ཀ་གཞུང་བྲིས་ཀྱི་ཕ་ས་

ཡོང་ཁུངས་Wikipedia

ཀ་གཞུང་བྲིས་ཀྱི་ཕ་ས་ ཀ་གཞུང་བྲིས་ཀྱི་ཕ་ས་ཞེས་པའི་དོན་ནི་ཐོག་མར་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་དུས་སུ་སྔོན་གྱི་ཁྱུང་པོ་གཡུ་ཁྲིའི་ཡིག་གཟུགས་ལ་འགྱུར་བ་བཏང་ཤིང་། མཛེས་ཉམས་གཏོད་པ་ལ་བཀའ་བརྒྱུད་སྒར་བྲིས་སམ་ཀརྨ་སྒར་བྲིས་བྱུང་ནས་དར་ཁྱབ་བྱུང་བ་དང་། ཕྱིས་སུ་སྡེ་དགེའི་རྒྱལ་པོས་བཀའ་འགྱུར་གསར་བཞེངས་སྐབས་མདོ་དབུས་ཁམས་གསུམ་ལས་བྲིས་མཁན་མང་པོ་བསྡུས་ཤིང་། ལེགས་ཆ་ཕྱོགས་བསྡུས་བྱས་པ་ལ་སྡེ་བྲིས་སམ་སྡེབ་བྲིས་སོགས་ཟེར། དོན་དུ་དེ་དག་ནི་བཀའ་བརྒྱུད་སྒར་བྲིས་སོགས་ཁུང་ལྡན་ཡིག་གཟུགས་དུ་མ་ལས་ལེགས་ཆ་བསྡུས་པ་ཞིག་ཡིན་འདུག།

    དེ་རྗེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་ཁོང་གི་སློབ་མ་ཀརྨ་ཚེ་དཔལ་སོགས་ཀྱི་བྲིས་རྒྱུན་ལ་སྒར་གསར་དུ་གྲགས་ཤིང་།  དེ་ནས་ཀོང་སྤྲུལ་གྱི་སློབ་མ་ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོ་ནས་རིམ་བཞིན་ནང་ཆེན་འབྲོང་པ་ཀ་གཞུང་དུ་དར་ཞིང་རྒྱས་པའི་བྲིས་རྒྱུན་ནི་སྒར་གསར་གྱི་བྲིས་རྒྱུན་ངོ་མ་ཡིན།   བྲིིས་རྒྱུན་འདི་ནི་ཁམས་སྟོད་ནང་ཆེན་ཀ་གཞུང་ཡུལ་གྱི་ཐུན་མིན་ཁྱད་ཆོས་ཞིག་ཡིན་པར་མ་ཟད།     ཡིག་གཟུགས་འདིར་འབྲི་སླ་བ་དང་།  འདོན་བདེ་བ།  གཟུགས་མཛེས་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་རེད། 

ལྷག་པར་དུ་ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོའི་སྲས་པདྨ་འགྱུར་མེད་དང་། གུང་པ་དགེ་གྲགས། གོང་མ་བྱང་ཆུབ། ཧོར་དགའ་རྡོར་སོགས་ལས་རིམ་པར་ཡིག་གཟུགས་དེ་ཉིད་དར་ཁྱབ་ཆེན་པོ་བྱུང་ཞིང་། གུང་པ་དགེ་གྲགས་དང་། གུང་པ་བྱང་ཆུབ་སོགས་ཀྱི་བྲིས་རྒྱུན་ ཁྱད་ལྡན་དུ་མ་བྱུང་བ་དང་། པད་འགྱུར་གྱི་བྲིས་རྒྱུན་ལ་ནང་བྲིས་ནོར་བ་མ་བྱུང་། ལྷག་པར་དུ་སྨྱུག་འཛིན་དབང་པོ་གུང་པ་དགེ་གྲགས་དང་། པད་འགྱུར་སོགས་ཀྱི་སློབ་མ་ཁ་སང་དེ་རིང་རྒྱལ་སྤྱིའི་སྒང་ན་སྙན་གྲགས་འབར་བའི་ཡིག་གཟུགས་སྒྱུ་རྩལ་པ་གྲགས་ཅན་འབྲུག་པ་མི་ཕམ་རྣམ་རྒྱལ་སྟེ་ཡིག་གཟུགས་སྒྱུ་རྩལ་སྣ་ཚོགས་ལ་རང་དབང་འབྱོར་བའི་སྨྱུག་འཛིན་དམ་པ་ཁོང་དང་། མདོ་དབུས་ཁམས་གསུམ་ནས་ཡིག་གཟུགས་ཐད་གཟེངས་རྟགས་གང་མང་བཞེས་མྱོང་བའི་ཡིག་གཟུགས་རྒྱུད་འཛིན་མཁས་མཆོག་མང་པོ་བྱུང་དང་འབྱུང་བཞིན་པ་སོགས་ཀྱིས་ཀ་གཞུང་ནི་བྲིས་ཀྱི་ཕ་སའམ། ཡིག་གཟུགས་སྒྱུ་རྩལ་གྱི་ལྟེ་གནས་ལྟ་བུར་གྱུར་ཡོད་པའི་ཕྱིར་ན་དེ་ལྟར་དུ་གྲགས་ཤིང་དེང་སང་དམིགས་གསལ་ས་གནས་དེའི་ཁྱད་ཆོས་ལྡན་པའི་བྲིས་གཟུགས་དེ་ལ་སྒར་གསར་རམ་ནང་བྲིས་ནོར་བུ་མའམ་ཀ་བྲིས་སོགས་འབོད་པ་རེད།