ཁྲུང་ཆིན་གྲོང་ཁྱེར།

ཡོང་ཁུངས་Wikipedia
ཁྲུང་ཆིན་གྲོང་ཁྱེར་ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

ཁྲུང་ཆིན་གྲོང་ཁྱེར་གྱི་བསྡུས་མིང་ལ་ཡུས༼渝༽ཟེར་ཞིང་། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི༨.༢༣དང་། མི་གྲངས་ཁྲི༣༠༤༢ཡོད། འདུས་སྡོད་བྱེད་པའི་མི་རིགས་ནི་རྒྱ་རིགས་དང་། ཧུའེ་རིགས། མིའོ་རིགས། ཐུའུ་ཅ་རིགས། དབྱིས་རིགས། བོད་རིགས་བཅས་ཡིན། མངའ་ཁོངས་སུ་ས་ཁུལ༡༤དང་། རྫོང་རིམ་པའི་གྲོང་ཁྱེར༤ རྫོང༨ རང་སྐྱོང་རྫོང༤བཅས་ཡོད།

ཁྲུང་ཆིན་གྲོང་ཁྱེར་ནི་རྒྱ་ནག་ལྷོ་ནུབ་ས་ཁུལ་གྱི་དཀྱིས་དབུས་ཏེ་འབྲི་ཆུའི་སྟོད་རྒྱུད་དུ་ཆགས་ཡོད། གནའ་བོའི་དུས་སུ་མིང་ལ་པྰ་ཟེར་བའི་རྒྱབ་ཁབ་ཅིག་ཡིན་ལ། སུའི་རྒྱལ་རབས་དང་ཐང་རྒྱལ་རབས་སྐབས་སུ་ཡུས་ཀྲོའུ་ཞེས་པའི་སྲིད་འཛིན་ལས་ཁུངས་ཆགས་ས་ཡིན། སུང་རྒྱལ་རབས་ཀྱི་སྐབས་ནས་བཟུང་མིང་ལ་ཁྲུང་ཆིན་བཏགས་པ་དང་། ༡༩༩༧ལོའི་ཟླ༣པའི་ཚེས༡༤ཉིན་ཁྲུང་ཆིན་གྲོང་ཁྱེར་ནི་རྒྱ་ནག་གི་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར་བ་ཡིན། མངའ་ཁོངས་སུ་སྔོན་གྱི་ཁྲུང་ཆིན་གྲོང་ཁྱེར་དང་། ལྦན་ཞན་གྲོང་ཁྱེར། ཧྥུ་ལིང་གྲོང་ཁྱེར། ཆན་ཅང་ས་ཁུལ་བཅས་འདུས། ས་དབྱིབས་ནི་རི་སྒང་དང་དེའུ་འབུར་ཡིན་ལ། འབྲི་ཆུ་དང་། ཅ་ལིང་ཅང་གཙང་བོ། ལྦུའུ་ཅང་གཙང་བོ་སོགས་ནི་གྲོང་ཁྱེར་འདིའི་དཀྱིལ་དབུས་བརྒྱུད་དེ་བཞུར་གྱིན་ཡོད།

ཡུལ་སྐོར་བྱེད་ས་གཙོ་བོ་ནི་རི་བོ་ཅིན་ཡུན་ཧྲན་དང་། རི་བོ་ཕི་ཕ་ཧྲན། ཏ་ཙུའུ་རྡོ་བརྐོས། ཆུས་ཐང་འགག ལྦུའུ་འགག ཐའུ་ཧྲན་ཏྭ་ཡའུ་གནའ་ཤུལ། ཏ་ཉིང་ཆུ་བོའི་འགག་ཆུང་གསུམ་སོགས་ཡིན།