ་དེ་ནི། གནའ་སྔ་མོ་ཞིག་གི་དུས་ལ་ས་སྐྱ་ནས་མཆེད་དོ་ཞེས་གྲགས།༼འོན་ཏེ་ད་ལྟ་དགེ་ལུགས་པའི་དགོན་པ་ཞིག་གོ༽ དུས་ནམ་ཞིག་གི་ཚེ་གཙང་ས་སྐྱ་ནས་ཤངས་པ་བཀའ་རྒྱུད་པའི་གྲུབ་མཐའ་ནང་མ་འཆམས་པར་སིལ་བུར་གྱེས་པ་ལས། དེའི་བླ་མ་ཀུན་མཁྱེན་ཤེས་རབ་དཔལ་བཟང་ཟེར་བ་ཞིག་གིས་ཕྱོགས་མཐུན་གྲྭ་བ་སྐོར་ཞིག་ཁྲིད་དེ་དགོན་གནས་འཚོལ་བ་ལ་ཁྲི་ཀ་ནས་ས་དེ་ཤེད་དུ་སླེབས་པ་ན། ས་དེར་གནས་ཕུན་སུམ་ཚོགས་པར་གཟིགས་ཏེ་ཡུལ་དེའི་སའི་ཆགས་དབྱིབས་ལྟར་ཆུའི་ཕར་ཚུར་དུ་རི་ཁྲོད་གཉིས་བཏབ། བཤད་སྒྲུབ་ཀྱི་བསྟན་པ་ཆུ་རྒྱུན་ལྟར་སྤེལ་ནས་རིང་པོ་ཞིག་མ་སོང་བའི་ཚེ། དེར་གནས་པའི་གཞི་བདག་ཤིན་ཏུ་གཉན་པོ་ཞིག་འདུག་པ་ལ། རི་ཁྲོད་གཉིས་ཀྱིས་སྔ་ཕྱི་ལྟར་གཅིག་གིས་བསང་བཏང་རྗེས་ད་གཟོད་ཅིག་ཤོས་ཀྱིས་གཏོང་དགོས་པ། ཉིན་ཞིག་བསང་ཕུལ་བནྡེ་གཉིས་བགྲོས་ཏེ་བསང་མཉམ་དུ་གཏོང་ལ་གནས་བདག་གིས་ཅི་བྱེད་བལྟ་ཞེས་ཚོད་བགམ་ཕྱིར། བསང་མཉམ་དུ་བཏང་བས་ན། གནས་བདག་དེ་ཆུའི་ཕར་ཚུར་དུ་རྒྱུགས་ནས་གཅིག་གི་སྣེ་ཡང་མ་ཟིན་པར་ཉིན་དེའི་གསོལ་སྐལ་ཤོར་བས། དྲག་ཏུ་ཁྲོས་ཏེ་ས་གཡོ་ཆེན་པོ་བསླངས་ནས་དགོན་པ་བསྣུབས་ཞེས་དང་། ཡང་ཁ་ཅིག་དུས་འཁྲུགས་ཀྱིས་འཇིག་པར་བཤད་ཀྱང་། ད་ལྟ་དགོན་པ་འདིའི་ཕྱག་ལེན་ཕལ་ཆེར་བཀས་རྒྱུད་པའི་སྲོལ་མ་ནུབ་པར་མིག་ཐོག་ཏུ་གསལ་བ་ལ་གཞིགས་ན། དགོན་པ་འདི་ཐོག་མར་ས་སྐྱ་ནས་མཆེད་དོ་ཞེས་གྲགས་པ་ལ་གདོན་མི་ཟའོ། ཡང་དེའི་ལོ་རྒྱུས་སྔ་མ་རྣམས་ཡུལ་དེའི་ཐུན་མོང་གི་ངག་རྒྱུན་དུ་གྲགས་པ་དང་གཡེར་གཤོང་བླ་བྲང་གི་ཚོམས་རིས་སུ་བྲིས་པ་གཉིས་བཤིབས་ན་ཡང་ནང་འགལ་ཆེན་པོ་མེད་པར་ཕལ་ཆེར་ར་འཕྲོད་པ་ཡིན། ད་དུང་ཡུལ་དེའི་བྲག་སྲུབས་དང་ས་འོག་དག་ཏུ་བྱུང་བའི་དངོས་རྫས་དང་མཆོད་ཆ་རྣམས་རི་ཁྲོད་རྗེས་མས་ཁྱེར་ནས་དེང་སྐབས་ཀྱང་སྤྱོད་བཞིན་ཡོད་པ་དང་། ས་དེར་འཐག་རྡོ་ཆེན་པོ་ཞིག་ཡོད་པའི་ལྟེ་ཁུག་ན་དབྱར་སྡོང་སྐྱེས་པ་ཕྱིས་ས་མིང་ལ་རང་འཐག་ཤར་ཞེས་འབོད་པའི་རྒྱུ་མཚན་འཐད་ལྡན། ཡང་ཡུལ་འདིར་མི་ཧམ་པ་ཅན་ལ་རང་འཐག་ཤར་གྱི་གནས་བདག་ཞེས་མཚང་འབོད་བྱེད་སྲོལ་ཆགས་པ། འགྲོ་མགོན་འཕགས་པ་མདོ་སྨད་དུ་ཕེབས་དུས་དང་བྱ་ཁྱུང་དགོན་ཡང་མ་བཏབ་ཡར་སྔོན་དུ་ཡོད་པའི་དགོན་རྙིང་གྲགས་ཅན་ཡིན་ཞེས་ཟེར་བའི་ཡོངས་གྲགས་ཀྱི་ངག་རྒྱུན་དང་གནའ་རྫས་རྣམས་གུང་བསྒྲིགས་ན་ད་ལྟ་དགོན་པའི་མིང་ཡང་བག་ལ་ཞ་བའི་གསང་སྒྲོགས་ཀྱི་མ་དགོན་རི་ཁྲོད་དེ་ནི་དུས་རབས་བཅུ་གསུམ་པའི་སྟོད་ཙམ་ལ་གནས་འདིར་གཞི་ཆགས་པ་གསལ་བོར་རྟོགས་ཐུབ་པས་ཐེ་ཚོམ་གྱི་ངལ་བ་བྱེད་མ་དགོས་སོ།། གཉིས་པ། སྐྱེས་ཆེན་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་བསྟན་པའི་བྱ་བ་མཛད་ཚུལ་ལ། གནས་ཁྱད་པར་ཅན་དེར་སྔོན་བྱོན་སྐྱེས་ཆེན་དམ་པ་གནས་གྱིས་ས་གབ་པ་ལྟ་བུ་མང་པོས་སྔ་ཕྱིར་ཞབས་ཀྱིས་བཅགས་ནས། བསྟན་པའི་བྱ་བ་མཛད་ཚུལ་ལ་ཡང་། ཞོ་འོང་ཕུན་ཚོགས་དར་རྒྱས་རྒྱ་མཚོའམ་ཚངས་སྲས་བཞད་པའི་ལང་ཚོར་འབོད་པ་མཆོག་གིས་མཛད་པའི་གནས་བསྟོད་གཡས་འཁྱིལ་དུང་གི་སྒྲ་དབྱངས་ལས།དེ་ལྟར་ཡ་མཚན་ཉམས་དགའི་གདན་ས་འདིར།། སངས་རྒྱས་དངོས་འདྲའི་ཐེག་ཆེན་དགེ་བའི་བཤེས།། ནམ་མཁའི་ཉི་ཟླ་ལྟ་བུ་མང་བྱོན་ཏེ།། བྱིན་གྱིས་རླབས་པའི་འོད་སྣང་ཉམས་པ་མེད།།ཁྱད་པར་འཇམ་མགོན་བླ་མ་ཙོང་ཁ་པའི།། རིགས་ཀྱི་བདག་པོ་ཨརྠརཏྣ་ཡིས།། ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་པ་དང་།། ལྷུང་བཟེད་རྟེན་སྐལ་སྩལ་བའི་ངོ་མཚར་མང་།། རྒྱ་བོད་མཁས་མང་སྐྱེས་རབས་ཕྲེང་འཛིན་པ།། སྒྲུབ་བསྟན་མངའ་བདག་ཆེ་བ་རིན་པོ་ཆེ།། གནས་འདིར་བྱོན་ཏེ་ཆོས་སྲིད་གང་ཐད་ནས།། འཛིན་སྐྱོང་སྤེལ་གསུམ་བཀའ་དྲིན་བསམ་མི་ཁྱབ།། དུང་སྣ་བ་དང་བེེ་ེཙ་རིན་ཆེན་སོགས།། གྲུབ་ཆེན་དུ་མ་གནས་འདིར་ཡང་ཡང་བྱོན།། མཁས་གྲུབ་གཉིས་འཛོམས་གཉན་ཐོག་རབ་འབྱམས་པ།། གཡེར་གཤོང་སྔགས་རམས་པ་ལ་སོགས་པ་བྱོན།། རྭ་ལོ་གཉིས་པ་འཇིགས་མེད་བསམ་གཏན་དང་།། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ལ་སོགས་པས།། རིམ་བཞིན་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར།། རྒྱལ་བའི་ཡོངས་འཛིན་ཞྭ་དམར་པནྟི་ཏ།། གཡེར་གཤོང་དགེ་འདུན་ཟླ་བ་གྲགས་པ་སོགས།། གདན་དྲངས་ཆོས་ཀྱི་ཆར་རྒྱུན་མང་དུ་སྤེལ།། ལྗོངས་འདིའི་འགྲོ་བའི་ཡིད་ཀྱི་ཞིང་ས་ལ།། དགེ་བའི་ས་བོན་མྱུ་གུ་མང་དུ་བསྐྲུན།། གསུམ་པ། གསང་སྒྲོག་སྐུ་ཕྲེང་རིམ་བྱོན།། དེ་ནས་གཡེར་གཤོང་དགེ་འདུན་ཟླ་བ་གྲགས་པས་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་༼༡༧༨༤༽ལོར། ཁོང་གི་གཅུང་རེབ་གོང་འཕྲང་ཡར་ནང་བདེ་ཆེན་སྤྲུལ་སྐུ་ངག་དབང་དགེ་འདུན་བཀྲ་ཤིས་པ་དགོན་འདིའི་གནད་སར་བཀོད། མཚན་ཡང་བརྗེས་ནས་གསང་སྒྲོགས་བདེ་ཆེན་སྤྲུལ་སྐུ་ཞེས་པར་གསོལ། དེའི་སྤྲུལ་སྐུ་སྙན་གྲགས་རྒྱ་མཚོ།སྐྱ་རྒྱའི་བར་ཚིགས་ནས་ཡབ་གཟུངས་རྒྱལ་དང་ཡུམ་མཁར་མོ་བྱམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ཆུ་འབྲུག་སྟེ་སྤྱི་ལོ་༡༨༣༢ལོར་སྐུ་འཁྲུངས།དེའི་སྤྲུལ་སྐུ་དགེ་ལེགས་བསྟན་པའི་རྒྱལ་མཚན་ལགས་བློན་ཆེ་སྨེ་ཚང་ནས་རབ་བྱུང་བཅོ་ལྔ་བའི་མེ་འབྲུག་༡༩༡༦ལོར་འཁྲུངས།། དེའི་སྤྲུལ་སྐུ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ལགས་གཅན་ཚ་རྐང་མོ་ནས་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་སྟེ་སྤྱི་ལོ་༡༩༤༠ལོར་སྐུ་འཁྲུངས། ཐར་ཤུལ་རིན་པོ་ཆེ་ལས་རབ་ཏུ་བྱུང་། ཁོང་གིས་གཅན་ཚ་ཐང་ས་ཁུལ་དུ་སློབ་གྲྭ་ཐོག་མ་དང་རང་རྫོང་དུ་བོད་ལུགས་སྨན་ཁང་ཐོག་མར་བཙུགས་ཤིང་། གསང་སྒྲོག་དགོན་དུ་གྲྭ་བཙུན་རྒན་པ་གཉོར་སྐྱོང་ཁང་དང་དེ་མིན་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་འཇམ་དབྱངས་ཚང་གཙོ་བྱས་དགོན་པ་དེ་གར་ལམ་རིམ་ཆེད་སྦྱོང་གི་འཛིན་གྲྭ་བཙུགས་ཏེ་སེར་སྐྱ་ཀུན་གྱིས་སློབ་གཉེར་ལ་འབད་བཞིན་པའི་སྒང་ཡིན། གཞན་ཡང་རྫོང་དེ་གའི་ཁེ་གཉེར་མ་ཡིན་པའི་དམངས་ཁྲོད་རྩ་འཛུགས་ཆེས་ཐོག་མ་སྒྲོན་མེ་སློབ་གསོ་དབུལ་སྐྱོབ་ཚོགས་པ་སོགས་བཙུགས་ཏེ་ནང་བསྟན་དང་རིག་གནས་ཁྱབ་གདལ། སློབ་གསོ་དར་སྤེལ། འཕྲོད་བསྟེན་དང་དབུལ་སྐྱོབ། མ་བུ་བདེ་སྲུང་གཙོས་པའི་བུད་མེད་ཀྱི་བདེ་སྡུག་ལ་བརྩི་འཇོག་དང་མཐོང་ཆེན་བྱེད་པ། ད་དུང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་དུ་མཛད་འཕྲིན་ས་འཛིན་གྱི་གཏོས་དང་མཉམ་པ་ལས་འདིར་ཀུ་ཤའི་རྩེ་མོ་ཙམ་ཞིག་གོ།

[རྩོམ་སྒྲིག] ཀོའུ་བ་དགོན་པ།

༄༅། །གནས་མཆོག་ཀོའུ་བ་དགོན་པའི་ལོ་རྒྱུས་སྙིང་བསྡུས།

༡༽ ཀོའུ་བ་དགོན་པའི་མིང་གི་བྱུང་བ། གནས་མཆོག་ཀོའུ་བ་དགོན་པ་ནི་ཀོའུ་བ་སྐུ་ཕྲེང་དང་པོ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་ཨན་ཆུང་གནམ་རྫོང་གི་སྒོམ་ཆེན་པ་མང་པོ་དང་ཧོར་མོག་ཁག་གི་བླ་དཔོན་དག་གིས་རམ་འདེགས་འོག མཚོ་སྔོན་ཁྲི་ཀ་འོག་མ་སྐར་མ་ཐང་དུ་རབ་བྱུང་དྲུག་པའི་དཀྱིལ༡༣༥༠ཙམ་ལ་གསར་དུ་ཕྱག་བཏབས་པ་ཡིན་ལ། རྗེ་འདི་ཉིད་ཁྲི་ཀ་རྫོང་གི་ཨར་སྐོང་སྡེ་བའི་ཀོའུ་བ་ཟེར་བའི་ཚོ་བར་སྐུ་འཁྲུངས་པས། ཚོ་བའི་མིང་རྗེ་ལ་ཐོགས་ཤིང༌། རྗེ་ཉིད་ཀྱིས་ཕྱག་བཏབས་པའི་དགོན་པ་ལའང་ཀོའུ་བ་དགོན་ཞེས་མིང་ཐོགས་པ་ཡིན། ༢༽ ཀོའུ་བ་དགོན་པའི་བླ་སྤྲུལ་རིམ་བྱོན། ཀོའུ་བ་སྐུ་ཕྲེང་དང་པོ་རྗེ་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་ནི་རབ་བྱུང་དྲུག་པའི་སྟོད་ཙམ་ལ་མདོ་སྨད་ཁྲི་ཀའི་ཨར་སྐོང་དུ་༡༣༠༠ཡས་མས་ལ་སྐུ་འཁྲུངས་ཤིང༌། སྐུ་ཆུང་དུས་ནས་ཡི་གེ་འབྲི་ཀློག་ཐོགས་མེད་དུ་མཁྱེན། ས་སྐྱར་ཕེབས་ཏེ་ས་སྐྱ་པ་ཏཱ་དབོན་གཞོན་ནུ་སེང་གེ་ལས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་མིག་འབྲས་ལྟར་བརྩི་སྲུང་མཛད། ཏཱ་དབོན་གཞོན་ནུ་སེང་གེ་སོགས་བོད་དང་བལ་པོའི་མཁས་གྲུབ་ཆེན་པོ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་པའི་གནས་ལ་གསན་སྦྱོང་མཛད་དེ་མཁས་པའི་སྙན་པ་ཐོབ། འགག་ཟའི་ཡུལ་དུ་ཆུ་མེད་པས་རྗེ་འདིས་རྫུ་འཕྲུལ་གྱི་སྟོབས་གྱིས་གདལ་སྣེ་གྲམ་པའི་ཆུ་ཀླུང་རི་ཐང་མང་པོའི་འོག་ནས་འགག་ཡུལ་དུ་དྲངས་པས་ཀོའུ་བ་རི་འཕུག་པར་གྲགས། མཚན་སྙན་གྲགས་ཆེ་བས་ཧོར་མོག་ཁག་གི་བླ་དཔོན་གཉིས་ཀ་མཛད་རྒྱུའི་རེ་བ་ཞུས་པ་བཞིན་ཞལ་གྱིས་བཞེས། ཀོའུ་བ་དགོན་པ་ཕྱག་བཏབས། དེ་ནས་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་བདུན་ལ་ཕེབས་སྐབས་༡༣༦༤ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང་ཀོའི་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་སློབ་དཔོན་མཛད་དེ་རབ་བྱུང་གི་སྡོམ་པ་ཕུལ། རྗེ་འདི་བས་ཆོས་རྗེ་དོན་གྲུབ་རིན་ཆེན་ཡང་བླ་མར་བསྟེན་ཏེ་སྲས་ཀྱི་ཐུ་བོར་གྱུར། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྱ་ཁྱུང་མཁན་རབས་དང་པོ་མཛད་དེ་སྐུ་འདས་རྗེས་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་གདན་ས་བསྐྱངས་པས་བྱ་ཁྱུང་དགོན་པའི་གདན་རབས་གཉིས་པ་ཡིན། མཐར་ལོ་བའི་བྲག་དཀར་དུ་སྐུ་འཇའ་ལུས་ལ་གྲུབ་པར་གྲགས་པ་ནི། རྗེ་ཀོའི་བ་སྐུ་ཕྲེང་དང་པོའི་རྣམ་ཐར་སྙིང་བསྡུས་ཙམ་དང༌། དེ་ནས་རིམ་པར་ཀོའུ་བ་ཆོས་རྒྱ་མཚོ་དང་འཇམ་དབྱངས་དཔལ་ལྡན། བློ་བཟང་རྒྱལ་མཚན། དགེ་འདུན་ལྷུན་པོ། བློ་བཟང་ཆོས་ལྡན། ངག་དབང་བློ་བཟང་བསྟན་འཛིན། དགེ་འདུན་བསྟན་པ་དར་རྒྱས། བཤད་སྒྲུབ་རྒྱ་མཚོ། ད་ལྟའི་རྗེ་ཀོའུ་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་དགུང་གྲངས་༦༡བཅས་ད་བར་དུ་ཀོའུ་བ་སྐུ་ཕྲེང་བཅོ་བརྒྱད་བྱོན་པ་ལས་གོང་གསལ་མཚན་འཁོད་རྣམས་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཡིན་ལ། རྣམ་ཐར་གསལ་བར་ནི་གངས་ཅན་མཁས་དབང་རྣམས་ཀྱི་རྣམ་ཐར་ལས་ཤེས་པས་བྱའོ།། ༣༽ ཀོའུ་བ་དགོན་པའི་གནས་བབ། དགོན་པ་འདི་ནི་ཐོགས་མར་ཀོའུ་བ་སྐུ་ཕྲེང་དང་པོ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་ཁྲི་ཀ་འོག་མ་སྐར་མ་ཐང་དུ་སྤྱི་ལོ་༡༣༥༠ཡས་མསཙམ་ལ་གསར་དུ་ཕྱག་བཏབས་ཅིང་དེར་གཞིས་ཆགས། རབ་བྱུང་བཅུ་གཉིས་པའི་འགོ་སྟོད་ཙམ་ལ་ཚ་གན་ནོ་མོ་ཧན་ཞབས་དྲུང་དཀར་པོ་དང་ཀོའུ་བ་ནོ་མོ་ཧན་ཆོས་ཀྱི་རྒྱ་མཚོ་གཉིས་མངའ་རིས་ལ་མ་འཆམ་པས། སྟོད་ནས་སོག་དམག་གི་དཔུང་ཆེན་བཏེགས་ཏེ་དགོན་པ་ཐལ་བར་བརླགས་པས་གྲྭ་བཙུན་རྣམས་གནས་མ་ཐུབ་པར་ཡུལ་གྲུ་གང་སར་འཁྱམས། རབ་བྱུང་བཅུ་གཉིས་པའི་སྟོད༡༧༠༠ཙམ་ལ་མཚོ་སྔོན་གཅན་ཚའི་ནུབ་ངོས་ད་ལྟའི་དགོན་གནས་འདིར་གནས་སྤོར་བ་ཡིན་ལ། དགོན་པའི་ས་ཆའི་རྒྱ་ཁྱོན་ལ་མུའུ་ཉིས་སྟོང་བཞི་བརྒྱ་ལྷག་དང་དགོན་པས་མུའུ་དགུ་བཅུ་ལྷག་ཟིན་ཡོད། སྤྱིར་དགོན་པ་འདིར་འདུ་ཁང་དང་ལྷ་ཁང༌། བྱམས་ཁང༌། མགོན་ཁང༌། གསེར་གདུང་ཁང་ལྔ་ཐོག་ཅན། བཀའ་འགྱུར་ཁང༌། དཔེ་མཛོད་ཁང་དང་སྒོ་མང་བླ་བྲང༌། གྲྭ་ཤག་བརྒྱ་ལྷག་དང༌། གྲྭ་བཙུན་སུམ་བརྒྱ་ལྷག་བཅས་བཞུགས་ནའང༌། རིག་གསར་གྱི་རླུང་འཚུབ་དྲག་པོས་ཤུལ་མེད་དུ་བཏངས་ཤིང༌། བླ་མ་དང་གྲྭ་བཙུན་རྣམས་རང་ཡུལ་དུ་བདས། དགོན་ཤུལ་ཞང་སར་བསྒྱུར། ༡༩༨༠ལོར་པན་ཆེན་རིན་པོ་ཆེ་གཅན་ཚར་ཕེབས་སྐབས་དགོན་པ་འདིའི་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་སྟེ་༡༩༨༡ལོར། བཀའ་དྲིན་ཅན་གྱི་གྲྭ་རྒན་རེ་འགའ་ལྷག་ཡོད་པ་ཚོས་སྐྱར་དུ་དགོན་པ་འཛུགས་སྐྲུན་དང་གྲྭ་བཙུན་གསར་བསྡུ་མཛད་དེ་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། དགོན་པའི་གྲྭ་རྒན་གཞོན་དང་དད་ལྡན་མི་མང་གིས་དཀའ་སྤྱད་འབད་བརྩོན་གྱིས། དེང་སྐབས་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་སྔར་བཞིན་དང་ལྷ་ཁང་ཁ་གང་མ་ཉེར་ལྔ་ཅན། སྒར་བའི་ཚོམས་ཆེན་དུ་མཆོད་ཁང་བཀྲ་ཤིས་རྣམ་རྒྱལ་དང༌། མགོན་ཁང༌། གཟིམ་ཆུང་བཅས་དང༌། ནང་རྟེན་གཙོ་བོ་ཀོའི་བ་ཆོས་རྒྱ་མཚོ་དང་དགེ་འདུན་བསྟན་པ་དར་རྒྱས། བཤད་སྒྲུབ་རྒྱ་མཚོ་བཅས་ཀྱི་གདུང་རུས་བྱས་ཏེ་བཞེངས་པའི་སྐུ་གདུང་མཆོད་རྟེན་གསེར་དངུལ་གཡུ་བྱུར་གྱིས་བརྒྱན་པ། པན་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ཤངས་ཁྲག་གིས་བཞེངས་པའི་མགོན་པོ་ཕྱག་དྲུག་པའི་ཞལ་ཐང༌། ཐུབ་དབང་གཙོ་འཁོར་གསུམ་པའི་སྐུ་གཅིག བཀའ་གདམས་མཆོད་རྟེན། སངས་རྒྱས་ཀྱི་ཞབས་རྗེས་སོགས་དང། ལྷ་ས་ནས་བླུས་པའི་བཀའ་འགྱུར་ཚར་གཉིས་དང་བསྟན་འགྱུར་ཚར་གཅིག རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ་སོགས་དང༌། ཚད་མའི་གཞུང་གི་སྐོར་དང་ཁྱད་པར་དུ་ཀོའུ་བ་ཆོས་རྒྱ་མཚོ་དང་ཀོའུ་བ་བཤད་སྒྲུབ་རྒྱ་མཚོའི་གསུང་ཐོར་བུ་སོགས་ཀྱི་ནང་རྟེན་དང༌། གྲྭ་ཤག་དྲུག་བཅུ་རེ་བཞི་ལ་གྲྭ་བ་ཞལ་གྲངས་བརྒྱ་ཙམ་བཞུགས་པ་རྣམས་ནི་ཕམ་བཞི་ཆང་སོགས་དང༌། མཐོང་ཐོས་དོག་གསུམ་གྱིས་མ་གོས་པ། ཕྱོགས་གཞན་ནས་གནས་དབྱུང་བྱས་པ་མ་ཡིན་པ། བསླབ་པ་སློབ་གཉེར་ཁོ་ན་དོན་དུ་གཉེར་མཁན་བྱ་ཉུང་དོན་ཉུང་ཅན་ཤ་སྟག་གོ། ༤༽ དགོན་པའི་བསླབ་པ་སློབ་གཉེར། དགོན་པ་འདི་ཕྱག་འདེབས་མཛད་མཁན་གཞོན་ནུ་བྱང་ཆུབ་འོད་ཟེར་ཞབས་ཀྱིས་ས་སྐྱ་ནས་དཔེ་གཟིགས་མཛད་པས་དགོན་པ་ཡང་ས་སྐྱ་པའི་གྲུབ་མཐར་གཏོགས་ཅིང༌། ཕྱིས་སུ་དགེ་ལུགས་པར་འགྱུར་བ་རེད། དགོན་པ་འདིར་རྒྱུད་པ་གྲྭ་ཚང་དང་ཐོས་བསམ་གླིང༌། སྨན་པ་གྲྭ་ཚང་སོགས་ཡོད་ལ། རྒྱུད་པ་གྲྭ་ཚང་གི་ཕྱག་སྲོལ་ཏེ་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན། ཐིག་རྡུལ་མཚོན། འབུད་བརྡུང་དཀྲོལ་གསུམ་གྱི་ལག་ལེན་རྣམས་མདོ་སྨད་ར་རྒྱ་དགོན་དང་ཁྱད་པར་མི་འདུག ཐོས་བསམ་གླིང་གི་འགྲོ་སྟངས་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་སྲོལ་ལྟར་ཁ་དོག་དཀར་དམར་ནས་བཀའ་རམས་འཛིན་གྲྭ་བར་འཛིན་གྲྭ་བཅུ་གསུམ་ཡོད། ༡༩༢༧ལོར་དགོན་པ་འདིར་མཚན་ཉིད་གསར་དུ་བཙུགས་པ་ནས་གྲྭ་ཚོགས་འཕེལ་རྒྱས་བྱུང་སྟེ་གྲྭ་བཙུན་སུམ་བརྒྱ་སུམ་ཅུ་ཙམ་དུའང་འཕེལ་མྱོང༌། སྤྱིར་དགོན་པ་འདིའི་གྲྭ་རིགས་རེ་འགའ་སྔ་མོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་དཔེ་གཟིགས་མཛད་རྗེས་ཕྱིར་ཡོང་ནས་དགེ་ཕྲུག་སྐྱོང་བའི་ལུགས་སྲོལ་མེད་པ་འདྲ་ནའང༌། ༡༩༢༧ལོར་བཤད་གྲྭ་བཙུགས་པ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཕྱིན་ཏེ་མཁས་པའི་དབང་པོར་གྱུར་བ་དགེ་བཤེས་དར་རྒྱས་དང་བློ་བཟང་དཔལ་འབྱོལ། ངེས་པ་དོན་གྱི་བཤེས་གཉེན་མཚོ་བྱུང་འཇམ་དབྱངས་གྲགས་པ་བཅས་དང༌། ཡང་དར་བསྟན་པའི་སྐབས་སུ་དགེ་བའི་བཤེས་གཉེན་ཆེན་མོ་གཡག་གི་བསྟན་རྒྱས། སྔོ་སྐྱའི་བསྟན་འཛིན་དང་ལེགས་བཤད། དགེ་འདུན་དར་རྒྱས། འཇམ་དབྱངས་བསྟན་འཛིན་བཅས་བྱོན་མྱོང་ལ། ད་ལྟར་བཞུགས་པ་ནི་རྡོ་རིང་བསྟན་རྒྱས་ཆུང་བ་དང་ཀོའུ་བ་བརྩོན་འགྲུས་གཙོ་བྱས་གྲྭ་རྒན་གཞོན་རྣམས་ཀྱིས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དགོན་པ་འདིའི་ཆོས་འཆད་ཉན་ཕྱོགས་ལ་ཉིན་མཚན་དུས་དྲུག་ཏུ་བརྩོན་དང་བརྩོན་མུས་ཡིན་པ་མ་ཟད། བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་དགོན་པ། ལྷག་པར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་ལྷ་རིམས་སྔགས་རིམས་དང་བཅས་པའི་བསླབ་པ་མཐར་སོན་གནང་བའི་དགེ་བའི་བཤེས་གཉེན་རྡོ་རིང་བ་བསྐལ་བཟང་དགེ་འདུན་ཞབས་གཙོ་བྱས་མཐོ་བ་དགེ་བཤེས་ལྷ་རམས་པ་ནས་དམའ་བ་བསྡུས་གྲྭ་ཁ་དོག་དཀར་དམར་བར་དུ་རང་དགོན་འདིའི་གྲྭ་རིགས་གང་མང་ཞིག་གིས་སློབ་གཉེར་བྱེད་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

གཅན་བཟོད་རྒྱམ་པས་སྤྱི་ལོ་2006་ལོའི་ཟླ་4་བའི་ཚེས་16་ཉིན།

[རྩོམ་སྒྲིག] རྨ་མགུར་རྣམ་རྒྱལ་གླིང་།

༄། །དང་པོ། དགོན་པ་ཕྱག་འདེབས་མཛད་པའི་ལོ་རྒྱུས། ལཱ་མོ་ཚ་ཀན་ཧུ་ཐོག་ཐུ་བླ་རབས་ཀྱི་གདན་ས་རྨ་མགུར་རྣམ་རྒྱལ་གླིང་ནི། ད་ལྟའི་གཅན་ཚ་རྫོང་མཁར་ནས་བྱང་ཕྱོགས་སུ་ཁེ་ལོ་མི་ཏྲེར་༥་མཚམས་སུ་ཡོད་ལ། དགོན་པའི་ས་ངོས་རྒྱ་ཁྱོན་ནི་མི་ཏྲེར་གྲུ་བཞི་མ་སུམ་སྟོང་ཡོད། དགོན་འདིའི་མཆོད་གཞིས་གཙོ་བོ་མགུར་སྡེ་བ་དང་། མར་ཁུ་ཐང་། འབར་རྩ། གླེ་ཆེན། ལོ་ཁོག ཡོ་བོ་ཆེ། ཡང་ཆུང་སོགས་གླེ་གསུམ་ཡིན། ལཱ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་ནི། འཁྲུངས་ཡུལ་བོད་དབུས་ཀྱི་ལཱ་མོར་འཁྲུངས། ཚེར་གསེབ་ཏུ་རབ་ཏུ་བྱུང་། འབྲས་སྤུངས་སྒོ་མང་ཆོས་གྲྭར་མཚན་ཉིད་དང་རྒྱུད་སྨད་དུ་སྔགས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། ལཱ་མོ་སྐུ་ཕྲེང་གཉིས་པ་བློ་གྲོས་རྒྱ་མཚོ་(སྤྱི་ལོ་༡༦༡༠-༡༦༥༩)་དགུང་གྲངས་སོ་གཅིག་བཞེས་པ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་(སྤྱི་ལོ་༡༦༤༦)་ལོར་རྨ་ཆུ་འཁྱིལ་ལུགས་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་ཡོད་པའི་ཁུགས་སོ་གཉིས་པའི་མཚམས་ཀྱི་རྨ་ཆུའི་འགྲམ་རྒྱུད་དུ་འདན་མ་ཆོས་རྗེ་འོད་ཟེར་བཀྲ་ཤིས་ཀྱི་རམ་འདེགས་ལ་བརྟེན་ནས་གུར་སྒར་བཏབ་ནས་དགོན་པ་ཆགས་པས་གུར་དགོན་ཐོགས་པ་དང་ཕྱིས་སུ་བརྗོད་བདེའི་དབང་གིས་མགུར་དགོན་དུ་ཟུར་ཆགས་པས་མགུར་དགོན་པའམ་རྨ་མགུར་རྣམ་རྒྱལ་གླིང་ཞེས་སུ་གྲགས་པ་དང་བཤད་གྲྭ་བཙུགས་ཤིང་རིམ་གྱིས་འདན་མ་ཆོས་རྗེ་དང་། ད་ལི་ཆོས་རྗེ། ཀ་རིང་དཔལ་ལྡན་ཆོས་གྲགས། མང་ར་བློ་བཟང་བསྟན་སྐྱོང་། སྒོ་མེ་དཔལ་ལྡན་རྒྱ་མཚོ། བ་ཡན་བློ་གྲོས་ནོར་བུ། ཁ་ཐི་དོན་གྲུབ་བཀྲ་ཤིས། ཁམས་ར་བློ་བཟང་རབ་བརྟན་བཅས་ཀྱིས་འཆད་ཉན་བསྐྱངས། རྨ་མགུར་དགོན་པ་ཆགས་སའི་གནས་འདིར་སྔོན་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་མངའ་བདག་ཁྲི་རལ་བ་ཅན་གྱི་རིང་ལ་བོད་དམག་གི་གུར་སྒར་བཏབ་ནས་གཞི་ཆགས་ཤིང་རྨ་ཆུར་བརྒལ་བའི་རབ་ཁ་ཞིག་ཡོད་ལ། བོད་རྒྱ་སོག་གསུམ་གྱི་མི་ཆེན་དག་རྨ་ཆུའི་ཕར་ཚུར་བགྲོད་སྐབས་གནས་དེར་བཞུགས་འཇགས་གནང་མྱོང་བ་ལོ་རྒྱུས་དེབ་ཐེར་དུ་གསལ་ཞིང་། ས་སྐྱ་པཎ་ཆེན་རབ་བྱུང་བཞི་བའི་ཆུ་ཡོས་(སྤྱི་ལོ་༡༢༤༣)་ལོར་གོ་དན་གྱིས་གདན་དྲངས་པ་ལྟར་ཕེབས་པའི་ལམ་བར་དུ་རྨ་འགྲམ་རྡོ་རྗེ་བྲག་ཏུ་སངས་རྒྱས་གླང་བོའི་རིང་བསྲེལ་ཕོར་བ་གང་ནང་བཞུགས་ཀྱི་འབུམ་ཁང་འཇའ་འོད་མ་བཞེངས་ཤིང་། དེ་ནས་རྨ་མགུར་དུ་ཕེབས་ཏེ་གནས་འདིར་ཇོ་སྐུ་བྱིན་ཅན་ཞིག་བཞེངས་ལ་འདི་ནི་ས་པཎ་གྱིས་ཇོ་སྐུ་བརྒྱ་རྩ་བརྒྱད་བཞེངས་པར་གྲགས་པའི་གྲས་ཀྱི་གཅིག་ཡིན་པས་ན། མགུར་དང་གཤོང་ཤན། ཁྲི་ཀའི་ཇོ་བོ་རྣམ་གསུམ་ཞེས་མདོ་སྨད་ཡུལ་འདིར་མིང་གྲགས་ཆེ་བར་ཟེར་སྐད། མགུར་ནི་ལ་མོ་བདེ་ཆེན་ཆོས་འཁོར་གླིང་གི་མ་དགོན་ཡིན། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱིས་དགོན་པ་འདིར་གནང་བའི་དཔལ་ལྡན་ལྷ་མོའི་ཞལ་ཐང་དེ་ལཱ་མོ་བདེ་ཆེན་དགོན་པར་གདན་དྲངས་ཡོད་ནའང་དེར་མ་བཞུགས་པར་སླར་མགུར་དགོན་པར་འཕུར་ནས་ཕེབས་པས་དགོན་པའི་འདུ་ཁང་གི་ནང་ངོས་སུ་བརྟན་པར་བཞུགས་སུ་གསོལ་ཏེ་སྲུང་མའི་གཙོ་བོར་གྱུར་པ་དང་དེ་ནི་མགུར་གྱི་ཆོས་སྐྱོང་སྲུང་མ་ཞེས་སུ་གྲགས་ཤིང་འཕྲིན་ལས་མྱུར་བར་ཀུན་ལ་མཐུན་སྣང་དུ་གྲུབ་ཡོད། སྐབས་དེར་དགོན་པ་འདིར་གྲྭ་གྲངས་སུམ་བརྒྱར་ཉེ་བ་དང་དགོན་པའི་ནང་རྟེན་གྱི་གཙོ་བོར་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱི་དབུ་ཐོད་དང་། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་ཧོང་ཐའི་ཇིའི་སྐུ་གདུང་མཆོད་རྟེན་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་བཏབ་ཅིང་དེའི་སྒོ་རྒྱན་ནི་གསེར་དངུལ་ལས་གྲུབ་པ་ཞིག་གི་མཐོ་ཚད་ཁྲི་ལྔ་ཙམ་རེ་ཡོད་པ་ལ་སོགས་པའི་རྟེན་བྱིན་ཅན་མང་བོ་བཞུགས། དགོས་དབང་གིས་ཆོག་ཐུ་རྒྱལ་བོའི་གཟུགས་བརྙན་དངུལ་གྱིས་བཟོས་པ་ཞིག་ཡོད་པ་དཀོར་བདག་ཏུ་བཀུར། སྤྱི་ལོ་༡༦༨༢་ལོར་སྐུ་ཕྲེང་གསུམ་པ་ངག་དབང་བསྟན་པའི་རྒྱལ་མཚན་མཆོག་གིས་དའི་ཆིང་ནང་སོས་གཏོང་ཐེབས་ཁུར་ལེན་ལ་བརྟེན་ནས་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་ཕྱག་འདེབས་མཛད། ཕྱིས་སུ་ཁོང་དང་ལཱ་མོ་གྲགས་རྒན་ཚང་རྣམ་གཉིས་ཀྱིས་དགོན་པ་འདིའི་རྩོད་གྲྭ་ལཱ་མོ་བདེ་ཆེན་དུ་སྤར་ཏེ་མགུར་དུ་བདེ་གསང་འཇིགས་གསུམ་སོགས་བཙུགས་ཏེ་སྒྲུབ་གྲྭར་བསྒྱུར། ལཱ་མོ་སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་(སྤྱི་ལོ་༡༧༢༩ ༡༧༩༦)ནི་རྒྱལ་བ་འཇམ་དཔལ་རྒྱ་མཚོས་བསྙེན་རྫོགས་བཞེས་དུས་ཀྱི་ལྷུང་བཟེད་འགྲིམ་པ་པོ་ཡིན་ཞིང་ཁོང་གིས་སྔོན་གྱི་ཇོ་སྐུ་ལ་གཞི་བྱས་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་་རིན་པོ་ཆེ་ཛྷཀྵེམ་ལས་གྲུབ་ཅིང་ནང་རྟེན་ལ་བྱིན་རླབས་རྩ་འགངས་ཆེ་བས་ཕྱུར་བུར་གཏམས་པས་གཟི་འོད་འབར་ཞིང་བདུད་རྩིའི་བཞུར་རྒྱུན་ཕྲོམ་མེར་འབབ་པ་མི་ཚད་གཉིས་ལྷག་ཡོད་པ་ཞིག་བཞེངས་ཤིང་། དེ་ལ་རྣམ་པར་རྒྱལ་བའི་ཁང་བཟང་གིས་བརྒྱན་ཅིང་ཐོག་བརྩེགས་བཞི་བའི་རྩེ་ལ་གསེར་ཟངས་ཀྱི་རྒྱ་ཕིབས་དང་ལྡན་པས་གཟི་འོད་འབར་བ་དང་། མདའ་ཡབ་འོག་མ་གསུམ་ནི་གཡུ་རྩིས་བྱུགས་པ་ལྟ་བུའི་སོ་ཕག་གི་རྒྱན་དང་ལྡན་པས་ལྟ་བས་ཆོག་མི་ཤེས་པའི་རྟེན་དང་བརྟེན་པའི་གཙུག་ལག་ཁང་ཞིག་བསྟན་འགྲོའི་ཉེར་འཚོར་བསྐྲུན་ཡོད། དཔལ་ལྡན་བཀྲ་ཤིས་འཁྱིལ་བའི་ཕྱག་བཞེས་བཞིན་དུ་རྨ་མགུར་རྣམ་རྒྱལ་གླིང་དུ་དུས་འཁོར་གྱི་སྒྲུབ་མཆོད་བཙུགས་ནས་རྒྱུད་སྡེ་བཞིའི་ཆོ་ག་ལག་ལེན་དང་བཅས་པ་ལྡན་ནོ། ། དགོན་འདིར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་། ཀུན་མཁྱེན་རིན་པོ་ཆེ། ལཱ་མོ་སྐུ་ཕྲེང་རིམ་བྱོན། གྲུབ་དབང་འཇིགས་མེད་བསམ་གཏན། ཁ་ཀྱཱ་འཇམ་དབྱངས་དཔལ་ལྡན། དྲུང་ཆེན་གྲགས་པ་དར་རྒྱས། སྐྱབས་རྗེ་ཞཱ་དམར་རྡོ་རྗེ། སྐུ་ཕྱོགས་ཨ་རོལ་རིན་པོ་ཆེ། ར་རྒྱའི་ཤིང་བཟའ་རིན་པོ་ཆེ་སོགས་སྐྱེས་བུ་དམ་པ་མང་པོ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏོ། ། ལ་མོ་སྐུ་ཕྲེང་བདུན་པ་རྗེ་བཙུན་བློ་བཟང་དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་བོ་དགུང་གྲངས་སུམ་ཅུར་བཞེས་པ་རབ་བྱུང་བཅོ་ལྔ་བའི་ཆུ་སྟག་(སྤྱི་ལོ་༡༩༠༢)ལོར་དགོན་པ་འདི་རྨ་ཆུའི་ཁར་ཤིན་ཏུ་ཉེ་བས་ཆུ་དགྲ་ཅུང་ཆེ་བ་ལ་ར་ཆེན་གཉིས་པར་གྲགས་པ་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེར་ཆུ་ཟློག་འཁོར་ལོ་ཞུས་པ་བཞིན་ཁོང་ཉིད་ཀྱིས་འཁོར་ལོ་བཞག་ཀྱང་ལོ་ཤས་ལ་ཕར་ཅུང་ཟད་ལོག་ཙམ་ལས་ཕན་སྐྱེད་ཆེར་མ་བྱུང་བར་གཟིམ་ཁང་གི་ར་སྐོར་འོག་མ་ཕལ་ཆེར་ཟགས་ནས་སོང་བའི་ཚོད་ཡིན་པས། འགྲོ་མགོན་ཞྭ་དམར་རིན་པོ་ཆེར་བརྟག་ཞུ་བགྱིས་པར་ཁྱུང་ཁྲ་དུང་ཕྱུར་གཅིག་བཏོན་ནས་དགོན་གནས་སྤོས་ན་ལེགས་ཚུལ་དང་དེ་མཐུན་ཁྲི་ཀའི་སྒོ་མང་རིན་པོ་ཆེར་ཞུས་པ་ལ་ཡང་གནས་གཞི་སྤོས་ན་ལེགས་ཚུལ་བབས་པར། ད་ལྟའི་གཞི་འདི་ལ་བརྟག་པ་མཐུན་པར་བྱུང་བས་རྗེ་ཉིད་ཀྱིས་བཀའ་གནང་བ་བཞིན་རི་ཁྲོད་དབང་བོ་ཁ་ཀྱཱ་འཇམ་དབྱངས་དཔལ་ལྡན་གྱིས་དགོན་གནས་དང་ཇོ་ཁང་། འདུ་ཁང་། གཟིམ་སྤྱིལ་སོགས་ཀྱི་གཞི་བརྟག་པ་མཛད་དེ་དགོན་གནས་སྤོ་རྒྱུའི་སྟ་གོན་གནང་སྟེ་རྗེ་ཉིད་མགུར་དུ་ཕེབས་ཏེ་དགོན་པ་གསར་སྐྲུན་ལ་ལྗགས་བཀོད་དང་ཐུགས་བརྩོན་ཆེར་མཛད་དེ། ཐོག་མར་གཟིམ་སྤྱིལ་དང་ཇོ་ཁང་གི་རྒྱ་ཕིབས་མདའ་ཡབ་སོགས་ལ་ཆག་གྲུམ་མི་འབྱུང་བའི་ཆེད་ཚེགས་འཛིན་དང་གཟིགས་རྟོག་གང་དྲག་མཛད། ཇོ་སྐུ་དགོན་གནས་གསར་བར་སྤོ་སྐབས་བདུད་རྩི་བབས་པར་གླེང་། ཐུགས་བརྩོན་ཕན་གྲོགས་རྒྱ་ཆེར་མཛད་པས་འདུ་ཁང་གསུམ་དང་ཇོ་ཁང་གཟིམ་སྤྱིལ་གྲྭ་ཤག་རྣམས་དང་བཅས་པ་ཤིང་སྦྲུལ་ལོའི་(སྤྱི་ལོ་༡༩༠༥)བར་ལོ་བཞིའི་རིང་ལ་ཚོན་རིས་མ་གཏོགས་ཕལ་ཆེར་རྫོགས་པར་གྲུབ། ཇོ་ཁང་དང་གཟིམ་སྤྱིལ་གྱི་འགྲོ་སྒོ་མཐའ་དག་སྐུ་ཉིད་ཀྱི་ཕྱག་རྫས་གཅིག་བུས་བསྒྲུབས། མགོན་ཆོས་དང་ལྷ་མོ། ཞལ་རྣམ་སྲས་སོགས་ཀྱི་དུས་གཏོར་ཚུགས་ཤིང་མཆོད་སྦྱིན་ཐེབས་ཀྱང་སྦྱོར་འཇགས་མཛད། ཇོ་ཁང་ཚོམས་ཆེན་སོགས་ཀྱི་རྒྱུན་མཆོད་ཐེབས་སུ་མར་རྒྱ་མ་སུམ་སྟོང་ཉིས་བརྒྱ་འཇོག་པ་གནང་། རྗེ་རིན་པོ་ཆེའི་སྟོང་མཆོད་ཅིག་ཀྱང་གསར་འཛུགས་གནང་། སྤྱི་ལོ་༡༩༠༨་ལོར་ཇོ་ཁང་གི་ཚོན་རིས་སོགས་གཞི་ནས་ལེགས་པར་གྲུབ་ཟིན་པས། བཞི་བའི་བཅུ་གསུམ་ནས་ཉིན་གསུམ་གྱི་རིང་ལ་རབ་གནས་ཆེན་མོའི་ཆོག་ཐོག་གསར་འཛུགས་དང་དཀྱུས་གཅིག་པར་རྟེན་དང་བརྟེན་པ་བཅས་པ་ཐམས་ཅད་ལ་རྗེ་ཉིད་ནས་རྡོ་རྗེ་སློབ་དཔོན་མཛད་དེ་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་སྤྱན་དབྱེའི་ཆོ་ག་ཞི་རྒྱས་ཀྱི་སྦྱིན་སྲེག་དང་བཅས་པས་བྱིན་རླབས་ཀྱི་གཏེར་ཆེན་པོར་བསྒྲུབས་ཤིང་འདི་ནས་ལོ་ཤས་ལ་རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་རྗེ་ཉིད་ནས་མཛད། སྔར་རྒྱ་ནང་ནས་གསར་དུ་བསྒྲུབས་པའི་མཆོད་རྫས་རྣམས་ཀྱང་སྦྱོར་འཇགས་མཛད་པ་དང་། འདུ་ཁང་ཆེན་མོའི་སྟེང་དུ་གསེར་གྱི་རྒྱལ་མཚན་དང་། ཇོ་བོ་རིན་པོ་ཆེར་དངུལ་ལས་གྲུབ་པའི་ཐུགས་རྒྱན་བཟོ་བཀོད་དང་ཕྲ་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་བྱས། གཞན་ཡང་གོས་ཆེན་སྣ་ཚོགས་ཀྱི་རྟེན་ཁེབས་ཉེར་ལྔ་རེ་དང་། རྒྱན་གོས་སྣ་མང་ལས་གྲུབ་པའི་ཡོལ་གུར་དང་གསེར་ཏོག ནོར་བུ་འབར་བ། གསེར་གྱི་ཡིག་ཐུར། མིག་སྨན་གྱི་སྣོད། དུང་ཆོས་གཟུངས་རྡོར་ལ་སོགས་གང་དགོས་ཀྱི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་གསར་དུ་བསྒྲུབས་ཏེ་སྦྱོར་འཇགས་མཛད། ས་སྤྲེལ་ལོ་དེར་མགུར་དུ་འདུ་ཁང་གསར་སྐྲུན་ནང་དུ་སྐྱབས་འགྲོའི་ཚོགས་ཞིང་གི་གྱན་ཐང་ཁྱད་འཕགས་ཤིག་དང་གྱན་ཐང་གཞན་རྣམས་ཀྱང་གྲྭ་ཤག་སོ་སོ་ནས་བཞེངས་དགོས་པའི་བཀའ་ཕབ་ཅིང་། ཕྱི་ནང་དུ་ཚོན་རྩི་གང་དགོས་ལ་གསེར་ཚོན་གྱིས་བསྒྲུབས་ཤིང་ཀུན་དགའ་མཐོང་སྨོན་དུ་གྲགས་པའི་ལྷ་ཁང་དང་གཟིམ་སྤྱིལ་དུའང་ཀུན་དགའ་ར་བ་ཐམས་ཅད་ལ་ཤེལ་སྒོ་དང་། གསེར་འགྱུར་ཚོན་རྩི་ལེགས་པར་སྤྲས་པའི་ནང་དུ་སྔར་གྱི་རྟེན་རྙིང་རྣམས་དང་གསར་དུ་བཞག་པའི་རྒྱ་གར་གྱི་ལི་མ་སུམ་བརྒྱ་ལྷག་ཙམ་བཞུགས་པ་སོགས་ཁྱད་མཚར་ཤིན་ཏུ་ཆེ། བྱམས་སྐུ་ཆེན་མོ་གཙོ་བོར་བཞུགས་པའི་ཚོམས་ཆེན་སྟེང་དུ་མགོན་ཁང་དང་བཙན་ཁང་བཅས་ཡོད་པའི་གཟིམ་སྤྱིལ་བཤད་སྒྲུབ་པད་མོ་བཞད་པའི་དགའ་ཚལ་དུ་གསེར་ཟངས་ལས་གྲུབ་པའི་ཇོ་སྐུ་མི་ཚད་སོགས་གསར་སྐྲུན་མཛད། སྤྱི་ལོ་༡༩༥༨་ལོའི་སྔོན་དུ་མགུར་དགོན་འདིར་ལྷ་ཁང་དང་འདུ་ཁང་ཆེ་ཆུང་བདུན། ནང་ཆེན་གསུམ། གྲྭ་ཤག་ཞེ་གསུམ་དང་གྲྭ་བ་བརྒྱ་དང་བདུན་ཅུ། སྤྲུལ་སྐུ་གཅིག་བཅས་བཞུགས། དེའང་སྤྱི་ལོ་༡༩༥༨་ལོའི་རྗེས་སུ་མགུར་དགོན་པའི་འདུ་ཁང་དང་ཇོ་ཁང་གཉིས་ནི་མགུར་སྡེ་བའི་མང་ཚོགས་ཀྱིས་འབྲུ་མཛོད་ཁང་དུ་བྱས་ཏེ་ད་ལྟའི་བར་དུ་ལྷག་ལུས་སུ་གྱུར་བ་དང་གཞན་དགོན་པའི་རྟེན་དང་བརྟེན་པའི་བཀོད་པ་མཐའ་ཡས་པ་དག་རྩ་གཏོར་དང་བཅོམ་བརླག་ཏུ་བཏང་སྟེ་ལྷག་མ་མེད་པར་གྱུར་པའོ། ། རྒྱལ་ཁབ་ཀྱི་གུ་ཡངས་སྲིད་ཇུས་སླར་གསོ་བྱུང་བ་དང་བསྟུན་ནས་རྨ་མགུར་རྣམ་རྒྱལ་གླིང་གི་ཆོས་སྡེ་འདི་ཡང་ལཱ་མོ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པའི་རྒྱ་མཚོའི་བཀའ་བཀོད་ལྟར་མགུར་སྡེ་བའི་དད་ལྡན་མང་ཚོགས་ཀྱིས་ཇོ་ཁང་ཆེན་མོ་དང་འདུ་ཁང་གཉིས་བསྐྱར་བཅོས་དང་ཉམས་གསོ་མཛད་ཅིང་། ཀུན་གཟིགས་སྣང་བ་མཐའ་ཡས་པན་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་རྨ་ལྷོ་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་སུ་མགུར་དགོན་འདིར་ཁོང་གི་ཡབ་ཡུམ་གཉིས་དང་ཡོངས་འཛིན་རིན་པོ་ཆེ་ལ་སོགས་སྐུ་འཁོར་དང་བཅས་པ་ཆེད་དུ་ཕེབས་ཏེ་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་སོར་བཀོད་པ་དང་སེར་སྐྱ་དད་ལྡན་བགྲང་གིས་མི་ལངས་པ་ལ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་དགོས་པའི་ཟབ་ཆོས་ཀྱི་བཀའ་སློབ་ནན་ཏན་གནང་། སྤྱི་ལོ་༡༩༨༠་ལོར་མགུར་དགོན་འདིར་གཅན་ཚ་རྫོང་གི་དགོན་སྡེ་ཁག་གི་སྐུ་ཚབ་དང་དད་ལྡན་མང་ཚོགས་རྣམས་མཉམ་འཛོམས་གནང་ནས་ཡང་བསྐྱར་ཆོས་སྒོ་ལེགས་པར་ཕྱེས་ཏེ་དགོན་པའི་ཇོ་ཁང་ཆེན་མོ་དང་འདུ་ཁང་། སྒེར་གཞུང་སོགས་ཀྱི་རྟེན་དང་བརྟེན་པའི་གཟི་བྱིན་གྱི་དྲི་བསུང་ཕྱོགས་བཅུར་རྒྱས་པས་རྣམ་པར་མཛེས་པའོ། (རྨ་མགུར་སངས་རྒྱམ་གྱིས་ནང་འཇུག་བྱས།)

[རྩོམ་སྒྲིག] རྔ་བ་དགོན།

[རྩོམ་སྒྲིག] གྱེར་སྟེང་དགོན་པ།

[རྩོམ་སྒྲིག] སྐ་ཕུག་རྫོང་ནང་དགོན་པ།

[རྩོམ་སྒྲིག] གནམ་རྫོང་མ་ནང་དགོན་པ།

[རྩོམ་སྒྲིག] གནམ་རྫོང་ཇོ་མོ་དགོན་པ།

གནམ་རྫོང་བཙུན་མ་དགོན་བསམ་གཏན་འཕེལ་རྒྱས་གླིང་ནི། གནའ་རབས་ཀྱི་ངག་རྒྱུན་དུ། རབ་བྱུང་བཅུ་གཉིས་པའི་དཀྱིལ་སྟོད་ཙམ་ཞིག་ལ། ཁམས་རའི་རྫོང་ཆེན་བཅོ་བརྒྱད་ཀྱི་ཡ་ གྱལ་ཇོ་མོ་རྫོང་གི་སྒྲུབ་ཁང་ན་བཙུན་མ་ཡེ་ཤེས་སྒྲོན་མ་དཔོན་སློབ་གཉིས་ཀྱིས་ཡུན་རིང་སྒྲུབ་པ་བྱས་ནས་མཐར་རགས་སྐུའི་ཟ་མ་ཏོག་མ་སྤངས་བཞིན་དུ་མཁའ་སྤྱོད་དུ་གཤེགས་པར་གྲགས། དུས་ཕྱིས་སུ་རྔ་རྫོང་ནས་བཙུན་མ་དགོན་དར་བ་ཡིན་མོད། གནས་དེའི་ས་བཀྲ་མི་ལེགས་པར་གླེང་ནས་གནམ་རྫོང་གསང་སྔགས་བསྟན་རྒྱས་གླིང་གི་གཤམ་དུ་གནས་སྤོ་བྱས་ཡོང་བ་ཡིན། དེའི་དུས་སུ་བཙུན་མ་རྣམས་རང་ངོས་ནས་འདུ་ཁང་མེད་སྟབས། ཚོགས་པ་ཁམས་རའི་སྔགས་མང་གཞུང་གི་འདུ་ཁང་ཆུང་བར་འཚོགས་དགོས་པས། བཙུན་མ་རྣམས་ཀྱིས་དགུ་རོང་སྣ་ཚོགས་རང་གྲོལ་ཚང་ལ་དགོན་གཞི་གསར་བ་ཞིག་གི་གནས་ཡུལ་གཟུགས་པར་ཞུས་པས། ཁོང་གིས་བོད་རབ་བྱུང་བཅོ་ལྔ་བའི་རབ་མྱོས་ཞེས་པ་སྤྱི་ལོ༡༨༧༠ལོར་མཆོད་རྟེན་ཐང་བྱིབ་སའི་ཆགས་དབྱིབས་རྨ་བྱ་ཕྱིར་འཁོར་གྱིས་སྒྲོ་གདུགས་ཕུབ་པ་ལྟ་བུའི་དབུས་སུ་གནམ་རྫོང་བཙུན་མ་དགོན་བསམ་གཏན་འཕེལ་རྒྱས་གླིང་ཕྱག་འདེབས་མཛད་ཅིང་། དགོན་པའི་མཐར་འབུམ་ཁང་བརྒྱད་བཞེངས་ཏེ། བཙུན་མ་བརྒྱ་ཁ་འདུ་ཞིང་བཙུན་མའི་བསྟན་པ་རྒྱས་པ་ཡིན་ཞེས་ཞལ་གཡང་ལུང་བསྟན་གནང་ཞིང་། དམ་ཆོས་བདུད་རྩི་མངར་མོས་ཡུན་རིང་བསྐྱངས་པས་ཐུགས་མཐུན་ཁྲིམས་གཙང་གི་སྒྲུབ་དགོན་ཁྱད་པར་བ་ཞིག་ཏུ་གྱུར། སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་སྤྱི་ལོ༡༨༩༩ལོར་དགུ་སྤྲུལ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་འདུ་ཁང་གྱོ་ཐོག་གིས་བརྒྱན་ཏེ་བསྐྱར་བཞེངས་གནང་། ནང་རྟེན་དུ་སློབ་དཔོན་གཙོ་འཁོར་གསུམ་དང་། རྟ་ཕག་ཡིད་བཞིན་ནོར་བུ། འཇིགས་བྲལ་ཆོས་དབྱིངས་རྡོ་རྗེའི་འདྲ་སྐུ་བཅས་པ་ནང་རྟེན་གྱི་གཙོ་བོ་ཡིན་ལ། གཞན་བྲིས་འབུར་གྱི་སྐུ་བརྙན་སྣ་ཚོགས་དང་གྱན་ཐང་ཡང་མང་པོ་བཞུགས། གསུང་གི་རྟེན་ལ་ཡུམ་འབུམ་པ་སོགས་གླེགས་བམ་དུ་མ་དང་། ཐུགས་ཀྱི་རྟེན་ལ་མཆོད་རྟེན་ཆ་བརྒྱད་སོགས་བཞུགས། མཆོད་ཆའི་རིགས་ལ། མཁར་རྔ། དུང་། རྒྱ་གླིང་། ཙེན། སྦུབ་ཆ་སོགས་མཆོད་ཆས་དུ་མ་དང་། མཆོད་ཕྲེང་བཅུ་དྲུག་གཙགས་དྲུབ་མ་སོགས་མཆོད་རྫས་མང་པོ་བཞུགས་ཡོད་པ་དང་། འདུ་ཁང་གི་མཐར་མ་ཎི་འཁོར་ལོ་མང་བོས་བསྐོར་བ་སོགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས། བཙུན་མ་དྲུག་ཅུ་ཙམ་འཕེལ། དེའི་དུས་དགུ་སྤྲུལ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་དགུ་སྤྲུལ་བཅའ་ཡིག་ཅེས་པ་གསར་རྩོམ་གནང་སྟེ། ཆོས་ཐོག་སྒྲིག་ལམ་སོགས་སྔར་ལས་འཐུས་ཚང་དུ་བཏང་ཞིང་། སྔ་འགྱུར་རྙིང་མ་བའི་ཆོས་རྒྱུན་རྒྱ་ཆེར་སྤེལ་ཏེ་ལུགས་གཉིས་ཀྱིས་འཛིན་སྐྱོང་བླ་མེད་གནང་། གཞན་ཡང་དགོན་འདིར་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་དང་། རྫོགས་ཆེན་མ་རིག་མུན་སེལ་སོགས་མདོ་དབུས་ཁམས་གསུམ་གྱི་སྐྱེས་བུ་མང་པོ་བྱོན་ནས་སྔ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་མང་དུ་སྤེལ་བས། མདོ་སྨད་ཕྱོགས་ནས་སྔ་འགྱུར་རྙིང་མ་བའི་བཙུན་མའི་སྒྲུབ་དགོན་མིང་གྲགས་ཅན་ཞིག་ཏུ་གྱུར། རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་སྤྱི་ལོ༡༩༥༨ལོར་རྒྱལ་བསྟན་ཟླ་གཞོན་གྱི་ལང་ཚོ་གནམ་སྟོང་མལ་དུ་གཟིམ་པའི་སྐབས། མི་བསྲུན་བརླང་སྤྱོད་ལ་གོམས་པའི་མ་རུང་སྐྱེས་བོའི་ཚོགས་ཀྱིས་སྐུ་གསུང་ཐུགས་གསུམ་གྱི་རྟེན་སྣ་མང་བོ་བརླག་ཉེས་དང་འདུ་ཁང་ལ་སོགས་གཏོར་བཤིག་བཏང་ནས་དགོན་པའི་ཤུལ་ཙམ་ལས་མི་སྣང་བར་བྱས་ནས་བགྲང་བྱ་ཉི་ཤུ་ལྷག་འདས། དེ་ནས་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་སླར་ཡང་མངོན་པ་དང་བསྲུན་ནས་དོན་འགྲུབ་ཅེས་པ་ས་མོ་ལུག་གི་སྤྱི་ལོ༡༩༧༩ལོར། རྫོང་ནང་ཞབས་དྲུང་བསྟན་པ་རྒྱ་མཚོ་རིན་པོ་ཆེ་དང་དགུ་རོང་རྒྱལ་སྲས་རྣམ་གཉིས་ཀྱིས་ཕྱག་རྫས་མང་དུ་བསྩལ་བ་གཞིར་བྱས། སྤྲུལ་སྐུ་གྲོལ་ལོས་ཐུགས་བཀོད་གནང་སྟེ་ཨ་ནེ་བྱམས་པ་དབང་མོ། བསམ་གཏན་དབང་མོ། ཆོས་སྒྲོན། བདེ་སྒྲོན། ཨ་ནེ་རིག་འཛིན། ལྷ་ལྕམ་སོགས་ཀྱིས་མཚོན་བཙུན་མ་ཡོངས་དང་། ཁམས་ར་གླེ་ལྔའི་རྒྱབ་སྐྱོར་ལ་བརྟེན་ནས་ཡང་བསྐྱར་འདུ་ཁང་ཆེན་མོའི་ཕྱིའི་བཀོད་པ་ཡོངས་སུ་གྲུབ། ནང་གི་སྐུའི་རྟེན་ལ་སློབ་དཔོན་རིན་པོ་ཆེ་གཙོ་སྐུ་བྱས་ཏེ་གཡས་སུ་འཇམ་པའི་དབྱངས། གཡོན་དུ་རྗེ་བཙུན་སྒྲོལ་མ། གཡས་ཀྱི་ལོགས་ངོས་སུ་གནས་བརྟན་བཅུ་དྲུག་གི་གྱན་ཐང་དང་། འོད་དཔག་མེད་ཀྱི་ཞིང་ཐང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་གྱན་ཐང་། གཡོན་གྱི་ལོགས་ངོས་སུ་རྟ་ཕག་ཡིད་བཞིན་ནོར་བུའི་གྱན་ཐང་། ཟངས་མདོག་དཔལ་རིའི་ཞིང་བཀོད། གདུགས་དཀར་བཅས་ཀྱི་གྱན་ཐང་བཞུགས། གཞན་ཡང་རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་དང་། གུ་རུ་མཚན་བརྒྱད། ཕུར་བ། ཞི་ཁྲོ། མཁའ་འགྲོ་བདེ་ཆེན་རྒྱལ་མོ་བཅས་ཀྱི་ཞལ་ཐང་དང་བཤགས་ལྷ་སོ་ལྔ་སོགས་ལྡེབས་བྲིས་མང་པོ་བཞུགས། གསུང་གི་རྟེན་ལ་རྒྱལ་བའི་བཀའ་འགྱུར་ཆེན་མོ་དང་བསྟན་འགྱུར། རྙིང་མའི་རྒྱུད་འབུམ། ཀློང་ཆེན་མཛོད་བདུན་སོགས་གླེགས་བམ་མང་པོ་བཞུགས། ཐུགས་ཀྱི་རྟེན་ལ་དགོན་པའི་བྱང་སྐྱོར་དུ་བྱང་ཆུབ་མཆོད་རྟེན་དང་། ནུབ་ཀྱི་ཕྱོགས་སུ་མཆོད་རྟེན་ཆ་བརྒྱད། འདུ་ཁང་གི་མཐར་མ་ཎི་འཁོར་ལོ་མང་པོ་མུ་ཁྱུད་དུ་བཞུགས་སུ་གསོལ་ལོ། དགོན་འདིར་རྒྱུན་བཞུགས་གནང་བའི་བཙུན་མ་བརྒྱ་དང་བདུན་ཅུ་ལྷག་ཏུ་འཕེལ་ཞིང་ཆོས་ཐོག་འཚོགས་པའི་སྐབས་འདུ་ཁང་གི་ནང་དུ་ཤོང་དཀའ་བས། བོད་རབ་བྱུང་བཅུ་བདུན་པའི་མི་ཟད་ཅེས་པ་མེ་ཕོ་ཁྱིའི་སྤྱི་ལོ༢༠༠༦ལོར། མདོ་སྨད་ཕྱོགས་ཀྱི་སྔ་འགྱུར་རྙིང་མའི་རྒྱལ་བསྟན་གྱི་སྲོག་ཤིང་གཅིག་པུ་ཡུལ་འདིའི་ལུགས་གཉིས་ཀྱི་སྤྱི་བདག་ཆེན་པོ་སྤྲུལ་སྐུ་གྲོལ་ལོ་མཆོག་གི་ཐུགས་བཀོད་དང་། རྒྱུ་དངོས་སྤམ་མཐོ་བ་མང་པོ་དང་ཀར་ཤ་པ་ནེའི་ཚབ་བྱེད་ད་ལྟའི་དམངས་སྒོར་འབུམ་ཕྲག་འགའ་བསྩལ་ནས། ཟུར་བཞི་གླིང་བརྒྱད་ཀྱི་མཚན་མ་མངོན་པར་དོད་པའི་མཐོང་གཻོལ་འདུ་ཁང་ཆེན་མོ་ཡོངས་སུ་ལེགས་འགྲུབ་བྱུང་། ནང་གི་རྟེན་བཞེངས་ཀྱི་རིམ་པ་ནི། སྟེང་ཁང་གི་གཙོ་སྐུ་ལ་སྨན་འདམ་ལས་གྲུབ་པའི་མཉམ་མེད་ཐུབ་པའི་དབང་བོ་དང་། གཡས་སུ་འཇམ་པའི་དབྱངས། གཡོན་དུ་སྤྱན་རས་གཟིགས། གྱན་ཐང་གི་སྐོར་ལ། གཡས་སུ་འཇིགས་མེད་གླིང་བའི་འཁྲུངས་རབས་དང་གནས་བརྟན་བཅུ་དྲུག ལོགས་ངོས་སུ་ཕུར་དྲག་བཅས་བཞུགས། གཡོན་དུ་སྐྱབས་མགོན་ཞབས་དཀར་བའི་འཁྲུངས་རབས་དང་རྟ་ཕག་ཡིད་བཞིན་ནོར་བུ། ལོགས་ངོས་སུ་བཤགས་ལྷ་སོ་ལྔ་བཅས་བཞུགས། འོག་ཁང་གི་གཙོ་སྐུ་ལ་སྨན་འདམ་ལས་གྲུབ་པའི་སློབ་དཔོན་པདྨ་འབྱུང་གནས། གཡས་སུ་མཁན་ཆེན་བོངྷི་ས་ཏྭ་དང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བཞུགས། གཡོན་དུ་སྨན་འདམ་ལས་གྲུབ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་བསྟན་འགྱུར་བཞུགས། གྱན་ཐང་གི་སྐོར་ལ། གཡས་སུ་སྐྱབས་འགྲོའི་ཚོགས་ཞིང་། ལོགས་ངོས་སུ་ཀློང་སྙིང་སྡུག་བསྔལ་རང་གྲོལ། ཕུར་བ་བདུད་དཔུང་ཟིལ་གནོན། དཔལ་ཆེན་ཕྱག་རྒྱ་རྒྱས་པ། རྟ་ཁྱུང་། ཆོས་སྐྱོང་ཆེན་པོ། སྒོ་རྒྱབ་ཀྱི་ནང་ལོགས་སུ་མ་མགོན་སྡེ་ལྔ་བཅས་བཞུགས། གཡོན་དུ་བླ་མ་རིག་འཛིན་འདུས་པ། ལོགས་ངོས་སུ་སྟོན་པའི་མཛད་ཆེན་བཅུ་གཉིས། ཀར་གླིང་ཞི་བ། ཀར་གླིང་ཁྲོ་བོ། རྟ་མགྲིན། སྒྲོལ་མ་ཉེར་གཅིག སྒོ་རྒྱབ་ཀྱི་ནང་ལོགས་སུ་དཔལ་ལྡན་ལྷ་མོ་བཅས་བཞུགས་སུ་གསོལ་ལོ། ལོ་འཁོར་ཧྲིལ་བོ་གཅིག་རིང་གི་ཆོས་ཐོག་གི་རིམ་པ་ནི། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་ལྔ་བར་རིག་འཛིན་ཚེ་སྒྲུབ་དང་། ཚེས་བདུན་ནས་བཅུ་གསུམ་བར་བཤགས་པའི་རྒྱལ་བོ་ཡི་གེ་བརྒྱ་བ་ལ་བརྟེན་ནས་རྡོར་སེམས་ཀྱི་སྦྱིན་སྲེག ཧོར་ཟླ་གསུམ་པའི་ཚེས་ཉེར་གསུམ་ནས་ཉེར་དགུ་བར་བླ་མཆོད་ཆོས་ཐོག ཧོར་ཟླ་བཞི་བའི་ཚེས་གཅིག་ནས་ཚེས་གསུམ་བར་རྟ་ཕག་ཡིད་བཞིན་ནོར་བུའི་ཆོས་ཐོག ཧོར་ཟླ་བཞི་བའི་ཚེས་བཅུ་བཞི་ནས་ཉི་ཤུ་བར་ཞི་ཁྲོའི་ཆོས་ཐོག ཟླ་བཞི་བའི་ཚེས་ཉེར་གཅི་ནས་ཉེར་གསུམ་བར་སྨྱུང་གནས་ཆོས་ཐོག ཟླ་ལྔ་བའི་ཚེས་བཅུ་བཞི་ནས་ཚེས་བཅུ་དྲུག་བར་སྔ་དྲོ་བླ་མཆོད་དང་ཕྱི་དྲོ་ཕུརབ་འདོན། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་རིག་འཛིན་གྱི་ཚོགས་འཁོར་བསྐོར། ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ཡང་གསང་བླ་སྒྲུབ་དང་ཟླ་རེའི་ཡར་ངོ་རིག་འཛིན་གྱི་ཚོགས་དང་མར་ངོ་ལ་མཁའ་འགྲོའི་ཚོགས་མཆོད་དགོས། དེ་ལྟར་ལོ་གཅིག་གི་ཆོས་ཐོག་གང་བཞུགས་ཀྱི་འཚོ་བའི་ཐེབས་སུ་ལོ་རེར་བཙུན་མ་གསུམ་རེས་དད་ལྡན་རྣམས་ལ་ཞལ་འདེབས་བསླངས་ནས་མཐུན་རྐྱེན་སྦྱོར་བའི་སྲོལ་དར་ཡོད། དགུ་རོང་སྐུ་ཕྲེང་སྔ་ཕྱིའི་ཐུགས་བསྐྱེད་དང་གཞན་ནས་ཕེབས་པའི་སྔ་འགྱུར་རྙིང་མ་བའི་བླ་ཆེན་དག་དང་། དགོན་འདིར་ཐོག་མཐའ་བར་གསུམ་དུ་བརྩེ་གཟིགས་ཚད་མེད་གནང་བའི་སྤྲུལ་སྐུ་གྲོལ་ལོ་སོགས་ཀྱི་ཐུགས་རྗེ་ལ་བརྟེན་ནས་དགོན་པ་འདི་ཤིན་ཏུ་དར་ཞིང་རྒྱས་ཏེ། བཙུན་མ་རྣམས་ཀྱི་སྒྲིག་ལམ་ཀུན་སྤྱོད་མཛེས་ཤིང་། འདོན་རྟ་དབྱངས་དང་། རྡུང་རོལ་མོ། ཆོ་གའི་རིམ་པ་ལ་སོགས་པའི་ཕྱག་ལེན་ཧ་ཅང་ཞིབ་རྒྱས་དང་འཐུས་ཚང་ཡིན་པས་དད་ལྡན་དང་བ་འདྲེན་པའི་ཡུལ་དམ་པར་གྱུར། དུས་རྒྱུན་བཙུན་མ་ཡོངས་ཀྱིས་བསགས་སྦྱང་གི་གནད་ལ་བརྩོན་ཞིང་། མདོ་སྔགས་རིག་གནས་སྤྱི་ལ་ཐོས་པ་བྱེད་པ་དང་། སྒོས་སུ་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་བརྩོན་བཞིན་པ་ལགས་སོ། ། བཀྲ་ཤིས།

[རྩོམ་སྒྲིག] མི་སྣ་གྲགས་ཅན།

སྒེར་ཀྱི་ལག་ཆ།

Variants
བྱ་འགུལ།
དཀར་ཆག
ལག་ཆ།
སྐད་རིགས་གཞན།